དམངས་ཁྲོད་གླུ་གར་གྱིས་རིག་གནས་ཐོན་ལས་ཀྱི་གར་སྟེགས་ཆེན་པོ་བསྐྲུན།
2019.08.06 ཁུངས། ཀློག་གྲངས། 74

དབྱར་ཟླ་དྲུག་པའི་ཉིན་གུང་ཞིག་ལ། ང་ཚོ་ལྷན་འབྲེལ་བཅར་འདྲི་ཚན་ཆུང་གིས་བྱ་མདོ་ལུང་ཁོག་གི་རྒྱལ་ལམ་འགྲམ་དུ་སེར་ལམ་མེར་བཞད་པའི་ལོག་དཀར་མེ་ཏོག་ལ་རོལ་མྱོང་བྱེད་ཞོར། རྒྱལ་ཁབ་ཕྱི་ནང་དུ་མིང་གྲགས་ཆེ་བའི་སྤྲེལ་ནག་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཕྱོགས་སུ་ཆས་པ་ཡིན། ང་ཚོ་གནས་དེར་ཐོན་དུས་ཏག་ཏག་ཁོ་ཚོས་འཁྲབ་སྦྱོང་བྱེད་པའི་དུས་སུ་འཁེལ།

༼ཡུལ་དངོས་ཀྱི་སྒྲ།༽

ཀོས་ནན་རྫོང་ནི་གླུ་གར་རིག་གནས་སྒྱུ་རྩལ་གྱི་ཕ་ས་སྟེ། ཉེ་བའི་ལོ་འདི་དག་གི་རིང་ལ། ཐོན་ལས་ཀྱི་ལམ་བུ་བཏོད་པ་དང་ཐུན་མིན་གྱི་ཚོང་རྟགས་འགོད་པ། ཐོན་ཁུངས་ཀྱི་རྨང་གཞི་འཛུགས་པའི་བསམ་ཕྱོགས་ལྟར་དུ། ཀོས་ནན་གྱི་གླུ་གར་དཔལ་འབྱོར་འཕེལ་རྒྱས་དེ་ཁུལ་ཡོངས་དང་ཁྱད་པར་དུ་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་བསྐྲུན་ཡོད་ཅིང་། དེ་ནི་རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་ལ་སྐྱོད་པའི་བགྲོད་ལམ་གསར་བ་ཞིག་ཏུ་གྱུར་ཡོད། སྤྲེལ་ནག་སྡེ་བ་ནི་བྱ་མདོ་ཞང་གི་ཁོངས་སུ་ཅུང་དར་རྒྱས་ཆེ་བའི་སྡེ་བ་ཞིག་མིན་མོད། འོན་ཀྱང་། ཁོ་ཚོས་དམངས་ཁྲོད་གླུ་གར་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་དུ་འཁྲབ་སྟོན་བྱེད་བཞིན་ཡོད། སྤྲེལ་ནག་སྒྱུ་རྩལ་ཚོགས་པའི་འགོ་གཙོ་བསོད་ནམས་སྒྲོལ་མ་ཡིས་བཤད་རྒྱུར།

ང་ཚོ་སྤྲེལ་ནག་དམངས་ཁྲོད་སྒྱུ་རྩལ་ཚོགས་པས1997ལོ་ནས་བཟུང་དམངས་ཁྲོད་ཀྱི་མི་རིགས་སྒྱུ་རྩལ་མི་སྣ་སྟོང་གཉིས་ལྷག་སྐྱེད་སྲིང་བྱས་པ་དང་།  སྒྱུ་རྩལ་ཚོགས་པའི་ཁྲོད་གངས་རིའི་བླ་སྲོག་ཚན་སྡེབ་དང་བྱུ་རུ་དམར་ཆུང་ཚན་སྡེབ་སོགས་ཡོད་ལ། ང་ཚོའི་དམངས་ཁྲོད་སྒྱུ་རྩལ་དྲིལ་སྒྲོག་དང་འཕེལ་རྒྱས་ལ་བརྟེན་ནས། དམངས་ཁྲོད་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་སྔོག་འདོན་བྱས་ཏེ་ང་ཚོའི་སྒྱུ་རྩལ་ཚོགས་པ་དར་རྒྱས་སུ་བཏང་བ་དང་། ཞིང་སྡེའི་རིག་གནས་དར་སྤེལ་དང་གནས་སྐོར་རིག་གནས་མཉམ་བསྲེས་ཀྱི་ཐད་བྱས་རྗེས་བཞག་ཡོད། ང་ཚོར་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་ཚོད་ལྟའི་རྟེན་གཞིའི་མཚན་སྙན་ཐོབ་པ་དང་། འདི་ནི་ང་ཚོའི་མི་རིགས་རིག་གནས་རྒྱུད་འཛིན་གྱི་གྲུབ་འབྲས་ཡིན་ལ། ང་ཚོས་མུ་མཐུད་དུ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་ཐད་འབད་པ་བྱེད་རྒྱུ་ཡིན། 1997ལོར་གློ་བུར་བའི་གོ་སྐབས་ཤིག་གིས་པེ་ཅིན་ཀྲུང་ཧྭ་མི་རིགས་དངོས་མང་བཤམ་སྟོན་ཁང་དུ་སོང་ནས་འཁྲབ་སྟོན་བྱེད་པའི་གོ་སྐབས་ལྡན་པ་དང་། ཚོང་རའི་དགོས་མཁོའི་དབང་གིས་ནང་ལོག་གི་ལས་ཁུངས་མང་པོར་ང་ཚོའི་དཔུང་སྡེ་འདི་དགོས་མཁོ་ཡོད་པས། ང་ཚོའི་སྒྱུ་རྩལ་ཚོགས་པ་འདི་བཙུགས་པ་ཡིན། སྐབས་དེར་ང་ཚོ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ཁུལ་ཉི་ཤུ་ལྷག་ཏུ་སོང་ནས་འཁྲབ་སྟོན་བྱས་པ་དང་། ང་ཚོའི་དམངས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་རྒྱུད་སྒྲོག་བྱས། ང་ཚོའི་དམངས་ཁྲོད་ཀྱི་སྒྱུ་རྩལ་མི་སྣ་དང་ནང་ལོག་གི་ཡུལ་སྐོར་ཚོང་རར་མཉམ་འབྲེལ་བྱས་ན་ཡོང་སྒོ་ཡང་ཡོད་པས། ང་ཚོའི་སྔར་ལས་ཀྱང་རང་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་འཛམ་གླིང་ཡུལ་ཕྱོགས་ཀུན་ཏུ་འགྲེམ་སྟོན་བྱེད་རྒྱུ་ཡིན།

སྤྲེལ་ནག་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུ་ལྷག་གི་ས་གནས་ལ་སོང་ནས་འཁྲབ་སྟོན་ཐེངས་འབུམ་ལྷག་བྱས། ལྟ་མཁན་མི་གྲངས་ས་ཡ་གཅིག་ལ་ཉེ་ཞིང་རྒྱལ་ཁབ་དང་ཞིང་ཆེན། རང་སྐྱོང་ལྗོངས་རིམ་པའི་རིག་གནས་བྱ་འགུལ་ནང་ཐེངས་མང་པོར་ཞུགས་ནས་བྱ་དགའ་གང་མང་ཐོབ། ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་གནས་སྐོར་དུས་ཆེན་སྟེང་གདན་འདྲེན་ཞུས་ནས་འཛམ་གླིང་གི་ས་གནས་སོ་སོ་ནས་ཡོང་བའི་རྒྱལ་ཁབ་ལྔ་བཅུ་ལྷག་གི་ཚོགས་པ་དང་མཉམ་དུ་རང་རེའི་འོད་སྟོང་འབར་བའི་མི་རིགས་རིག་གནས་འགྲེམ་སྟོན་བྱས་ནས་རྒྱ་ཆེ་བའི་མང་ཚོགས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དགའ་བསུ་ཐོབ། ཉེ་བའི་ལོ་འདི་ཚོར་ཀྲུང་དབྱང་བརྙན་འཕྲིན་ཁང་དང་པེ་ཅིན་བརྙན་འཕྲིན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་། མི་རིགས་ཚགས་པར། བཅིངས་འགྲོལ་དམག་མིའི་ཚགས་པར། ཞིན་ཧྭ་དཔེ་བསྐྲུན་ཁང་། མཚོ་སྔོན་ཚགས་པར། ཀྲུང་གོའི་ཚགས་པར། པེ་ཅིན་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བོད་ལྗོངས་མི་ཆོས་དང་ས་ཁམས་ལེགས་པའི་དུས་དེབ་ཁང་བཅས་གསར་འགྱུར་དང་སྨྱན་བྱེད་ཁག་གིས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ནས་རང་ས་གནས་དང་མཚོ་སྔོན་གྱི་སྙན་གྲགས་ཕྱོགས་ཡོངས་ལ་ཁྱབ། ལྷག་པར་དུ་གཞི་རིམ་གྱི་འཚོ་བ་ཕུན་ཚོགས་ཡོང་བ་དང་གནས་སྐོར་ཐོན་ཁུངས་རྒྱ་སྐྱེད་པ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ། དཀའ་ངལ་ཅན་གྱི་ཁྱིམ་ཚང་ལ་རོགས་སྐྱོར་དང་བྱ་བ་མེད་པའི་ན་གཞོན་ལ་ལས་རྐང་འཚོལ་བ། རིག་གནས་ཀྱི་ཚོང་ར་དར་རྒྱས་གཏོང་བ། ཕུལ་དུ་བྱུང་བའི་མི་རིགས་རིག་གནས་དར་སྤེལ་གཏོང་བའི་ཐད་ལ་བྱ་བ་གང་མང་ཞིག་བསྒྲུབས་པས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཟུར་པ་ལིག་ཡུན་ཧྲན་མཆོག་གིས“ཆེད་ལས་སྒྱུ་རྩལ་ལས་མཁན་པའི་མིག་དཔེ་དང་ཞིང་གྲོང་རིག་གནས་འཛུགས་སྐྲུན་གྱི་བྱས་རྗེས་ཅན། རོང་འབྲོག་པར་རིག་གནས་ལ་བརྟེན་ནས་ཕྱུག་བསྒྱུར་བྱ་བའི་ལམ་སྟོན་དབུ་ཁྲིད་བྱེད་མཁན”ཞེས་བསྟོད་བསྔགས་ཕུལ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འགོ་ཁྲིད་རྣམས་ཀྱིས་དེ་བཞིན་གྱི་གདེང་འཇོག་མཐོན་པོ་དང་བསྟོད་བསྔགས་ཆེན་པོ་གནང་། སྤྲེལ་ནག་སྒྱུ་རྩལ་ཚོགས་པས་སྐྱེད་སྲིང་བྱས་པའི་གླུ་བ་ཐར་རིམ་རྒྱལ་གྱིས།

ང་རང་གི་གླུ་ངག་གི་ལམ་ཁའི་ཐོག་དང་པོ་ཡིན་ན། སྤྲེལ་ནག་སྒྱུ་རྩལ་ཚོགས་པའི་ཁྲོད་ཞུགས་ནས། 2014ལོར་པེ་ཅིན་མི་རིགས་གླིང་ཀའི་ནང་སོང་ནས་ལོ་གཅིག་གཉིས་ཀྱི་རིང་ལ་གླུ་ངག་གི་ལམ་ཁ་སློབ་སྦྱོང་བྱས་པ་ཡིན། དེའི་སྐབས་ཞབས་བྲོ་དང་དམངས་ཁྲོད་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱས་པ་ཡིན། དེ་ནས་རང་ཉིད་ཀྱི་དགའ་ཕྱོགས་དང་འཚོ་བའི་ཆེད་དུ་ད་ལྟ་ཧྲིན་ཀྲིན་དུ་སློབ་གཉེར་བྱེད་བཞིན་ཡོད།

སྤྲེལ་ནག་སྒྱུ་རྩལ་ཚོགས་པ་དེ2004ལོར་ཞིང་ཆེན་ཡོངས་ཀྱི་ངལ་ཤུགས་ཕྱིར་གཏོང་གི་སྔོན་ཐོན་ལས་ཁུངས་ལ་བདམས། 2005ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རིག་གནས་པུའུ་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་བ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྔོན་ཐོན་ལས་ཁུངས་སུ་བདམས། 2006ལོར་ཞིང་ཆེན་རིག་གནས་ཐིན་གྱིས་རང་ཞིང་གི་རིག་གནས་ཐོན་ལས་ཀྱི་མ་དཔེ་ལྟེ་གནས་ཐོག་མར་བདམས། 2007ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལས་གནས་སྐུལ་སྤེལ་གྱི་སྔོན་ཐོན་ལས་ཁུངས་ལ་བདམས། 2008ལོར་ཀྲུང་དབྱང་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་ཀྱི་མ་དཔེ་ལྟེ་གནས་སུ་བདམས། 2009ལོར་ཞིང་ཆེན་རིག་གནས་ཁེ་ལས་དབུ་ཁྲིད་པའི་ཁྲིམས་བཀོད་ཚད་མིའི་ཕུལ་བྱུང་ལས་ཁུངས་སུ་བདམས། ཉེ་བའི་ལོ་འགའི་ནང་། ཞིང་གྲོང་དང་རྫོང་། གྲོང་ཁྱེར་རིམ་པ་གསུམ་གྱི་ལས་གནས་ས་ཚིགས་བཙུགས་ནས་བསྐྱེད་སྦྱོང་དང་འཁྲབ་སྟོན། བཟོ་རྩལ། གྱོན་ཆས་ལས་སྣོན་སོགས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ལས་ཀྱི་ལམ་ཅིག་གསར་གཏོད་བྱས་པས། ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཆེན་པོ་ལྡན། སྤྲེལ་ནག་སྒྱུ་རྩལ་ཚོགས་པས་སྐྱེད་སྲིང་བྱས་པའི་འཁྲབ་སྟོན་མི་སྣ་བསོད་ནམས་ཐར་གྱིས་བཤད་རྒྱུར།

ང་རང་ཉིད2008ལོར་བྱ་མདོ་སྤྲེལ་ནག་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁྲོད་ཞུགས་པ་ཡིན། སྐབས་དེར་ཚོགས་པའི་ནང་མི་དྲུག་ཅུ་ནས་བདུན་ཅུ་ཙམ་ཡོད། ནང་ལོག་ཏུ་མི་ཉི་ཤུ་ཙམ་འཁྲབ་སྟོན་བྱེད་དུ་འགྲོ་དགོས་པ་དང་། སྐབས་དེར་སྦྱིན་བདག་རྣམས་གནས་འདིར་ཡོང་ནས་མི་སྣ་འདེམས་བཞིན་ཡོད་ལ། རང་ཉིད་ཀྱང་པེ་ཅིན་སོགས་སུ་སོང་ནས་འཁྲབ་སྟོན་བྱས་པ་ཡིན།

འཁྲབ་སྟོན་གཙོ་བོ་ནི་ཚོན་མདངས་རྣམ་པར་བཀྲ་བའི་གྱོན་ཆས་འདོགས་ཆ་དང་ངོ་མཚར་ཁྱད་པར་ཅན་གྱི་དམངས་སྲོལ་དམངས་ལུགས་རབ་ཏུ་འགུག་པའི་གནའ་བོའི་ནང་མ། ལོ་རྒྱུས་དུས་ཡུན་རིང་བའི་སྲོལ་རྒྱུན་གྱི་ལྷ་མོ་ཟློས་གར། གསང་བ་བརྗིད་ཆགས་ཀྱི་གནའ་བོའི་ཚེམས་བྲོ། དགའ་སྤྲོ་རབ་ཏུ་འཁོལ་བའི་དམངས་ཁྲོད་གླུ་གར་སོགས་འདུག སྤྲེལ་ནག་སྒྱུ་རྩལ་ཚོགས་པའི་འགོ་གཙོ་བསོད་ནམས་སྒྲོལ་མས“ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་རླབས་ཆེ་ཞིང་འོད་སྟོང་འབར་བའི་གླུ་གར་གྱི་ལམ་བུ་ཞིག་བསྐྲུན་ནས། མཐོ་སྒང་དང་རྒྱལ་ཁབ་ཕྱི་ནང་བར་མཛའ་འབྲེལ་གྱི་ཟམ་པ་བཙུགས་ཏེ། འཛམ་གླིང་ལ་ཁ་ཕྱོགས་ནས་མཚར་སྡུག་གི་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུའི་འདུན་པ་ཡོད”ཟེར།

སྒེག་ལྡན་བུ་མོའི་གར་གྱི་སྟངས་སྟབས།

དམངས་ཁྲོད་ཨ་རྩེད།

གཟེངས་རྟགས་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།