ངེས་དོན་མཐར་ཕྱིན་དང་འཐབ་མོ་བ་ཚོས་གྲུབ་པའི་རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག་གིས་ཏང་གི་སྲིད་ཇུས་བཟང་བོ་རྩྭ་ཐང་གི་གཏིང་ཟབ་ས་རུ་སྐྱེལ་བཞིན་ཡོད།
“ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་དོན་དངོས་སུ་ཇི་ལྟར་བསྒྱུར་བཅོས་བྱེད་དགོས་སམ། ”
“ཞིང་སྡེ་དར་སྤེལ་དུ་གཏོང་དགོས་ན་ཅི་ལྟར་འགྲེལ་བཤད་བྱེད་དགོས་སམ།”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་རྗེས་སུ་ངེས་དོན་མཐར་ཕྱིན་གྱིས་བསམ་བློ་གཏོང་འགོ་བརྩམས་བྱུང་། “སྙན་ཞུའི་ནང་དུ་གླེང་ཡོད་པའི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་དོན་དག་གིས་ཇི་ལྟར་བྱས་ན་ད་གཟོད་ཡུལ་མི་ཚོའི་སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་བཟང་བོ་འདི་དག་ལ་རྒྱུས་ལོན་བྱེད་ཐུབ་བམ། ”
སྒྲོག་འགྲེལ།
ཉིན་འགའི་རྗེས་སུ་སྐད་ཆ་ལ་བྱང་ཆ་ལྡན་པའི་ངེས་དོན་མཐར་ཕྱིན་གྱིས་རང་འགུལ་སྒོས་རུ་ཁག་གི་གཞུང་ལུགས་སྣེ་ཁྲིད་མཁན་གདན་དྲངས་ཏེ་དམག་རྟའི་ཞབས་ཞུ་འཛིན་གྲྭའི་འཐབ་མོ་བ་བརྒྱད་དང་མཉམ་དུ་གྲུབ་པའི་རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག་གིས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་ལེགས་སྒྲིག་བྱས་ཏེ་བོད་ཡིག་ཏུ་བསྒྱུར་པར་མ་ཟད། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་རྩོམ་སྒྲིག་བྱས་ཏེ་སྒྲོག་འགྲེལ་ལག་དེབ་དང་བསྒྲགས་ཡིག འཕྲེད་འགེལ་སྦྱར་ཚིག་བཅས་སྡེ་བའི་ཁྱིམ་ཚང་རེ་རེར་སྐྱེལ་བ་དང་། ཏང་གི་སྲིད་ཇུས་བཟང་བོ་རྩྭ་ཐང་གི་ཡུལ་གྲུ་ཀུན་དུ་ཁྱབ་པར་བྱས། དཔལ་ཐང་ཞང་ཐལ་རོ་རྒྱུད་སྡེ་བ་གནས་ས་ནི་ས་མཐའ་ཡིན་ལ། སྡེ་བའི་ནང་དུ་བརྙན་འཕྲིན་དང་ཁ་པར་གྱི་བརྡ་རྟགས་སོགས་དུས་ངེས་མེད་ལ་ཆད་བཞིན་ཡོད་པ་དང་སྡེ་དམངས་ཀྱི་རིག་གནས་ཆུ་ཚད་ཞན་པའི་རྐྱེན་གྱིས་ངེས་དོན་མཐར་ཕྱིན་གྱིས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གངས་ལེགས་བྱས་ཏེ་མང་ཚོགས་ཀྱི་གོ་བདེ་ཞིང་ཁ་སྐད་ཀྱི་ལམ་ནས་བོད་རིགས་སྤུན་ཟླ་རྣམས་ལ་སྒྲོག་འགྲེལ་བྱས། ལྟོས་དང་མང་ཚོགས་ཀྱི་གོ་སླ་ཞིང་ཉན་སྤྲོ་བའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙིང་སྟོབས་སྒྲོག་འགྲེལ་སློབ་ཁྲིད་ནི་འདི་ལྟར་མགོ་བརྩམས་བྱུང་།
“འབྱོར་འབྲིང་ཡིན་མིན་དེ་གཙོ་བོ་ཡུལ་མི་ཚོར་བལྟ་དགོས། ཏང་ཀྲུང་དབྱང་གིས་ང་ཚོ་མང་ཚོགས་ལ་སེམས་འཁུར་བྱས་པ་ཧ་ཅང་ཞིབ་ཚགས་རེད།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་མང་ཚོགས་ལ་ཕན་པའི་སྲིད་ཇུས་བཟང་བོ་མང་པོ་ཞིག་གཏན་ལ་ཕབ་པ་རེད། ”ཅེས་ངེས་དོན་མཐར་ཕྱིན་གྱིས་བོད་སྐད་ཀྱི་ལམ་ནས་སྐད་གསེང་མཐོན་པོས་སློབ་ཁྲིད་བྱེད་བཞིན་ཡོད་ལ། སྡེ་མི་རྣམས་ཀྱིས་ཁོའི་མཐའ་འཁོར་ནས་རྣ་བ་གཏད་དེ་ནན་ཏན་གྱིས་ཉན་བཞིན་འདུག“ཀྲུང་དབྱང་གིས་ཇི་ལྟར་ཞིང་སྡེ་དར་སྤེལ་དུ་གཏོང་དགོས་སམ།”“དབུལ་ཐར་ལ་ད་དུང་སྲིད་ཇུས་ག་འདྲ་ཡོད་དམ། ”“བྱིས་པ་སློབ་གྲྭར་འགྲོ་བར་སྔར་ལས་སྟབས་བདེ་རེད་དམ། ”གོང་གི་སློབ་ཁྲིད་མཚམས་མ་བཞག་གོང་ལ་སྡེ་མི་རྣམས་ཀྱིས་སྔ་རྗེས་སུ་དྲི་བ་དྲིས་བྱུང་།“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་བསྟན་དོན། ང་ཚོའི་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་རོགས་རམ་བྱེད་པ་ནི་སྒོར་མོ་སྟེར་བ་དང་དངོས་རྫས་སྟེར་བ་ཁོ་ན་ཞིག་མ་ཡིན་པར་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཚང་མས་རང་ཉིད་ཀྱི་ནུས་པ་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་ལ་བསྒྱུར་བཅོས་གཏོང་དགོས་པ་དེ་རེད། ང་ཚོས་ཐོག་མར་བསམ་བློའི་སྟེང་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དགོས་པ་དང་། བློ་སེམས་བརྟན་པོས་ཏང་གི་རྗེས་སུ་འབྲངས་དགོས། ”
“དགེ་རྒན་”གྱིས་ཁྲིད་པ་ཧ་ཅང་ཆེད་ལས་ཡིན་ལ། སྡེ་མི་རྣམས་ཀྱིས་ཉན་པ་ཧ་ཅང་ནན་ཏན་དང་གཟབ་ནན་རེད།ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པར། དཔལ་ཐང་ཞང་ཐལ་རོ་རྒྱུད་སྡེ་བའི་འབྲོག་དམངས་ཐུར་བརྟན་ཚེ་རིང་གིས་སྔོན་ཆད་ལོ་ངོ་མང་པོའི་རིང་ལ་ལས་མ་ཐུབ་པའི་ཁང་རྙིང་དག་ཡང་བསྐྱར་མཛེས་བཟོ་བྱས་ཏེ་ཁང་གསར་དུ་བསྒྱུར། ངེས་དོན་མཐར་ཕྱིན་གྱིས་གནས་ཚུལ་དེ་གསལ་བོར་ཤེས་རྗེས་ཆེད་དུ་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་སུ་སོང་སྟེ། བོད་ཁུལ་གྱི་སྡོད་ཁང་གསར་བ་འཛུགས་སྐྲུན་ཐད་ལ་སྲིད་གཞུང་གིས་ཁ་གསབ་མ་དངུལ་སྟེར་བའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ལ་རྒྱུས་ལོན་བྱས། “ཐུབ་བརྟན་ཚེ་རིང་ཚང་གི་ཆ་རྐྱེན་ཁ་གསབ་རོགས་དངུལ་གྱི་རེ་ཞུ་དང་མཐུན་པ་གཏན་འཁེལ་བྱས་རྗེས། ང་ཚོས་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆ་ཁྱེར་ནས་ཁོ་རྙེད་བྱུང་ལ་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་རེ་རེ་བཞིན་ཁོ་ཚང་གི་ཁྱིམ་མི་ཚོར་བོད་ཡིག་གི་ལམ་ནས་བསྒྱུར་ཏེ་འགྲེལ་བཤད་བྱས་པ་ཡིན།”དང་ཐོག་ཐུར་བརྟན་ཚེ་རིང་ལ་མ་དངུལ་གྱི་མི་འདང་བའི་རྐྱེན་གྱིས་སྔོན་ཆད་ཀྱི་ཁང་རྙིང་དེ་བསྒྱུར་བཀོད་བྱེད་རྒྱུའི་འཆར་གཞི་འཐེན་ཡོད་པ་རེད། ཡིན་ནའང་ངེས་དོན་མཐར་ཕྱིན་གྱིས་དབྱེ་ཞིབ་ནན་མོ་བྱས་པ་བརྒྱུད། ཁོས་ཀྱང་ཡར་སྔོན་གྱི་འཆར་གཞི་ལྟར་མ་བསྒྲུབ་པར་ཐད་ཀར་དུ་ཁང་བ་གསར་བ་ལས་རྒྱུའི་ཐག་བཅད།“འདི་ཡོད་ཚད་ངེས་དོན་མཐར་ཕྱིན་གྱིས་རོགས་རམ་བྱས་པ་ལས་བྱུང་བ་ཡིན་ཁོས་བསམ་ཚུལ་བཏོན་མེད་ན་ངེད་ཚང་ད་དུང་ཁང་རྙིང་དུ་བསྡད་ཡོད། ”ཁང་གསར་དུ་གནས་སྤར་བའི་ཐུབ་བརྟན་ཚེ་རིང་གིས་ཁང་བ་ལས་པའི་ཁ་གསབ་མ་དངུལ་སྒོར་ཁྲི་དྲུག་རེག་ཐུབ་སོང་བ་རེད། ད་ལྟའང་ཁོང་གིས་དོན་དག་འདི་གླེང་ཚེ་བསྟོད་པའི་མཐེ་བོང་རྒྱུན་མི་ཆད། དམག་རྟའི་འཛིན་གྲྭའི་འཛིན་དཔོན་ལོ་རྒྱ་ཚེ་རིང་ནི་སྒྲོལ་འགྲེལ་རུ་ཁག་གི་མི་སྣ་ཞིག་ཡིན་ལ། རྒྱུན་དུ་གཞི་རིམ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་བཞིན་ཡོད་པས། ཁོས་འབྲེལ་ཡོད་སྲིད་ཇུས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་དམག་མིའི་བར་གྱི་བརྩེ་སེམས་ཟབ་མོ་དེ་ཚོར་བྱུང་།“སྟོང་དཔོན་གྱིས་བོད་སྐད་བཤད་ཤེས་ལ་ཡུལ་མི་ཚོ་དང་མཉམ་དུ་འབྲེལ་འདྲིས་བྱས་པ་མང་བས་འབྲེལ་བ་ཧ་ཅང་བཟང་།སྒྲོག་འགྲེལ་ཞིག་ཡིན་ནའང་དེ་ནི་ཡིག་ཆར་བལྟས་ནས་ཐད་ཀར་དུ་འདོན་པ་ཞིག་མ་ཡིན་པར། དེ་ནི་འབྲོག་པ་མང་ཚོགས་དང་མཉམ་དུ་སྤྱིར་བཏང་གི་ཁྱིམ་ཚང་གི་གནས་ཚུལ་ཁ་བརྡ་བྱེད་བཞིན་ཡོད་ལ། འབྲོག་པ་མང་ཚོགས་ཁོ་ཚོའི་རང་སྟེང་ནས་སེམས་འཁུར་བྱེད་བཞིན་པའི་གནད་དོན་གྱི་ངོས་ཐད་ནས་མགོ་བཟུང་སྟེ་སྒྲོག་འགྲེལ་བྱེད་བཞིན་པ་ཞིག་ཡིན་པས། འབྲོག་པ་མང་ཚོགས་ཀྱིས་སྒྲོག་འགྲེལ་རུ་ཁག་སླེབས་པ་མཐོང་རྗེས་ནམ་ཡིན་རུང་སྤྲོ་སེམས་འཁོར་བའི་ངང་ནས་བསུ་མ་བྱས་ཏེ་འོ་ཇ་དྲོད་མོས་རང་ཁྱིམ་དུ་སྣེ་ལེན་བྱེད་པར་ཧ་ཅང་དགའ་བས།དྲོད་ཁོལ་ལྡན་པའི་འོ་ཇས་ཁོ་ཚོའི་ཡིད་སེམས་དྲོ་བར་བྱེད།”ཅེས་ལོ་རྒྱ་ཚེ་རིང་གིས་དེ་ལྟར་བཤད།
ལོ་ཙཱ་བ། སྐར་མ་མཚོ།