དུས་རབས་གསར་བའི་ཚན་རྩལ་གྱིས་དམངས་ལ་ཞབས་འདེགས་ཞུས་པ།
2019.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 326

བློ་བཟང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་པའི་བོད་རིགས་བུ་རྒོད་ཅིག་ཡིན་ལ། བོད་ལྗོངས་ནས་ལས་སྐྲུན་བྱེད་པ་དང་ཆབས་ཅིག ཕ་ཡུལ་གྱི་ཡོད་ཚད་མ་བརྗེད་པར་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་རྒྱུའི་སེམས་ཐག་བཅད། 2012ལོའི་ཟླ་ལྔ་བར། ཁོས་མཚོ་སྔོན་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་ཟི་བཙུགས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་བཟོ་ལས་ར་བར་གཞིས་ཆགས་ཡོད། བོད་ཁུལ་ནས་བོད་ཡིག་གློག་རྡུལ་ཐོན་རྫས་ཀྱི་ལྷུ་ཆས་སྒྲིག་སྦྱོར་ཐོན་སྐྱེད་ལྟེ་གནས་ཆེས་ཐོག་མ་དང་། བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་ཆེད་ལས་གཉེར་མཁན་གྱི་ལས་རིགས་ལག་རྩལ་སློབ་གྲྭའང་ཆེས་ཐོག་མ་དེ་ཡིན་པས། བློ་བཟང་ཚན་རྩལ་གྱིས་ལས་རིགས་སློབ་གྲྭ་དང་། བཟོ་སྐྲུན་ཞིབ་འཇུག་ལྟེ་གནས། བཟོ་གྲྭ། ཀུང་སི་བཅས་ཀྱི་འཕེལ་རྒྱས་བྱེད་ཐབས་བརྒྱུད་ནས། སློབ་གྲྭ་ནས་གཞུང་ལུགས་སྦྱོང་བ། བཟོ་གྲྭ་ནས་ལག་རྩལ་སྦྱོང་བ། ཀུང་སི་ནས་དོ་དམ་སྦྱོང་བ། བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ནས་ལས་གཞི་གསར་སྤེལ་གྱི་ལས་ཀ་གཉེར་བའི་འཕེལ་རྒྱས་ཕྱོགས་ལ་བརྩོན་བཞིན་ཡོད། ཀུང་སིའི་སྤྱི་གཉེར་བ་བློ་བཟང་གིས་ལས་རིགས་གཙོ་བོ་གང་དག་གཉེར་བཞིན་པའི་ཐད་ནས་བཤད་རྒྱུར།

བློ་བཟང་ཚན་རྩལ་གྱིས་ལས་ཀ་གཙོ་བོ་འདི་དག་གཉེར་བཞིན་ཡོད། གཅིག བོད་ཡིག་ཆ་འཕྲིན་ལས་རིགས་ལག་རྩལ་སྐོར་གྱི་མི་སྣ་སྐྱེད་སྲིང་བྱེད་ཀྱིན་ཡོད། གཉིས་བོད་ཀྱི་ས་གནས་སུ་རྒྱ་སྐད་མི་གོ་བའི་ས་ཆ་ཧ་ཅང་མང་བས། དེའི་སྐོར་གྱི་ཁེ་ལས་གཉོར་སྐྱོང་གི་སྐོར་ཀྱང་ས་ཆ་མང་པོ་རུ་ལས་བཞིན་ཡོད་ལ་ཕན་ཐོགས་ཆེན་པོ་ཡོད། གསུམ་ནི་དེང་སྐབས་འགྲན་སྡུར་དུ་ཞུགས་ཏེ། སྲིད་གཞུང་གི་མ་ལག་ཏུ་ཞུགས་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་འགྲན་སྡུར་གྱི་སྐོར་ནས་ཡང་འགན་ཁུར་བཞིན་ཡོད། སྔོན་ཆད་ཀྱི་བོད་ཡིག་གློག་རྡུལ་ཐོན་རྫས་ཀྱི་ཐད་ཞིབ་འཇུག་དང་ཐོན་རྫས་ལས་སྣོན། ཕྱིར་འཚོང་བྱེད་བཞིན་ཡོད། དེ་མིན། ལོ་འདི་དག་གི་རིང་ལ། དྲ་རྒྱ་ཧ་ཅང་དར་ཁྱབ་ཆེ་བས་བོད་ཀྱི་ས་གནས་སུ་ཡང་དྲ་རྒྱ་གལ་ཆེན་རེད་ཞེས་ནས་དྲ་རྒྱའི་ཐད་ཀྱི་བྱ་བ་སྣ་གསུམ་བཞི་ལས་བཞིན་ཡོད། གཅིག་བོད་རྒྱ་སྐད་གཉིས་ཀྱི་སྲིད་དོན་དྲ་རྒྱ་ལས་བཞིན་ཡོད་པ་དང་། གཉིས། མང་ཚོགས་ཀྱི་ཆ་འཕྲིན་མ་ལག་སྐོར་ལས་བཞིན་ཡོད། གསུམ་ནི་གློག་རྡུལ་ཚོང་དོན་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་འགྲོ་བར་འབད་བཞིན་ཡོད། མཚོ་བོད་མཐོ་སྒང་གི་ཐོན་རྫས་མང་ཆེ་ཤོས་རྒྱ་སྐད་མི་ཤེས་པའི་འབྲོག་པའི་ལག་ཏུ་ཡོད་པས། དེ་དག་གློག་རྡུལ་ཚོང་དོན་སྟེང་བེད་སྤྱད་དེ་བོད་སྐད་ཡོད་ན་འབྲོག་པ་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད་པས། གློག་རྡུལ་ཚོང་དོན་གྱི་ཐད་ཀྱང་ཞབས་ཞུ་སྒྲུབ་བཞིན་ཡོད། དེ་མིན་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་གྱི་གསོ་སྦྱོང་འཛིན་གྲྭ། དཔེར་ན་གློག་རྡུལ་ཚོང་དོན། བོད་ཡིག་ཆ་འཕྲིན་ལག་རྩལ། ལས་སྒོ་གསར་སྤེལ་སོགས་ཀྱི་ཐད་གསོ་སྦྱོང་འཛིན་གྲྭ་མང་པོ་སྒྲུབ་བཞིན་ཡོད་ལ། དེ་ལྟར་བྱས་ན་སྤྱི་ཚོགས་ལ་ཕན་ཁེ་ཅུང་ཙམ་བསྐྲུན་ཐུབ་སྙམ་བཞིན་ཡོད།

བློ་བཟང་ཚན་རྩལ་གྱི་ས་ཆའི་རྒྱ་ཁྱོན་ལ་མུའུ་རེ་བརྒྱད་ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཅིག་ལྷག་ཡོད། རྒྱལ་ཁབ་ནས་སྤྲད་པའི་ཁེ་དབང་དཔང་ཡིག་ བཅོ་ལྔ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས་བཅུ་གཅིག་ལ་འགན་འཁུར་མྱོང་། ཀུང་སི་རང་གིས་གསར་སྤེལ་ཐོན་སྐྱེད་བྱས་པའི་ཐོན་རྫས་ཉི་ཤུ་ལྷག་ཡོད། དེ་མིན་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཉི་ཟེར་སྲིད་དོན་དྲ་བ་དང་ཆ་འཕྲིན་འཚོལ་བཤེར་མ་ལག་སོགས་ཀྱང་སྒེར་གཞུང་གཉིས་ལ་གསར་སྤེལ་བྱེད་བཞིན་ཡོད།

བློ་བཟང་ཚན་རྩལ་ལ་ཏང་གི་རྩ་འཛུགས་ཞིག་ཡོད་པ་དང་། ཏང་གི་རྩ་འཛུགས་སྐད་གཉིས་ཀྱི་ལམ་ནས་སྒྲུབ་བཞིན་ཡོད་པས་ཕན་པ་ཆེན་པོ་ཐོན། བོད་ཡིག་གི་སྐོར་བོད་ཀྱི་མཁས་པ་འགའ་ཡིས་འགན་ཁུར་ཏེ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གོང་མར་ཡར་ཞུ་བྱས་ཏེ་སྐད་གཉིས་ཀྱི་ཏང་གི་རྩ་འཛུགས་བྱས་ན་བཟང་། རྗེས་ཕྱོགས་ཀྱི་ལོ་འགའི་ནང་སྤྱི་ཚོགས་ཀྱི་ལས་ཀ་མང་པོ་གཞི་རིམ་དུ་ཁ་གཏད་དགོས་པས། ཏང་གི་རྩ་འཛུགས་འདི་སྐད་གཉིས་ཀྱིས་སྒྲུབ་ན་བཟང་ཞེས་ཚོད་ལྟ་བྱས་ཏེ་དྲ་རྒྱ་ལ་བརྟེན་ནས་སྒྲུབ་བཞིན་ཡོད་པ་དང་།  དེ་མིན་ལས་རིགས་ལག་རྩལ་སློབ་གྲྭའི་ཐད་ནས་གོ་སྐབས་མང་པོ་ཞིག་ཐོབ་པ་དང་། ལོ་འདི་འགའི་རིང་ལ། རྒྱལ་ཁབ་ཀྱིས་ལས་རིགས་ལག་རྩལ་གྱི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་དང་། རྣམ་པ་གསར་བ་དང་གསར་གཏོད་ཀྱི་ནུས་པ་ཡོད་པ། 2015ལོར། རྒྱལ་ཁབ་སློབ་གསོ་པུའུ་ལ་ཡར་ཞུ་བྱས་ཏེ། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཆེད་སྦྱོང་འཛིན་གྲྭ་འཛུགས་རྒྱུར་མཆོག་མཆན་བཀོད་དེ་སློབ་མ་བསྡུ་ལེན་བྱས་པ་དང་། ན་ནིང་སློབ་མ་སྐོར་དང་པོ་མཐར་ཕྱིན།

བློ་བཟང་ཚན་རྩལ་ཀྱི་ཁོངས་སུ་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་བློ་བཟང་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་བློ་བཟང་རྩིས་འཁོར་གསོ་སྦྱོང་སློབ་གྲྭ མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་རིག་གནས་སྒྱུ་རྩལ་གསར་གཏོད་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་སྤྲིན་ཚོང་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་མཚོ་ལྷོ་ཁུལ་བློ་བཟང་ལས་རིགས་གསོ་སྦྱོང་སློབ་གྲྭ་དང་ཁྲི་ཀ་རྫོང་བློ་བཟང་ལས་རིགས་གསར་སྤེལ་གཉོར་སྐྱོང་གླིང་ཚད་ཡོད་ཀུང་སི་སོགས་ཡོད། ཆ་འཕྲིན་ལག་རྩལ་བེད་སྤྱོད་ནས་གློག་རྡུལ་ཐོན་རྫས་དང་། ཡུལ་སྐོར་རིག་གནས། ཞིང་འབྲོག་ཚན་རྩལ། ལས་རིགས་ལག་རྩལ་སོགས་ལས་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད།

བློ་བཟང་ཚན་རྩལ་གྱིས་ལས་རིགས་ལག་རྩལ་སློབ་གྲྭ་དང་བཟོ་གྲྭ། ཀུང་ཟི། བཟོ་སྐྲུན་ལག་རྩལ་ལྟེ་གནས། ལས་སྐྲུན་ར་བའི་འཕེལ་རྒྱས་འདུ་ཤེས་ལ་ཟུང་འབྲེལ་དམ་པོ་བྱེད་བཞིན་ཡོད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ནས་བོད་ཡིག་རྩིས་འཁོར་ལག་རྩལ་བཀོལ་སྤྱོད་ཀྱི་གསོ་སྦྱོང་རྟེན་གཞི་བཙུགས་པ་མ་ཟད། བོད་ཡིག་རྩིས་འཁོར་ལག་རྩལ་བཀོལ་སྤྱོད་བྱེད་པའི་ཆེད་ལས་སློབ་མ་བསྡུ་ལེན་བྱས་པ་དང་། གཞུང་ལུགས་བེད་སྤྱོད་བཟང་བོ་བྱས་ཏེ། ལག་ལེན་འབུར་དུ་ཐོན་པའི་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལས་རིགས་སློབ་གྲྭ་བཙུགས། བློ་བཟང་ཚན་རྩལ་ཀུང་སིའི་འགོ་བ་བློ་བཟང་གིས་ལས་རིགས་ལག་རྩལ་སློབ་གྲྭའི་ཁྱད་ཆོས་བརྗོད་བྱུང་།

ལས་རིགས་ལག་རྩལ་ཐད་ཀྱི་ཁྱད་ཆོས་ནི་སློབ་དེབ་ཚང་མ་སྐད་གཉིས་ཀྱིས་ཁྲིད་བཞིན་ཡོད་ལ། དཔེ་ཁྲིད་མང་ཤོས་བོད་སྐད་ཀྱིས་ཁྲིད་བཞིན་ཡོད། མཐར་ཕྱིན་སྐབས་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་སྟེང་ནས་མཐར་ཕྱིན་དགོས་ལ། བོད་ཀྱི་སྤྱི་ཚོགས་ཁྲོད་ཞུགས་ནས་ཆ་འཕྲིན་ལག་རྩལ་གྱི་ཞབས་ཞུ་སྒྲུབ་དགོས་པ་དང་། དེ་ནས་སློབ་མའི་ལས་མིའི་ལམ་ལུགས་བརྒྱུད་ནས་དྲ་རྒྱའི་བསམ་བློ་འབུར་དུ་བཏོད་པ་ཡིན། ཚོགས་འདུ་དྲ་རྒྱའི་སྟེང་འཚོག་པ་དང་སློབ་ཁྲིད་དྲ་རྒྱའི་སྟེང་བྱེད་པ། ལས་བྱ་དྲ་རྒྱའི་སྟེང་འབྲི་བ། དཔེ་ཁྲིད་དྲ་རྒྱའི་སྟེང་བྱེད་པ་བཅས་བྱས་ན། དྲ་རྒྱའི་བསམ་བློ་ལྡན་པ་དང་དྲ་རྒྱའི་སྟེང་ལས་ཀ་ལས་པའི་ཉམས་མྱོང་ཐོབ་སྲིད། བོད་ཀྱི་སྤྱི་ཚོགས་ནང་དྲ་རྒྱ་གལ་ཆེ་བར་བསམ་ནས་དྲ་རྒྱ་གཙོ་གནད་དུ་བཟུང་བ་ཡིན། གཉིས་ནས་དངོས་སྦྱོང་གཙོ་བོ་བྱེད་པ། བཞི་ཆའི་གཅིག་གཞུང་ལུགས་ཁྲིད་ཀྱིན་ཡོད་པ་དང་། བཞི་ཆའི་གསུམ་དངོས་སྦྱོང་རེད། དེ་ལྟར་འཇོག་དོན་ནི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་ངོ་མ་ཤེས་དགོས་པ་དང་། དཀའ་ངལ་གང་དུ་ཡོད་པ་དང་དགོས་མཁོ་གང་དུ་ཡོད་པ། གང་གི་ཕྱོགས་སུ་ཞབས་ཞུ་སྒྲུབ་ན་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པ་སོགས་སློབ་མ་རྣམས་ཀྱིས་ཤེས་ན་སློབ་མར་ཕན་ཐོག་ཆེ་བར་སྙམ་ནས། ལོ་འདི་འགའི་རིང་། སློབ་མ་སྐྱེད་སྲིང་བྱེད་པའི་ཉམས་མྱོང་སྟེང་ནས་ཕ་མ་མང་པོས་བྱིས་པ་བློ་བཟང་སློབ་གྲྭར་བསྐྱལ་ན་འགྱུར་ལྡོག་བྱུང་ཡོད་ཟེར། སྔོན་ཆད་ཕ་མའི་ཁ་མི་ཉན་པ་རྣམས་ཀྱིས་དེང་སྐབས་སྐྱིད་སྡུག་རྟོགས་ཀྱིན་ཡོད་ལ། བསམ་བློར་འགྱུར་ལྡོག་བྱུང་ཡོད། སྤྱི་ཚོགས་ཀྱི་དཀའ་ངལ་ཤེས་ནས་རང་ལ་ལ་རྒྱ་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཤེས་ནས་སློབ་སྦྱོང་བྱེད་བཞིན་ཡོད། རང་ཉིད་ཀྱིས་རང་འགུལ་སྒོས་སློབ་སྦྱོང་བྱེད་པའི་འདུན་པ་ཡོད་པས་རང་གིས་སྦྱངས་ན་འདོད་པ་སྦྱངས་བཞིན་ཡོད་ལ། དེ་ནི་ང་ཚོའི་ལས་རིགས་སློབ་གྲྭའི་ཁྱད་ཆོས་ཅིག་རེད།

ཉེ་བའི་ལོ་འགའི་རིང་ལ། བློ་བཟང་ཚན་རྩལ་གྱིས་བོད་རྒྱ་ཡིག་གཉིས་ཀྱི་ཉི་ཟེར་སྲིད་དོན་མ་ལག་དང་བོད་རྒྱ་ཡིག་གཉིས་ཀྱི་ཆ་འཕྲིན་འཚོལ་ཞིབ་མ་ལག བོད་རྒྱ་ཡིག་གཉིས་ཀྱི་གསར་འགྱུར་དྲ་བ་སོགས་ཀྱི་མ་ལག་གསར་སྤེལ་བྱས་པ་དང་། རོང་འབྲོག་པ་མཉམ་འབྲེལ་དྲ་རྒྱར་ཞུགས་པར་ཁྲིད་སྟོན་བྱས་ཏེ། འདུ་ཤེས་བསྒྱུར་བ་དང་དབུལ་ཐར་ཕྱུག་འགྱུར་བྱས། བོད་ཁམས་ཀྱི་ཆ་འཕྲིན་ལག་རྩལ་དང་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་ཁ་གཏད་ནས། བློ་བཟང་ཚན་རྩལ་གྱིས་བོད་རྒྱ་ཡིག་གཉིས་ཀྱི་ཚོང་དོན་སྟེགས་བུ་གསར་སྤེལ་བྱས་ཏེ། དྲ་ལམ་དང་ཚོང་ཁང་གཉིས་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་བཙོང་དང་ཁྱབ་གདལ་དུ་བཏང་། ལས་གཞི་དེའི་བོད་ཁམས་ཀྱི་ཚོང་རྫས་ཉོ་འཚོང་ལམ་ཆེན་ཕྱེས་པ་དང་། བོད་ཁམས་ཀྱི་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་ལ་ནུས་པ་བཏོན། བློ་བཟང་ལག་རྩལ་སློབ་གྲྭའི་སློབ་མ་བཀྲ་བྷོ་ཡིས་བཤད་རྒྱུར།

ང་ནི་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཞིག་ཡིན། 2018ལོའི་ཟླ་དྲུག་པར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ་ནས་སློབ་མཐར་ཕྱིན་རྗེས། ཟླ་དགུ་བའི་ནང་རྒྱུགས་ལ་ཞུགས་ཏེ་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭ་རུ་ཡོང་བ་ཡིན། ང་ཚོའི་སློབ་གྲྭའི་ཆེད་ལས་གཙོ་བོ་ནི་ཆ་འཕྲིན་ལག་རྩལ་གཙོར་བཟུང་བཞིན་ཡོད། རང་ཉིད་ཡིན་ན་མ་འོངས་པར་ཆ་འཕྲིན་ལག་རྩལ་གྱི་སྐོར་ནས་བྱ་བ་བསྒྲུབ་པའི་འཆར་གཞི་ཡོད་པ་དང་། ང་ཚོའི་སློབ་སྦྱོང་གི་རིམ་པ་ནས་སློབ་གྲྭ་དང་རྒྱལ་ཁབ་རིམ་པའི་སྲིད་ཇུས་རབ་དང་རིམ་པ་ཐོན་པ་དང་། སློབ་གྲྭས་ཀྱང་སློབ་སྦྱོང་གི་ཐད་ལ་མཐུན་རྐྱེན་རབ་དང་རིམ་པ་བསྐྲུན་ཏེ། དེང་སྐབས་ཆ་འཕྲིན་གྱི་ཐད་འབད་པ་ཆེན་པོ་བྱེད་བཞིན་ཡོད་ལ། མ་འོངས་པར་ཡང་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་བོད་ཁུལ་ལ་རང་ནུས་གང་ཡོད་ཀྱིས་བྱ་བ་སྒྲུབ་རྒྱུ་ནི་རང་ཉིད་ཀྱི་ཕུགས་འདུན་ཡིན།

ས་གནས་མང་ཚོགས་ལ་ལས་རྐང་འདོན་སྤྲོད་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་སྐྲུན་མཁན་ལ་ལག་ལེན་གྱི་གོ་སྐབས་འདོན་སྤྲོད་བྱ་ཆེད། བློ་བཟང་ཚན་རྩལ་གྱིས་བོད་ཁམས་སུ་བོད་ཡིག་གློག་རྡུལ་ཐོན་རྫས་མཉམ་སྒྲིག་གི་ཐོག་མའི་ཐོན་སྐྱེད་སྒྲུབ་རིམ་ཡོངས་འགྲུབ་བྱས་པ་དང་། བོད་ཁུལ་གྱིས་མཉམ་སྒྲིག་ལག་རྩལ་དང་རྒྱུན་མཐུད་ལས་རིམ་གྱི་བྱ་བའི་འདུ་ཤེས་མངོན་འགྱུར་བྱས་པ་མ་ཟད། ཉོས་རྗེས་ཞབས་ཞུ་ཕན་ནུས་ཡོད་པའི་སྒོ་ནས་ཐག་གཅོད་བྱས།

ཕ་ཡུལ་གྱི་ཡུལ་མིས་ལས་བསྐྲུན་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཞིང་རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་འགྲོ་བར་རོགས་རམ་བྱེད་ཆེད། བློ་བཟང་ཚན་རྩལ་གྱིས་ཁེ་ལས་ཀྱིས་ཁེ་ལས་སྐྱོང་བའི་བྱེད་ཐབས་ལ་བརྟེན་ནས། ཁེ་ལས་གསར་སྐྲུན་དང་ཁེ་ལས་ལ་དོ་དམ་བྱེད་པའི་མཉམ་འབྲེལ་དྲ་བའི་གནད་འཁེལ་དབུལ་སྐྱོར་གྱི་ལས་སྐྲུན་ར་བ་བཙུགས་ནས། ལས་སྐྲུན་ཁེ་ལས་ཉེར་དྲུག་ལ་རོགས་འདེགས་བྱས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ལས་སྐྲུན་ཕྱུག་འགྱུར་གྱི་གོ་སྐབས་བསྐྲུན། བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཕྱུག་ཁྱུང་ཐར་གྱིས་བཤད་རྒྱུར།

2018ལོར་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭར་ཡོང་བ་ཡིན། ལོ་གཅིག་འགོར་རྗེས་དངོས་སྦྱོང་གི་བརྒྱུད་རིམ་གྱི་གྲུབ་འབྲས་ལ་བརྟེན་ནས་གོང་རིམ་ལ་ཡར་ཞུ་བྱས་ཏེ་སློབ་མའི་ལས་མིའི་གྲས་སུ་བླངས་བ་དང་། ད་བར་དུ་ལོ་གཉིས་འགོར་ཡོད་པ་དང་། ཟླ་གཅིག་གི་གླ་ཕོགས་བྱ་དགའི་ཚུལ་དུ་སྒོར་སྟོང་གཅིག་སྟེར་གྱིན་ཡོད། ལོ་གཅིག་དང་ཕྱེད་ཀའི་རྗེས་སུ་སློབ་གྲྭ་ནས་དངོས་སུ་མཐར་ཕྱིན་རྒྱུ་ཡིན་པ་དང་། རང་ཉིད་སློབ་མའི་ལས་མིའི་གྲས་སུ་བླངས་ཡོད་པས། སློབ་མཐར་ཕྱིན་རྗེས་མུ་མཐུད་དུ་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭའམ་ཡང་ན་བློ་བཟང་ཚན་རྩལ་ཀུང་སི་རུ་མུ་མཐུད་དུ་ལས་ཀ་རབ་དང་རིམ་པ་ལས་ནས་འདུག་དགོས།

ལོ་མང་པོའི་རིང་འབད་འཐབ་བྱས་པ་བརྒྱུད། ད་ལྟའི་བློ་བཟང་ཚན་རྩལ་དེ་བོད་ཁམས་ཀྱི་གློག་རྡུལ་ཐོན་ལས་ཀྱི་ཁེ་ལས་གཙོ་བོར་གྱུར་ཡོད། བློ་བཟང་གིས་བཤད་པ་ནང་བཞིན། ལས་སྐྲུན་གྱི་ལམ་དུ་ཁ་ཕྱོགས་གདམ་གསེས་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དེ་བས་ཀྱང་གལ་ཆེ། རང་ཉིད་ཀྱི་ལས་སྐྲུན་གྱི་ཐོག་མའི་ཕུགས་འདུན་རྒྱུན་འཁྱོངས་བྱས་ན། དགའ་འོས་པའི་གྲུབ་འབྲས་ཐོབ་སྲིད་པ་ཁོ་ཐག་ཡིན་ཟེར།

ལས་བཟོ་བའི་གློག་སྨྱུག་ལས་སྣོན་བྱེད་བཞིན་པ།

བློ་བཟང་ཀུང་སིའི་ཐོན་རྫས་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།