ནུབ་རྒྱུད་འཐབ་ཁུལ་སྐམ་དམག་སྟོང་ཤོག་ག་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་ཤོག་གི་ལྡིང་དཔོན་ངེས་དོན་མཐར་ཕྱིན་གྱིས་རྩ་འཛུགས་བྱས་ནས་བརྒྱ་ཤོག་རུ་སྦྱོང་བརྡར་བྱེད་བཞིན་པ།
དབྱར་ཁའི་དཔལ་ཐང་རྩྭ་ཐང་ནི་པིར་རྩལ་མཁན་པོས་སྨྱུག་རྩེ་ལས་ཐོན་པ་ནང་བཞིན་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་ཡང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ཉིས་བརྒྱ་ཡོད་པས་ཡུལ་ཤུལ་རུ་སྡོད་པའི་སྒེར་ཚུགས་སྐྱ་དམག་བརྒྱ་ཤོག་གི་དམག་མིར་དུས་དང་རྣམ་པ་ཀུན་ཏུ་ཉམས་སད་ཐེག་བཞིན་ཡོད། མཁའ་དབུགས་ནང་དུ་དབྱང་དབུགས་ཀྱི་འདུས་ཚད་བརྒྱ་ཆའི་དྲུག་ཅུ་ཡས་མས་ལས་མེད་པ་དང་། ལོ་རེར་དགུན་གྱི་དུས་ཚིགས་ཕལ་ཆེར་ཟླ་དགུ་ཡོད་པ་དང་། སྨུག་ཕྱིའི་འོད་དྲག་པ་དང་། རླུང་ཆེ་ལ། སེར་བ་འབབ་པ་དང་། ཆར་བ་ཆེན་པོ་འབབ་པ་སོགས་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད།
གདུག་རྩུབ་ཆེ་བའི་རང་བྱུང་ཆ་རྐྱེན་དེ་ནི་དམག་མི་གསར་བས་ཁྱད་བསད་བྱེད་པའི་དཀའ་ངལ་ཞིག་ཏུ་གྱུར་ཡོད། མིང་ཐོ་བཀོད་པའི་ཉིན་དེར། ཡུས་ཞའོ་ཧྲན་གྱིས་མིག་མདུན་གྱི་གཟུགས་སྟོབས་ཆེ་ཞིང་། ངོ་གདོང་སྨུག་པོ་ཡིན་པའི་བོད་རིགས་བུ་རྒོད་དེར་ལྟ་བཞིན་སེམས་པ་སྐྱོ་བྱུང་།
དྲང་མོར་བཤད་ན། ངེས་དོན་མཐར་ཕྱིན་ཐེངས་དང་པོར་མཐོང་བ་ན། ཁོང་ཁྲོ་ཆེ་བ་དང་བྲེལ་འཚུབ་ཅན་ཞིག་ཡིན་པར་འདོད་པས། སེམས་ནས་སྐྲག་སྣང་ཞིག་ཀྱང་སྐྱེས་ཡོང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོར་བརྒྱ་ཤོག་རུ་ཐོན་ནས་ངེས་དོན་མཐར་ཕྱིན་མཐོང་བའི་སྐབས་དེར་ཕྱིར་དྲན་བྱེད་སྐབས། བཅུ་ཤོག་གཉིས་པའི་འཛིན་གྲྭ་བཞི་བའི་འཐབ་མོ་བ་ཡུས་ཞའོ་ཧྲན་གྱིས་ལག་པ་ཕུར་མཉེད་བྱེད་བཞིན་དེ་ལྟར་བཤད་བྱུང་།
ཡིན་ན་ཡང་། ཡུས་ཞའོ་ཧྲན་གྱིས་རང་གི་ལྟ་ཚུལ་དེ་ཕྱི་ཚུལ་ཙམ་ཡིན་པ་ཤེས་བྱུང་། དགོང་མོའི་མིང་ཐོ་བོས་རྗེས། ཁོས་དམག་གི་སྨན་པ་ཁྲིད་ཡོང་ནས་བརྟག་དཔྱད་བྱས་པ་དང་། ང་ཚོར་མི་བདེ་བའི་ཚོར་བ་ཡོད་མེད་དྲིས། རྗེས་ནས་རྟར་ཞོན་ནས་སྦྱོང་བརྡར་བྱེད་མགོ་བརྩམས། ང་རང་རྟ་ཐོག་ནས་འགྱེལ་ཏེ་རྐང་པ་གཡོན་པ་རྨས་བ་དང་། ཁོས་སྨན་ཉོས་ཡོང་ཏེ་ངའི་རྐང་པ་ཕུར་མཉེད་བྱས། ཉིན་གཅིག་ལ་ཐེངས་གསུམ་ལ་སྨན་བྱུགས་ནས་ང་རང་བདེ་ཐང་ཡོང་རག་བར་དུ་ཁོས་ངའི་རྐང་པར་སྨན་བྱུགས། སྐབས་དེ་ནས་བཟུང་ངས་ཁོ་ནི་མི་བཟང་པོ་ཞིག་ཡིན་པ་རྟོགས།
མ་གཞི། དམག་མི་གསར་བ་བརྒྱ་ཤོག་རུ་ཐོན་པ་ན་བློ་མཐུན་མང་པོ་ཞིག་ཐོག་མར་མཐོ་སྒང་དུ་ཡོང་བ་ཡིན་པས། རྫ་དུག་ཚབས་ཆེན་བྱུང་བཞིན་ཡོད་པ་རེད། བློ་མཐུན་གསར་བ་མགྱོགས་པོར་མཐོ་སྒང་དང་འཚམ་པར་རོགས་རམ་བྱེད་ཆེད། དགོང་མོར་ངེས་དོན་མཐར་ཕྱིན་གྱིས་ཐེངས་མང་པོར་ལྟ་རྟོག་བྱས་པ་དང་། རྒྱུན་དུ་འཐབ་མོ་བ་གསར་བའི་ཉལ་ཁང་དུ་སོང་ནས་ཉལ་ཐུལ་འགེབ་བཞིན་ཡོད་པ་མ་ཟད། བློ་མཐུན་གསར་བར་ཉིན་རེར་ཆུ་དྲོད་འཇམ་གྱིས་རྐང་བ་བཀྲུ་རུ་བཅུག་སྟེ། ཁྲག་རྒྱུན་འཁོར་བསྐྱོད་ལ་ཕན་པར་བྱས།
སེམས་ཞིབ་མོས་བརྩེ་བ་རྣལ་མ་མཐོང་ཡོང་། འགྲོགས་ཡུན་རིང་བ་དང་བསྟུན་ནས། ཚང་མས་ཕྱི་ཚུལ་ནས་ལྟོས་ན་མི་རྩུབ་པོ་ཞིག་ཡིན་པར་བསམ་པའི་ངེས་དོན་མཐར་ཕྱིན་དོན་ངོ་མའི་སྟེང་ནས་མི་ཧ་ཅང་ཞིབ་ཚགས་ཅན་ཞིག་ཡིན་པ་མཐོང་། དྲོས་ཇ་ཞིག་གི་སྐབས་སུ་ཚང་མས་བྱ་རྐང་ཟོས་པ་དང་། བརྒྱ་ཤོག་གི་མི་ཚང་མར་བྱ་རྐང་བགོས་ཚར་རྗེས་ད་དུང་ལྷག་མ་ཡོད་པས། དམག་མི་གསར་བས་ལྷག་མ་ལེན་མ་ཕོད། ཇ་ཁང་གི་ལས་རེས་ཡིན་པའི་ངེས་དོན་མཐར་ཕྱིན་གྱིས་རང་འགུལ་སྒོས་དམག་མི་གསར་བ་ཚང་མ་ཚུར་བོས་ཡོང་ཏེ་བྱ་རྐང་ཚང་མ་རེ་རེ་བཞིན་བགོས།
སྔོན་ཏག་ཏག་ལ་བརྒྱ་ཤོག་གི་དམག་མིས་སྤྱི་རྒྱ་ཉེར་ལྔ་འཁུར་ནས་སྤྱི་ལེ་ལྔའི་ཕྱི་རོལ་ཏུ་བགྲོད་པར་རྩ་འཛུགས་བྱས། ཟ་མ་བཟའ་བའི་སྐབས་སུ། ལྡིང་དཔོན་གྱིས་ཟ་མའི་ཚད་དེ་སྔོན་ཆད་དང་གཅིག་འདྲ་ཡིན་པ་མཐོང་བ་དང་། དེ་ནས་མྱུར་མོར་ཁོ་ཚོའི་འགོ་བ་བཙལ་ཏེ། འཐབ་འཛིང་འཛིན་གྲྭའི་སྦྱོང་བརྡར་གྱི་ཚད་ཅུང་ཆེ་བས། ཟ་མའི་ཚད་ཇེ་མང་དུ་གཏོང་དགོས་ཞེས་བཤད། ཀན་སུའུ་ནས་ཡོང་བའི་བཅུ་ཤོག་གཉིས་པའི་འཛིན་གྲྭ་བཞི་བའི་འཐབ་མོ་བ་བང་ཐེན་ཡུང་གི་ལུས་པོ་ཅུང་རིད་པ་དང་། ཟ་མ་ཟ་ཐེངས་རེ་རེར། ངེས་དོན་མཐར་ཕྱིན་གྱིས་ཁོ་ལ་མང་པོ་བཟའ་དགོས་པར་སྐུལ་བཞིན་ཡོད།
འདི་ལྟར། ངེས་དོན་མཐར་ཕྱིན་ནི་བརྒྱ་ཤོག་དཔོན་དམག་ཚོའི་སེམས་ནང་གི་ཕུ་བོ་བཟང་པོར་གྱུར། ཁོ་ཚོས་ལྟོས་ན། ལྡིང་དཔོན་ནི་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་གྲོགས་པོ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། བྱ་བའི་ཁྲོད་ཀྱི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པར། འཐབ་མོ་བ་སུའུ་ཧའོ་ཅེ་དང་ཀྲང་ཡུས་ལིན་གཉིས་བར་དུ་ཁ་རྩོད་བྱུང་། ངེས་དོན་མཐར་ཕྱིན་གྱིས་དོན་དེ་ཤེས་རྗེས། ཁོ་གཉིས་རྩྭ་ཐང་དུ་བོས། ཁྱེད་གཉིས་ཀྱིས་ལྟོས་དང་། རྟ་འདི་ཚོ་ཁྱུ་དང་ཁྱུ་བྱས་ནས་སྡོད་རྒྱུར་དགའ་བའི་རྒྱུ་མཚན་ཤེས་སམ་ཞེས་དྲིས་པ་ན། ཁོ་གཉིས་ཀྱིས་མགོ་བོ་ནང་དུ་བཀུག་ནས་ཤེས་བའི་བརྡ་བསྟན།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། ངེས་དོན་མཐར་ཕྱིན་ཙོག་འདུག་ཅིག་བྱས་རྗེས་མུ་མཐུད་དུ་བཤད་རྒྱུར། རྒྱུ་མཚན་ནི་རྟ་ཁྱུ་བྱས་ནས་བསྡད་ན་སྔར་ལས་ལྷག་པའི་སྒོ་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ། ང་ཚོའི་དམག་སྒར་ནི་རྩྭ་ཐང་ཆེན་པོ་འདི་དང་འདྲ་བར་ཚང་མར་མཐུན་སྒྲིལ་ལྡན་དགོས་པ་དང་། ཕན་ཚུན་ལ་རོགས་རམ་བྱས་ན། ད་གཟོད་རང་ཉིད་སྔར་ལས་བཟང་པོ་དང་དཔའ་ངར་ལྡན་པ་ཞིག་ཏུ་གཏོང་ཐུབ་ཟེར།
སྐད་ཆ་འདི་ཐོས་པ་ན། འཐབ་མོ་བ་གཉིས་ཀྱི་ངོ་མདོག་དམར་པོར་གྱུར། ངེས་དོན་མཐར་ཕྱིན་གྱིས་སྐད་ཆ་མང་པོ་བཤད་པར་མ་སྒུག་པར་རང་རང་ས་ནས་ལག་འཇུ་བྱས་ཏེ་འགྲིག་མཐུན་ཡོང་བར་བྱས།
དོན་ངོ་མར་བཤད་ན། བརྒྱ་ཤོག་རུ་ངེས་དོན་མཐར་ཕྱིན་དང་འབྲེལ་འདྲིས་ཡུན་རིང་བྱས་ན། དཔོན་དམག་མང་པོ་ཞིག་གིས་ཁོས་དུས་དང་རྣམ་པ་ཀུན་ཏུ་ཚང་མའི་སེམས་ཀྱི་འགྱུར་བར་ལྟ་བཞིན་ཡོད་པ་མ་ཟད། ད་དུང་རྒྱུན་དུ་འཐབ་མོ་བ་བསམ་པ་དང་། ཁོ་ཚོའི་དཀའ་ངལ་ཐག་གཅོད་བྱེད་པར་རོགས་རམ་བྱེད་བཞིན་པ་རྟོགས།
ད་ལོའི་ཟླ་བཞི་བར། བཅུ་ཤོག་གསུམ་པའི་འཛིན་གྲྭ་བདུན་པའི་པན་ཀྲང་ཧྲིན་ཅང་ཧོས་ངལ་གསོ་བྱས་ནས་ཕྱིར་ཐོན་རྗེས་སྔོན་དང་མི་མཚུངས་པ་ལྟར་གྱུར་ཏེ། ཉིན་རྒྱུན་འདང་རྒྱག་ནང་དུ་ལྷུང་བ་དང་། སྦྱོང་བརྡར་བྱེད་སྐབས་སྟོབས་ཤུགས་མེད་པར་གྱུར་འདུག སྐབས་འགར་ད་དུང་དངོས་པོ་བསྡུ་ཉར་བྱེད་སའི་ཁང་བའི་ནང་མིག་ཆུ་འབྱིན་བཞིན་འདུག ཁོ་དང་ལོ་ངོ་མང་པོར་འབྲེལ་འདྲིས་བྱས་མྱོང་བའི་ངེས་དོན་མཐར་ཕྱིན་གྱིས་ཁོ་རང་ལ་དོན་དག་ཅིག་བྱུང་བ་ཤེས་ནས་ཁོ་དང་སེམས་གཏམ་གླེང་བ་ན། ད་གཟོད་ཁོའི་ཨ་མར་ངལ་གསོའི་སྐབས་སུ་གཤགས་བཅོས་བྱས་པ་དང་། ངལ་གསོའི་དུས་ཚོད་ལོངས་པས་ཕྱིར་དམག་དཔུང་དུ་ཞུགས་པ་དང་། ཨ་མར་གཉོར་སྐྱོང་བྱེད་མ་ཐུབ་པ་རྟོགས། དེའི་རྐྱེན་གྱིས་ཧྲིན་ཅང་ཧོས་ཡིས་སྦྱོང་བརྡར་བྱེད་ཐེངས་རེར་སེམས་རྣལ་ལ་ཕབ་བཞིན་མེད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་རྗེས་ངེས་དོན་མཐར་ཕྱིན་གྱིས་ཧྲིན་ཅང་ཧོས་ཀྱི་མདུན་ནས་ཅི་ཡང་མ་བཤད། ཉིན་འགའ་འགོར་རྗེས། ཧྲིན་ཅང་ཧོས་ལ་རང་གི་ཨ་མའི་ཁ་པར་ཞིག་འབྱོར།
མ་གཞི་ལྡིང་དཔོན་གྱིས་ངའི་ཨ་མར་ཁ་པར་ཐེངས་མང་པོར་བཏང་ནས་ཁོ་མོའི་ནད་ཀྱི་གནས་ཚུལ་དྲིས་པ་དང་། ད་དུང་ས་དེའི་ཁྱད་ཐོན་དངོས་རྫས་ངའི་ཨ་མར་བསྐུར་བ་རེད། སྐབས་འདིར། ཧྲིན་ཅང་ཧོས་ཡིས་ད་གཟོད་ངེས་དོན་མཐར་ཕྱིན་གྱིས་བརྒྱ་ཤོག་ཏང་ཀྲི་པུའུ་ལ་གནས་ཚུལ་དེ་ཡར་ཞུ་བྱས་པར་མ་ཟད། ད་དུང་ཚང་མས་སྦྱོང་བརྡར་དང་འཚོ་བའི་ཁྲོད་ཁོ་ལ་སེམས་ཁུར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རྟོགས།
ལྡིང་དཔོན་གྱིས་ང་ལ་ཤན་ཤུགས་ཟབ་མོ་ཞིག་བཞག་སོང་། དེ་ནི་ཁོ་རང་དུས་རྒྱུན་ཚང་མ་དང་མཉམ་དུ་རྐུབ་སྟེགས་རིང་བོ་ཞིག་གི་སྟེང་བསྡད་དེ་སེམས་གཏམ་གླེང་བ་དེ་རེད་ཅེས་བཅུ་ཤོག་གཉིས་པའི་འཛིན་གྲྭ་བཞི་བའི་འཐབ་མོ་བ་ཡུས་ཞའོ་ཧྲན་གྱིས་དེ་ལྟར་བཤད་པ་དང་། ཐེངས་རེར་ཁ་བརྡ་བྱེད་པའི་སྐབས་སུ། ངེས་དོན་མཐར་ཕྱིན་གྱིས་རྐུབ་སྟེགས་ཆུང་ཆུང་ཞིག་ཁྱེར་ཡོང་ནས་འཐབ་མོ་བ་དང་མཉམ་དུ་ཁ་བརྡ་བྱེད་བཞིན་ཡོད་ཟེར།
ལྡིང་དཔོན་གྱིས་བཤད་ན། འཐབ་མོ་བ་ཚོར་སེམས་གཏད་དེ་ཁ་བརྡ་བྱེད་ན་ངེས་པར་དུ་འདྲ་མཉམ་དང་ཡིད་ཆེས་བྱེད་དགོས་པ་དང་། འདི་ནི་འཐབ་མོ་བར་བརྩི་བཀུར་བྱེད་པ་ཞིག་རེད་ཅེས་ངེས་དོན་མཐར་ཕྱིན་གྱིས་འདི་ལྟར་བརྗོད་ལ་དེ་ལྟར་སྒྲུབ་པ་ཡང་ཡིན།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར། འཐབ་མོ་བ་གསར་བ་པིས་ཅང་ཧྥུན་ཐེངས་དང་པོར་བརྒྱ་ཤོག་རུ་ཡོང་། སྐབས་དེར། དམག་མི་གསར་བར་སྦྱོང་བརྡར་བྱེད་པ་དེ་ཚན་ཆུང་གསུམ་དུ་དགར་ཡོད་པ་དང་། རྒྱུགས་བླངས་རྗེས། པིས་ཅང་ཧྥུན་རྒྱུགས་འབྲས་ཅུང་ཞན་པའི་ཚན་ཆུང་གསུམ་པའི་ནང་བགོས།
སྐབས་དེར་སེམས་ཕམ་པ་དང་འཚུབ་ཆ་ཡང་ལྡན་པར་གྱུར་བ་དང་། རང་ཉིད་གཞན་གྱི་རྗེས་ཆོད་ཀྱི་མེད་པའི་སྣང་བ་ཡོད་ཅེས་སྐབས་དེར་བཅུ་ཤོག་གཉིས་པའི་བཅུ་དཔོན་ངེས་དོན་མཐར་ཕྱིན་གྱིས་པིས་ཅང་ཧྥིན་རྒྱུན་ལྡན་མ་ཡིན་པ་རྟོགས། སྦྱོང་བརྡར་མཇུག་རྫོགས་རྗེས་རྒྱུན་དུ་ཁོ་དང་སེམས་གཏམ་གླེང་། ད་དུང་ངལ་གསོའི་སྐབས་སུ་ཁོར་ཟ་མ་ལས་པ་དང་། རང་ཉིད་ཀྱི་ཟ་མ་བཟོ་བའི་ལག་རྩལ་ཆུང་ཆུང་ཁོར་སློབ་ཏུ་བཅུག་པ་དེས་པིས་ཅང་ཧྥུན་ལ་ཡིད་ཆེས་བསྩལ།
ངེས་དོན་མཐར་ཕྱིན་འཐབ་མོ་བ་ཚོར་ཤིན་ཏུ་གཅེས་ཡང་། སྦྱོང་བརྡར་བྱེད་སྐབས་ཤིན་ཏུ་གཟབ་ནན་ཡིན་པ་རེད།
ཉིས་སྟོང་བཅུ་དྲུག་ལོར། དམག་མི་གསར་བ་ཡིན་པའི་མཱ་ཧའེ་པའོ་ཐེངས་དང་པོར་རྟ་ལ་ཞོན། འགྲན་རྩོད་འདི་ལ་ཁ་གཏོད་སྐབས། ཁོ་རྟ་ཐོག་ལ་མ་ཞོན་ཀྱང་སེམས་འཚབ་ནས་ཀླད་པ་ཧྲིལ་བོ་སྟོང་བར་གྱུར།
སྦྱོང་བརྡར་མགོ་བརྩམས་བྱུང་།
མཱ་ཧའེ་པའོ་ཡིས་ཐུར་མདའ་དམ་པོར་བཟུང་བ་ན། རྟས་དབུགས་ཧུབ་ཀྱིས་རྔུབ་པ་དང་། ལག་པས་ས་བྲད། མུས་ལྔ་བཅུའི་ཕྱི་རོལ་གྱི་ཆུ་ཕྲན་འགྲམ་གཉིས་སུ་འཐབ་མོ་བ་བཞིས་སྤོ་ལོ་འཛུལ་སའི་སྒོ་ཆུང་ཞིག་བཟོས་འདུག
མ་སྐྲག སྔོན་ལ་རྟ་ཁ་འཐེན། དེའི་འཕྲོར་རྐང་པས་རྟའི་ཕོ་བར་རྡུང་། རེད། རྒྱུགས་ཞེས་ངེས་དོན་མཐར་ཕྱིན་འགྲམ་དུ་ལངས་ནས་དེ་ལྟར་བཀོད་འདོམས་བྱས།
བཀོད་འདོམས་ལ་ཉན་རྗེས། མཱ་ཧའེ་པའོ་རྟ་ལ་ཞོན་ནས་མདུན་དུ་རྒྱུགས། ཆུ་ཕྲན་འགྲམ་དུ་སླེབས་པ་ན་རྟ་ཁ་གློ་བུར་དུ་བགགས་འགྲོ་བ་སུས་ཀྱང་ཡིད་ལ་མ་དྲན། མཱ་ཧའེ་པའོ་རྟ་ཐོག་ནས་འགྱེལ་ཏེ་ཆུ་ནང་དུ་ལྷུང་། རྟ་ཐོག་ནས་ལྷུང་སྐབས་ཁོས་ངེས་དོན་མཐར་ཕྱིན་གྱིས་བཤད་པ་ལྟར་སྒྲུབ་པ་དང་། ལག་པ་གཡོན་པས་ཐུར་མདའ་དམ་པོར་བཟུང་།
མཱ་ཧའེ་པའོ་ཡིས་ཆུ་ཚོད་བཙོས་རྗེས། ཀླད་པའི་ནང་ད་ཚར་སོང་ཞེས་འདོད། འདས་དོན་དེ་ལ་ཕྱིན་དྲན་བྱེད་སྐབས། ངེས་དོན་མཐར་ཕྱིན་གྱི་སྐད་ཆ་ཚིག་གཅིག་མཱ་ཧའེ་པའོ་ཡི་ཀླད་པའི་ནང་གསལ་བོར་གནས་ཡོད། ལྡིང་དཔོན་གྱིས་བཤད་ན། རྟ་ཞོན་མཁན་བཟང་པོ་ཞིག་ནི་རྟ་ཐོག་ནས་འགྱེལ་མྱོང་བ་ཞིག་ཡིན། སྐྱ་དམག་ཞིག་ཡིན་པའི་ཆ་ནས། སྐྱ་དམག་ལ་ཡོད་དགོས་པའི་རུས་པ་སྲབ་མོ་ཅན་ཞིག་ཡིན་དགོས། ཐང་ལ་ཐང་གཅིག་འགྱེལ་ན་སྐྲག་མི་དགོས། སྐྲག་སྣང་ལ་ཁ་གཏད་འཇལ་ན། ད་གཟོད་རྟ་ཞོན་མཁན་བཟང་པོ་ཞིག་ཏུ་འགྱུར་ཐུབ་ཞེས་པ་དེ་ཡིན།
ལྡིང་དཔོན་གྱི་གདོང་ལ་འགྱུར་ལྡོག་ཆེ། གཟབ་ནན་ཡིན་པའི་སྐབས་སུ་ངོ་མདངས་གནག་པ་དང་། ལྟོས་པ་ཙམ་གྱི་སྐྲག་སྣང་བསྐྱེད། དགའ་བའི་སྐབས་ངོ་མདངས་དམར་ཅིང་། སྙིང་རྗེ་བ་ཞིག་ཏུ་སྣང་། ཉིས་སྟོང་བཅོ་བརྒྱད་ལོར། བཅུ་དཔོན་དོན་འགྲུབ་ཆོས་འཕེལ་ཡུལ་ཤུལ་སྐྱ་དམག་བརྒྱ་ཤོག་རུ་ཡོང་ནས་བྱ་བ་སྒྲུབ་པ་དང་། ཤ་མདངས་སྨུག་ནག་ཡིན་ཞིང་། གཟུགས་སྟོབས་ཆེ་བའི་ངེས་དོན་མཐར་ཕྱིན་དང་ཐེངས་དང་པོར་ངོ་འཕྲད་པ་ཞིག་རེད།
ཉིན་དེར། གྲང་རླུང་ཆེན་པོས་དོན་འགྲུབ་ཆོས་འཕེལ་གྱི་གདོང་ལ་གཙེས་པ་ན་ན་ཟུག་ཅིག་ཀྱང་བསྐྱེད། ཁོས་ལེ་བདའ་བྱེད་འདོད་པའི་སྐབས་སུ། ངེས་དོན་མཐར་ཕྱོན་སྔོན་ལ་ཁ་གྲགས་བྱུང་།
མཐོ་སྒང་གི་གྲང་རླུང་གིས་གསར་བུ་ཞིག་བུ་རྒོད་ཅིག་ཏུ་འགྱུར་དུ་འཇུག་ཐུབ་པ་དང་། ང་ཚོ་སྐྱ་དམག་བརྒྱ་ཤོག་ནི་ཡུལ་ཤུལ་གྱི་གྲང་རླུང་ཁྲོད་ནམ་ཡང་མི་འགྱེལ་བའི་རྡོ་རིང་ལྟ་བུ་ཞིག་ཡིན་ཟེར།
ཉིན་དེའི་དགོང་མོར། ངེས་དོན་མཐར་ཕྱིན་གྱིས་དོན་འགྲུབ་ཆོས་འཕེལ་ལ་རྫ་དུག་ཕོག་པར་སེམས་ཁུར་བྱས། ཁོས་རང་འགུལ་གྱིས་སྨན་ཁྱེར་ནས་ཉལ་ཁང་དུ་སོང་ནས་ཁོར་བསྐོར་བརྒྱབ། དོན་འགྲུབ་ཆོས་འཕེལ་སེམས་འགུལ་ཐེབས་པའི་སྒོ་ནས་མི་འདི་ཧ་ཅང་ཞིབ་ཚགས་ཅན་ཞིག་རེད་ཟེར། ཉིན་འགའ་མ་འགོར་བར། ཁོ་གཉིས་རྒྱུས་ཡོད་ཅན་ཞིག་ཏུ་གྱུར།
སྦྱོང་བརྡར་གྱི་སྔོན་ལ། དོན་འགྲུབ་ཆོས་འཕེལ་གྱིས་རྟ་ཞོན་རྒྱུ་ཧ་ཅང་སླ་བ་དང་། ཤུགས་འདོན་མི་དགོས་པར་འདོད། སྔ་དྲོ་གཅིག་ལ་སྦྱོང་བརྡར་བྱས་རྗེས། ཁོའི་བརླ་ཤ་དང་། ཨོང་ཤ སྐེད་པ། དཔུང་བ་སོགས་ན་འགྲོ་བ་སུས་ཀྱང་ཡིད་ལ་མ་དྲན། ཁོས་རང་གི་ཉེ་འགྲམ་དུ་ཉིན་གང་བོར་སྦྱོང་བརྡར་བྱེད་བཞིན་པའི་ངེས་དོན་མཐར་ཕྱིན་ལ་ལྟ་བཞིན་སེམས་ལ་ཡིད་སྨོན་ཞིག་དང་གོང་བཀུར་གྱི་བསམ་པ་ཞིག་དབང་མེད་དུ་སྐྱེས་བྱུང་།
དོན་འགྲུབ་ཆོས་འཕེལ་རྟ་ཐོག་ནས་འགྱེལ་བར་སྐྲག་པའི་སེམས་ཁམས་ལ་རོགས་རམ་བྱེད་ཆེད། ངེས་དོན་མཐར་ཕྱིན་གྱིས་རང་འགུལ་སྒོས་དོན་འགྲུབ་ཆོས་འཕེལ་ལ་རྟ་ཞོན་པའི་རྩལ་ནུས་རེ་རེ་བཞིན་བསླབ། ཐེངས་མང་པོར་རྟ་ཐོག་ནས་སྦྱོང་བརྡར་བྱས་པ་བརྒྱུད། ཁོ་གཉིས་ཀྱི་རྟ་ལ་ཞོན་པའི་ཆུ་ཚད་རིམ་བཞིན་བརྟན་འཇགས་སྒོས་གོང་འཕེལ་ལ་སོང་།
ལོ་ཙཱ། ཚེ་རིང་སྒྲོལ་མ།