མེས་རྒྱལ་གྱི་ནུབ་ཕྱོགས་སུ་ཆགས་ཤིང་། མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་གསུམ་གྱི་ཆུ་མགོ་ཡིན་པས་གཙང་གསུམ་འབྱུང་ཡུལ་དུ་གྲགས་ལ། ཀྲུང་ཧྭའི་ཆུ་མཛོད་ཅེས་པའི་མཚན་སྙན་ཡང་ཡོད། ཞིང་ཆེན་ནང་ཁུལ་དུ་རྒྱལ་ནང་གི་ཚྭ་མེད་མཚོ་ཆེ་ཤོས་ཏེ་མཚོ་སྔོན་པོ་ཡོད་པས། མཚོ་མིང་ཡུལ་ལ་ཆགས་ནས་མཚོ་སྔོན་ཞེས་སུ་གྲགས། ལོ་རྒྱུས་ཡུན་རིང་ལྡན་པའི་གནས་འདིའི་ཡུལ་ལུང་གི་བཀོད་པ་མཛེས་ཤིང་། རྩྭ་ཆུ་འཛོམས་པས་རང་རྒྱལ་གྱི་སྐྱེ་ཁམས་སྲུང་བའི་ཡོལ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད། རིག་གནས་ཕུན་སུམ་ཚོགས་ཤིང་། ཐོན་ཁུངས་སྣ་ཁ་འཛོམས་པས་གཞན་དྲིང་མི་འཇོག་པའི་ཡིད་དབང་འཕྲོག་པའི་ནུས་པ་ལྡན། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་རབ་དང་རིམ་པའི་མཛུབ་སྟོན་འོག་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག གནས་འདིའི་ཕྱི་ནང་གི་དཔལ་ཡོན་མཐའ་དག་ཡར་ངོའི་ཟླ་ལྟར་འཕེལ་ཞིང་། ལྷག་པར་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བཟོ་སྐྲུན་གྱི་རླབས་རྒྱུན་འོག་མཚོ་སྔོན་ཞིང་ཆེན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།
དབུལ་ཐར་མཁྲེགས་གཏོར་གྱི་ཐད་ནས། ས་ཁུལ་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་འཕར་སྣོན་ལ་ཚོད་འཛིན་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཏེ། “ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་ནས་དབུལ་ཐར་མཁྲེགས་གཏོར་གྱི་ཐོག་མའི་འཐབ་འཛིང་ལ་རྒྱལ་ཁ་ཐོབ་པར་ཁག་ཐེག་བྱེད་ཆེད། 2016ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་བའི་གྲུབ་ཆ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། མ་དངུལ་ག་ཏོང་ཤུགས་ཆེ་རུ་གཏོང་བ། ལས་རིགས་བཅུའི་ཆེད་དོན་བྱ་སྤྱོད་ཇུས་གཞིར་སྐུལ་འདེད་ཤུགས་ཆེན་གཏོང་བ། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཧུར་ཐག་གིས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་སྤྱི་པའི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
སློབ་གསོའི་ཐད་ནས།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་དྲ་ཆེན་དྲ་རྒྱ་སློབ་གྲྭ་ཚང་མར་ཤར་གཏོང་དང་། ཐོན་ཁུངས་སྤུས་ལེགས་འཛིན་གྲྭ་ཚང་མར་ཤར་གཏོང་། སློབ་སྦྱོང་བར་སྟོང་སློབ་མ་ཚང་མར་ཤར་གཏོང་། དེ་བཞིན་སློབ་གསོ་དོ་དམ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་2012ལོར་དྲ་སྦྲེལ་དྲ་ཆེན་འབྲེལ་མཐུད་ཐུབ་ཚད་17%ཙམ་ལས་ཟིན་གྱི་མེད་པ་ནས་83%བར་མཐོ་རུ་ཕྱིན་པ་དང་། འཛིན་གྲྭར་བརྒྱུད་ལམ་སྣ་མང་སྒྲིག་ཆས་སྒྲིག་ཚད་98%ཟིན་ཡོད།
སྔོན་ཆད་དགེ་རྒན་མི་འདང་བར་བརྟེན་ནས་རོལ་དབྱངས་དང་། མཛེས་རྩལ། ཡིག་གཟུགས་སོགས་ཀྱི་སློབ་ཚན་འཁྲིད་ཐབས་བྲལ་ཡང་། ད་ལྟ“སློབ་གསོའི་སྤྲིན་རྩིས”ཀྱི་རོགས་རམ་འོག་སློབ་ཚན་དེ་དག་ཚང་མ་ཁྲིད་ཐུབ་པ་བྱུང་བས་རོང་འབྲོག་ཁུལ་གྱི་སློབ་མར་ཡང་གྲོང་ཁྱེར་གྱི་སློབ་མ་དང་འདྲ་བའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
སྐྱེ་ཁམས་སྲུང་སྐྱོབ་ཐད་ནས།
མཚོ་སྔོན་གྱིས་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་གྱིས་ས་མཐོའི་བརླན་སའི་སྐྱེ་ཁམས་ཀྱི་ནུས་པ་དང་མཛེས་ལྗོངས་ཞན་འགྱུར་སྲུང་སྐྱོབ། མྱུར་སྐྱོབ་རང་བཞིན་ངང་བརླན་ས་གལ་ཆེན་སྲུང་སྐྱོབ་དང་སླར་གསོ། བརླན་སའི་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་དང་ སྐྱེ་ཁམས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་གཏོང་བ། ས་ཁོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་པར་བརྟེན་བརླན་སའི་སྐྱེ་ཁམས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། མིག་སྔའི་བར། མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བརྒྱད་འབུམ་གཅིག་ཁྲི་བཞི་སྟོང་གསུམ་དྲུག་བརྒྱ་ཟིན་པ་དེས་ཀྲུང་གོའི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི15.9%ལ་བསླེབས་ནས་རང་རྒྱལ་གྱི་ཨང་དང་པོར་སླེབས་པ་དང་། བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྣ་མང་རང་བཞིན་ལྡན་པས་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་སྐྱེ་ཁམས་སྙོམས་སྒྲིག་ཁུལ་དུ་གྱུར་ཡོད།
དམངས་ཚིས་ཐད་ནས།
མཚོ་སྔོན་བོད་ཁུལ་གྱི་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་2010ལོའི་སྒོར་སྟོང་བཞི་དང་ཆིག་བརྒྱ་ཉེར་གཉིས་ནས་2017ལོའི་སྒོར་སྟོང་དགུ་དང་སུམ་བརྒྱ་སོ་གཅིག་བར་འཕར་བ་དང་ལོ་7རིང་ལྡབ་1.26འཕར་ནས། ལོ་རེར་ཆ་སྙོམས་འཕར་ཚད12.4%ཟིན་ཡོད། དེ་དང་ཆབས་ཅིག མཚོ་སྔོན་བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་2010ལོའི་སྒོར་ཁྲི་གཅིག་དང་སྟོང་ལྔ་ནས་2017ལོའི་སྒོར་ཁྲི་གཉིས་དང་སྟོང་དགུ་བརྒྱད་བརྒྱའི་བར་འཕར་བ་དང་། ལོ་རེར་ཆ་སྙོམས་10.3%འཕར་ནས་གཉིས་ཀ་ལོ་བདུན་བསྟུད་མར་བརྟན་པོའི་ངང་འཕར་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་བཟོ་སྐྲུན་ཁྱོན་ཡོངས་ལ་ཁྱབ་པའི་ལས་དོན་ལ་རྒྱ་ཆེའི་མང་ཚོགས་ཀྱིས“བདེ་སྐྱིད་བཟོ་སྐྲུན”དང“དམངས་ཚིས་བཟོ་སྐྲུན”ཞེས་བརྗོད་ཀྱི་ཡོད། མཚོ་སྔོན་ཞིང་ཆེན་གྱིས་2016ལོར་གཞི་རིམ་གྱི་ཞང་གྲོང་དང་། སྲིད་འཛིན་སྡེ་བ། དགོན་སྡེ། སྡོད་ཁུལ་བཅས་ལ་ལུས་རྩལ་ལུས་སྦྱོང་ཡོ་བྱད་997སྒྲིག་སྦྱོར་བྱས་པའི་རྨང་གཞིའི་ཐོག དམངས་ཡོངས་ལུས་སྦྱོང་བཟོ་སྐྲུན་གྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བརྒྱད་བརྩོན་ལེན་བྱས་ཡོད། མ་དངུལ་གཏོང་ཚད་ལོ་10སྔོན་གྱི་བསྡོམས་འབོར་ལས་བརྒལ་བ་དང་2018ལོའི་ལོ་མཇུག་ཏུ་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་ལུས་རྩལ་ལུས་སྦྱོང་སྒྲིག་ཆས་ཁྱོན་ཡོངས་ལ་ཁྱབ་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།