ཀོས་ནན་རྩྭ་ཐང་གི་མུ་ཏིག་ནག་པོ།
2019.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

དབྱར་ཟླ་བདུན་པའི་མང་རའི་རྩྭ་ཐང་དུ་རྩི་ཏོག་རྣམ་པར་རྒྱས་ཤིང་མེ་ཏོག་གི་འདབ་བརྒྱ་ལྷུག་པར་གྲོལ་ལ། བགྲང་ཡས་པའི་ཕྱུགས་རིགས་དཀར་ནག་ཁྲ་གསུམ་རི་ལུང་ཐང་གསུམ་ཀུན་ཏུ་ཁྱུ་དང་ཁྱུ་བྱས་ནས་བག་ཡངས་སུ་རྒྱུ་བ་དང་། གཞུང་ལམ་གྱི་གཡས་གཡོན་ཀུན་ཏུ་ནས་འབྲུ་སྔོན་མོ་དང་ལོག་དཀར་མེ་ཏོག་གི་རླབས་ཕྲེང་གཡོ་བས་བལྟས་པ་ཙམ་གྱིས་ཞིང་ཕྱུགས་མཉམ་གཉེར་གྱི་ས་ཁུལ་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ།

མི་རིགས་རང་གི་མཛེས་དཔྱོད་ཀྱི་སྣང་ངོར་གཡང་དཀར་ལུག་ནི་ནག་མོ་ནོར་དང་མི་འདྲ་བར་ཁ་དོག་དཀར་པོ་ཡིན་པར་བསམ་པ་ནི་བོད་མི་རང་གི་ཡིད་ཀྱི་ཟབ་སར་གཏན་ཆགས་སུ་སོང་ཡོད་ནའང་། ཐེངས་འདིའི་བཅར་འདྲིའི་སྐབས་སུ་ཡངས་པའི་ཐར་ཤུལ་རྩྭ་ཐང་དུ་འཐོར་བའི་མུ་ཏིག་ནག་པོ་ལྟ་བུའི་ལུག་ནག་སྐོར་ཞིག་འཚོ་སྐྱོང་བྱས་པར་བརྟེན་ནས། མང་ཚོགས་མི་ཉུང་བ་ཞིག་གི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་འབྱུང་བཞིན་ཡོད་པར་མ་ཟད། གནའ་ནས་ད་ལྟའི་བར་དུ་མཐོ་སྒང་གི་མུ་ཏིག་ནག་པོ་ཞེས་པའི་མིང་སྙན་མོ་ཞིག་ཀྱང་ཐོགས་ནས་ཡོད། དུས་ཀྱི་འཕེལ་རྒྱས་དང་མིའི་བསམ་བློའི་འགྱུར་ལྡོག་སོགས་ལས་ཀོས་ནན་རྫོང་དུ་མི་སྐོར་ཞིག་གིས་ལུག་ནག་འཚོ་སྐྱོང་བྱས་ཏེ་ཡོང་འབབ་བརྩོན་ལེན་བྱེད་པ་དེ་མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག་ཏུ་གྱུར་ཡོད། དེ་བས་ང་ཚོས་ཀྱང་རྙིང་ཞེན་གྱི་བསམ་བློ་མཁྲེགས་འཛིན་མི་བྱེད་པར་མ་འོངས་པར་གདོང་གཏད་ནས་གོམ་སྟབས་ཤུགས་ཀྱིས་བསྒྱུར་དགོས། ཀོས་ནན་རྫོང་གི་མ་ནག་ར་བའི་འགོ་གཙོ་རྟ་མགྲིན་ཚེ་བརྟན་གྱིས་ལུག་ནག་གི་ཁྱད་ཆོས་དང་ཕན་ནུས་སྐོར་ནས་བཤད་རྒྱུར།

ལུག་ནག་ར་བའི་འགོ་གཙོ་རྟ་མགྲིན་ཚེ་བརྟན་གྱི་སྐད་ཆ་ཐོན་པ།

ཀོས་ནན་གྱི་ལུག་ནག་ནི་མཐོ་སྒང་གི་ཀོས་ནན་ས་ཁུལ་དུ་མ་གཏོགས་མེད་ལ། ཧ་ཅང་དཀོན་པོ་ཞིག་རེད། 1930ལོ་ནས་ལུག་ནག་རྩ་ཆེན་དུ་གྱུར་ཡོད་པ་དང་། སྐབས་དེར་ལུག་ནག་གི་ཚ་རུ་གཅིག་གི་རིན་གོང་ལ་དངུལ་སྒོར་གསུམ་དང་། འབྲུ་རིགས་ལ་བརྗེས་ན་རྒྱ་མ་བདུན་ཅུ་ནས་དགུ་བཅུ་བྱིན་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། མ་ནག་ར་བ་འདི་ནི1951ལོར་བཙུགས་པ་དང་། མིག་སྔར། ལུག་ནག་བསྡོམས་པས་ཁྲི་གཅིག་དང་སྟོང་ལྔ་དྲུག་བརྒྱ་དགུ་བཅུ་ལྷག་ཡོད་ལ། དེའི་ནང་མ་ནག་ར་བ་རུ་སྟོང་དྲུག་དང་དྲུག་བརྒྱ་གོ་གསུམ་ཡོད།  ལུག་ནག་དང་ལུག་དཀར་ལ་ཡང་མི་འདྲ་ས་གང་མང་མང་ཡོད། 2012ལོར། ས་གནས་ཀྱི་ལུག་དཀར་དྲུག་དང་ལུག་ནག་དྲུག་ཞིང་ཆེན་སོགས་རིམ་པ་ནས་བརྟག་དཔྱད་བྱས་པས། ཕན་ནུས་ཀྱི་སྟེང་བསྡོམས་པས་ཕྱོགས་གསུམ་གྱི་ཐད་མི་འདྲ་སྟེ། གཅིག་ནས་སྤྲི་དཀར་མཐོ་བ། གཉིས་ནས་ཚིལ་ཉུང་བ། གསུམ་ནས་ཨན་གཞི་སྐྱུར་སྣ་བཅུ་བདུན་གྱིས་མཐོ་བས། མིའི་ལུས་ཕུང་ལ་ཕན་པ་ཆེན་པོ་ལྡན་པ་བདེན་དཔང་བྱས་ཡོད།

མཐོ་སྒང་གི་མུ་ཏིག་ནག་པོར་གྲགས་པའི་ལུག་ནག་ནི་ཀོས་ནན་རྫོང་གི་ཁྱད་ལྡན་གསེར་གྱི་མིང་བྱང་ལྟ་བུ་ཞིག་ཡིན་ཞིང་། ལུག་ནག་གི་བལ་དང་ཚ་རུ། པགས་པ། ཤ་བཅས་ལ་གཞན་དང་མི་མཐུན་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པར་མ་ཟད། དེང་རབས་གསོ་རིག་གི་ཞིབ་འཇུག་ལས་ཀྱང་། ལུག་ནག་གི་ཤའི་སྤྲི་དཀར་གྱི་འདུས་ཚད་མཐོ་བ་དང་ཚིལ་ཉུང་ལ། རིམས་འགོག་ཟུངས་གསོའི་བྱེད་ནུས་ཁྱད་པར་བ་ལྡན་པ་ར་སྤྲོད་བྱས་ཡོད་རྐྱེན། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དེར་དགའ་མགུ་ཡི་རང་བྱེད་མཁན་མང་བོ་ཡོད་སྟབས། ལུག་ནག་འཚོ་སྐྱོང་བྱེད་པ་དེ་ནི་དབུལ་ཐར་ཕྱུག་སྒྱུར་གྱི་ཐབས་ལམ་དཔེ་མེད་ཅིག་ཏུ་འགྱུར་མུས་སུ་མཆིས།

ཀོས་ནན་རྫོང་གི་མ་ནག་ར་བའི་འགོ་གཙོ་རྟ་མགྲིན་ཚེ་བརྟན་གྱིས་ལུག་ནག་གི་ཚོང་རྫས་རིན་ཐང་ཐད་ནས་བཤད་རྒྱུར།

དེང་སྐབས། ང་ཚོས་ཀྱང་ཚོང་རར་ཕྱིར་བཙོང་ན་ཤ་རྒྱ་མ་གཅིག་ལ་སྒོར་བརྒྱ་ནས་སྒོར་བརྒྱ་དང་ལྔ་བཅུ་ཡིན་ལ། ཚ་རུའི་ཕྱོགས་ནས་བཤད་ན། ལུག་དཀར་གྱི་ཚ་རུ་ཚོང་ར་ནས་ཉོས་ན་སྒོར་ཉི་ཤུ་ནས་སུམ་ཅུའི་བར་ཡིན་པ་དང་། ཚ་ནག་གཅིག་ལ་སྒོར་བཞི་བརྒྱ་སྟེར་དགོས་པས་རིན་གོང་གི་ཐད་ནས་ཁྱད་པར་ཅུང་ཡོད། དེ་མིན་རྫོང་གི་མཐོ་སྒང་ཕྱུགས་ལས་ཞེས་པའི་ཀུང་སི་ཞིག་ཡོད་པ་དང་། ལོ་རེར་ཀུང་སི་དེར་མཉམ་འབྲེལ་བྱས་ཏེ་སྟོན་ཁ་ལུག་ནག་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ཀུང་སི་དེས་ཚོང་རའི་རིན་གོང་ལས་སྒོར་བརྒྱད་ནས་བཅུའི་བར་ཇེ་མཐོར་བཏང་ནས་ཉོ་བཞིན་ཡོད། ལུག་དཀར་དང་ལུག་ནག་གཉིས་རྩིས་བརྒྱབ་ན་ལུག་གཅིག་གི་སྟེང་སྒོར་སུམ་བརྒྱ་ཡས་མས་ཀྱིས་མཐོ།

ཀོས་ནན་ལུག་ནག་འཚོ་ས་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གནས་ཡོད་པ་དང་། 2014ལོའི་ཟླ་བཅུ་གཉིས་པར་རྒྱལ་ཁབ་ལྟ་ཞིབ་ཚད་ལེན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་སྐྱེ་ལྡན་ཐོན་རྫས་ཁས་ལེན་ཚོད་ལྟའི་དཔེ་སྟོན་གསར་སྐྲུན་ས་ཁུལ་དུ་བདམས་པ་དང་། 2009ལོར་རྒྱལ་ཁབ་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཁུལ་དུ་བདམས། 2011ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་དུ་བདམས། ལུག་ནག་གསོ་སྐྱོང་བྱེད་པའི་འབྲོག་པ་གནམ་ལྷ་རྒྱལ་གྱིས་ལུག་ནག་གི་དགེ་མཚན་སྐོར་ནས་འདི་ལྟར་བརྗོད་བྱུང་།

ང་རང་ཉིད་གནས་འདི་ནས་སྐྱེས་ཏེ་ལུག་འཚོས་ནས་ལོ་ལྔ་བཅུ་རུ་བུད་ཡོད།ལུག་ནག་ལ་ཕན་པ་ཆེན་པོ་ཡོད། བོད་ཀྱི་སྲོལ་རྒྱུན་གྱི་ཐད་ནས་བཤད་ན། དེང་མ་བྱིས་པ་བཙས་ན་སྨན་ཁང་དུ་འགྲོ་བ་དང་སྨན་ཁབ་རྒྱག་པའི་ཆ་རྐྱེན་མེད་པ་དང་། ལུག་ནག་ཞིག་གི་མཆིན་པ་ཟོས་ན་བང་མའི་ལུས་སྟེང་དུ་ནད་མེད་ཅེས་བཤད་སྲོལ་ཡོད། ཁྲག་ཤེད་སོགས་ཀྱི་ནད་ལའང་ལུག་ནག་གི་ཤ་འདི་ཕན་པ་ཆེན་པོ་ཡོད། པགས་པའི་ཐད་ནས་བཤད་ན། པགས་ནག་གི་གདན་ཞིག་ཡིན་ན་སྒལ་བའི་ནང་རུས་པ་སྐྱེས་པ་དང་རུས་ཚིགས་ན་བ་སོགས་ཀྱི་ཐད་ཕན་པ་ཆེན་པོ་ཡོད་ཅེས་མི་རྣམས་ཀྱིས་ཁས་ལེན་ཆེན་པོ་བྱེད་བཞིན་ཡོད། མ་འོངས་པར་མཚོན་ན་ཡང་ལུག་ནག་དར་སྤེལ་བྱས་ནས་འཚོ་བ་ཡར་རྒྱས་སུ་སོང་སྟེ་མང་ཚོགས་ལ་ཕན་ཁེ་ཆེན་པོ་ཐོབ་ལ། ཚང་མས་ཀྱང་འབད་པ་ཆེན་པོ་བྱེད་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་དང་རྒྱབ་སྐྱོར་འོག ཀོས་ནན་རྫོང་གིས་ལུག་ནག་གི་འཚོ་སྐྱོང་དེ་རིམ་བཞིན་ཁེ་ལས་དང་མཉམ་ལས་ཁང་། འབྲོག་ཁྱིམ། གསོ་སྤེལ་རྟེན་གཞི་བཅས་མུ་འབྲེལ་གྱི་རྣམ་པ་ཆགས་པར་བྱས་ཡོད་པར་མ་ཟད། ཐོན་ལས་ལས་སྣོན་དང་གསར་སྤེལ་བྱེད་པར་རྒྱལ་ནང་དང་ཡོ་རོབ་གླིང་མནའ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་དཔང་རྟགས་ཐོབ་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་ཆེ་མ་ཆུང་གསུམ་གྱི་སྒོ་གླེགས་ངང་གིས་འབྱེད་བཞིན་ཡོད་པ་དང་། མ་འོངས་པར་ཡང་ཀོས་ནན་རྫོང་གི་མིང་བྱང་ཙམ་དུ་མ་ཟད། ཞིང་ཆེན་དང་རྒྱལ་ཁབ་ཀྱི་མིང་བྱང་ཞིག་ཏུ་གྱུར་ནས་སྙན་པའི་གྲགས་པ་དཀར་པོ་འཛམ་གླིང་ཡོངས་སུ་ཁྱབ་པར་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་བསྙོན་མེད་རེད།

རྩྭ་ཐང་གི་མུ་ཏིག་ནག་པོ།

མཆོག་མཆན་ཡི་གེ་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།