རེབ་གོང་གཉན་ཐོག་སྡེ་བའི་བོའུ་ཐོའུ།
2019.08.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

རེབ་གོང་གཉན་ཐོག་སྡེ་བར་དར་སྲོལ་ཆེ་བའི་བོའུ་ཐོའུ་ཟེར་བའི་ཆོས་ལུགས་ཀྱི་བྱེད་སྒོ་འདི་ནི། བོད་གདོད་མའི་ཆོས་ལུགས་ཀྱི་ནང་ཚན་གླུད་དང་གཏོའི་ཆོ་གའི་སྐོར་ཞིག་ཡིན་པ་དང་། བོའུ་ཐོའུ་ཞེས་པ་ནི་གཉན་ཐོག་གི་དོར་སྐད་ཡིན་ལ། དེ་གེག་གླུད་དམ་གླུད་རྫོང་གི་དོན་ཡིན། ཆོ་ག་འདིའི་ནང་དོན་གཙོ་བོ་མི་ཕྱུགས་ཀུན་ལ་གནོད་འཚེ་བྱེད་པའི་གདོན་བགེགས་ཀྱི་བར་ཆད་བཟློག་པའི་ཆེད་དུ། རྒྱུ་རྩམ་པ་དང་མར་སོགས་ཀྱིས་མི་ཕྱུགས་ཀྱི་གཟུགས་བརྙན་བཟོས་ཏེ་ཆོས་ལུགས་ཀྱི་ཆོ་གས་བྱིན་རླབས་མཛད་ཏེ་མི་ཕྱུགས་ཀྱི་སྲོག་ཚབ་ཏུ་གེག་གླུད་འདི་རྫོང་བར་བྱེད་པ་ཡིན།


གེག་གླུད་རྫོང་བའི་དུས་ཚོད་ནི་ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ཡིན་ལ། ཉིན་དེར་སྡེ་བའི་སྒྲིག་སྲོལ་ལྟར་ཁས་བླངས་ཀྱི་གེག་གླུད་རྫོང་བའི་མི་སྣ་བདུན་པོ་གཙོས་སྡེ་བའི་སྐྱེས་པ་ཚང་མ་སྡེ་བའི་གཞི་བདག་ཁང་དུ་སོང་ནས་ལྷ་བསང་གཏོང་བ་དང་དུང་འབུད་པ། འཁར་རྔ་རྡུང་བ་བཅས་བྱེད་ཅིང་། གླུད་རྫོང་བ་མི་བདུན་དེས་ཁོག་སྟོད་གཅེར་བུར་འབུད་པ་དང་། རྐང་སྣམ་བརླ་རྩར་བརྫེས་རྗེས་ལུས་ཧྲིལ་བོར་བསང་ཐལ་བྱུགས་ཏེ་སྣག་ཚས་གདོང་ལ་སྨ་ར་འབྲི་བ། ལུས་ཡོངས་སུ་སྟག་གཟིག་གི་གཟུགས་རིས་འབྲི་བ། མགོ་ལ་སད་མ་ཟེར་བའི་ཤོག་བུ་རིང་བོ་འདོགས་པ། ཁ་ནང་དུ་ཤ་རློན་གསོལ་བ། སྐེ་ལ་སྐམ་ལུག་གི་རྒྱུ་མ་རློན་པ་དཀྲིས་པ། ལག་ཏུ་དབྱུག་པ་ཐོགས་པ། རལ་གྲི་སྐེད་ལ་གཟེར་བ་སོགས་གླུད་རྫོང་གི་གྲ་སྒྲིག་ཐམས་ཅད་ཡོངས་སུ་གྲུབ་རྗེས། ལྷ་བས་རིགས་ལྔའི་དབུ་རྒྱན་གྱོན་ནས་ཐོག་མར་གཞི་བདག་ལ་ཕྱག་འཚལ་ཞིང་། ལྷ་བ་དང་གླུད་རྫོང་བ་བདུན་གྱིས་ཆོ་གའི་སྒྲིག་སྲོལ་ལྟར་ངག་མཚམས་གཅོད་པ་དང་། ལྷ་བས་ལྷ་རྔ་རྡུང་བཞིན་བཀའ་བསྐོས་དམ་བཞག་དང་གླུད་རྫོང་བསྔོ་བ་སོགས་ཀྱི་ཆོ་ག་འདོན་པ་དང་། གླུད་རྫོང་བ་བདུན་པས་པུས་མོ་སར་བཙུགས་ནས་དད་གུས་ཆེན་པོས་ཉན་པ་དང་། ལྷ་བས་ཆོ་ག་བཏོན་ཚར་རྗེས་གླུད་རྫོང་བ་བདུན་པོ་ས་ལྡིང་གནམ་ལྡིང་གིས་གཞི་བདག་ཁང་གི་སྒོར་བུད་དེ་སྐོར་བ་ལན་གསུམ་བརྒྱབ་ནས་སྡེ་བའི་ནང་དུ་རྒྱུག་ཅིང་། སྡེ་བའི་སྐྱེས་པ་དག་གིས་ཁོ་ཚོའི་རྗེས་ཕྱོགས་སུ་ཤོག་སྦག་དང་བོའུ་རྒྱག་པར་བྱེད། གླུད་རྫོང་བ་ཁོ་ཚོ་འཚུབ་མ་འཁྲུག་པོས་སྡེ་བའི་ནང་དུ་རྒྱུག་སྐབས་ཁོ་ཚོའི་ནང་གི་ལོ་ན་རྒན་པ་གཉིས་སྡེ་བའི་སྲང་ལམ་ནས་དལ་མོར་འགྲོ་བ་དང་། ལྷ་བ་དང་དཀོར་གཉེར་གཉིས་ཀྱིས་ལྷ་རྔ་རྡུང་བཞིན་ཁོ་ཚོའི་རྗེས་སུ་འགྲོ་བ། སྡེ་དཔོན་གཙོས་སྐྱེས་པ་རྣམས་ཀྱང་དེར་འགྲོགས་ནས་འགྲོ་བ་ཡིན། གླུད་རྫོང་བ་ལོ་ཆུང་ལྔ་བོ་ནི་འཁྱུག་རྩལ་གློག་དང་འདྲ་བའི་སྒོ་ནས་ཁྱིམ་ཚང་རེ་རེའི་ཁང་ཐོག་ནས་ལྷས་སུ་བབས་ཏེ་སྐོར་བ་བྱེད་པ་དང་། རང་རང་གི་ལག་ལ་གང་ཆུད་ཀྱི་ཟས་རིགས་སྣ་ཚོགས་རང་དགར་ཁྱེར་འགྲོ་བ་དང་དེར་སུས་ཀྱང་ཐེ་གཏོགས་མི་བྱེད་པ་མ་ཟད། ད་དུང་ཁྱིམ་རེ་རེས་གོ་རེ་སྣ་གཅུ་རེ་ཁོ་ཚོའི་ལག་གི་དབྱུག་པའི་མགོར་བསྐོན་ཞིང་། ནད་པ་ནད་མ་རྣམས་ཀྱང་ཐང་དུ་ཉལ་ཏེ་གླུད་རྫོང་བ་དེ་དག་རང་གི་སྟེང་ལ་འགོམ་ན། ནད་གདོན་ལས་གྲོལ་ཏེ་ལུས་ཕུང་བདེ་ཞིང་ཚེ་ཐག་རིང་བར་བཤད། ཡིན་ནའང་། གླུད་རྫོང་བ་སུ་ཡིན་ཡང་ཁང་ཐོག་ནས་མར་འཛུལ་བ་ལས་སྒོ་ཕྱེས་ནས་ནང་དུ་འགྲོ་བའི་སྲོལ་མེད། དེ་ལྟར་གླུད་རྫོང་བ་བདུན་པོ་སྡེ་བའི་ཁྱིམ་ཚང་རེ་རེ་བཞིན་འཛུལ་ཏེ་སྡེ་འདབས་ཀྱི་མཁར་སྒོར་འཛོམས་དུས། ཁོ་ཚོ་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྡེ་བའི་འདབས་རོལ་གྱི་དགུ་ཆུའི་ཕྱོགས་སུ་བྲོས་འགྲོ་བ་དང་། སྡེ་བའི་སྐྱེས་ཕོ་མོ་རྣམས་མཁར་སྒོར་འཚོགས་ནས་ཁོ་ཚོའི་རྗེས་སུ་མདོ་ཤེས་རབ་སྙིང་བོ་འདོན་པ་དང་། ཟློག་བསྒྱུར་བྱེད་པ། ཀི་རིང་འདེབས་པ། ཤོག་སྦག་དང་མེ་མདའ་རྒྱག་པར་མ་ཟད། སྔོན་ནས་གྲ་སྒྲིག་བྱས་པའི་ཀེག་གླུད་དང་བགེགས་གཏོར་རྣམས་ཁོ་ཚོའི་ཕྱོགས་སུ་འཕེན་པར་བྱེད། ཁོ་ཚོ་འགྲོ་ཁུལ་བྱས་ནས་དགུ་ཆུའི་ཁར་སོང་ནས་རང་རང་གི་ལུས་པོ་གཙང་མར་བཀྲུས་ནས་དབྱུག་པ་དང་གོ་རེ་མང་ཤོས་ཆུ་ལ་བསྐུར་ནས་ལྭ་བ་ཆ་ཚང་གྱོན་ཏེ་དགུང་མོ་དེར་ཕྱི་རོལ་ནས་ཞག་འདུག་བྱེད།

མདོར་ན། རེབ་གོང་གཉན་ཐོག་སྡེ་བའི་ཡུལ་མི་རྣམས་ཀྱིས་གེག་གླུད་དམ་བོའུ་ཐོའུ་ཞེས་པ་འདི་ནི་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་བརྩི་བར་མ་ཟད། གླུད་རྫོང་གཏོང་བའི་ཉིན་མོ་དེར་རང་རང་གི་ལོ་གཅིག་གི་སྐུ་རིམ་བསམ་ནས་གླུད་རྫོང་ལ་ཞུགས་པ་དང་གླུད་རྫོང་འབུལ་བའི་གོམས་གཤིས་བརྟན་པོ་ཡོད་པ་དང་བཅས་གཉན་ཐོག་སྡེ་བའི་བོའུ་ཐོའུ་ཞེས་པའི་བྱེད་སྒོ་ཡོངས་སུ་མཇུག་རྫོགས་པ་རེད།


                                                                     རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།