དབུལ་ཕོངས་སྡེ་བ་ཞིག་ནས་མཛེས་སྡུག་ལྡན་པའི་ཞིང་གྲོང་བར་གྱི་འགྱུར་བ།
2019.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

སྟོན་དུས་ཀྱི་ཐར་ཤུལ་རྩྭ་ཐང་དུ་བསིལ་རླུང་དལ་བུར་ལྡང་ཞིང་གནམ་སྔོན་དང་སྤྲིན་དཀར་གྱི་འོག་ཏུ། མིག་ལམ་དུ་མངོན་པ་ནི་ལྗང་ཐིང་ཐིང་གི་ནས་ཞིང་དང་སེར་ལམ་ལམ་བཞད་པའི་ལོ་དཀར་མེ་ཏོག་རེད། རྣམ་པ་དེས་མཛེས་སྡུག་ལྡན་པའི་ཀོས་ནན་ལ་དམིགས་བསལ་གྱི་མཛེས་པའི་རི་མོ་ཞིག་རགས་འབྲི་བྱེད་ཅིང་འདུག   ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་གྲལ་ཤར་རེ་རེ་བཞིན་ལས་ཡོད་པའི་གྱོ་མོག་དམར་པོའི་ཁང་བས་མི་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་གྱི་ལམ་བུ་རེ་རེ་སྡེ་བའི་ནང་དུ་ཁད་ཀྱིས་བརྐྱངས་འདུག  སྡེ་བའི་ལམ་འགྲམ་གཉིས་སུ་ལམ་སྒྲོན་རེ་རེ་གྲལ་ལྟར་བསྒྲིགས་ཡོད་པ་དང་ཁྱིམ་ཚང་རེ་རེ་ཁང་བ་གསར་བའི་ནང་དུ་བསྡད་ཡོད། སྟར་ལུང་སྡེ་བར་འདི་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་ནི། གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དང་ཁ་འབྲལ་ཐབས་མེད་ལ་སྡེ་མི་རྣམས་ཀྱི་དཀའ་སྤྱད་ངལ་རྩོལ་དང་ཡང་ཁ་འབྲལ་ཐབས་མེད་པ་ཞིག་རེད།

ཀོས་ནན་རྫོང་ཐར་ཤུལ་ཞང་སྟར་ལུང་སྡེ་བ་ནི་ཕྱུགས་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་ཡིན་པས་ས་ཞིང་དང་རྩྭ་ར་ཉུང་བ་དང་། རྒྱ་མཚོའི་ངོས་ལས་མཐོ་བས་རང་བྱུང་ཁོར་ཡུག་སྡུག་པོ་ཡིན་ཞིང་སྡེ་མི་མང་ཆེ་བས་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།  སྟར་ལུང་སྡེ་བ་ནི་རྫོང་མཁར་དུ་སྐྱོད་པའི་འགྲིམ་འགྲུལ་གྱི་རྒྱུ་ལམ་གཙོ་བོ་ཡིན་པའི་ཆ་ནས།  སྔོན་ཆད་རྟག་ཏུ་གནམ་ངོ་དྭངས་པའི་དུས་སུ་ས་རྡུལ་གྱིས་ཁེངས་ཤིང་གནམ་འབབ་པའི་དུས་སུ་འདམ་རྫབ་ཀྱིས་ཁེངས་ཏེ་ལམ་དུ་བགྲོད་པར་དཀའ་ངལ་ཆེ། རྒྱུན་སྡོད་བྱེད་སའི་ཐབས་ཆག་གི་ས་ཁང་དང་སྦྲ་གུར་སོགས་ཀྱང་ད་ལྟའི་ཁང་པ་གསར་བ་དེ་དག་ནང་བཞིན་དེ་འདྲའི་སྟབས་བདེ་དང་སྐྱིད་པོ་ཞིག་མིན།  ལོ་མང་པོའི་རིང་ལ་སྨན་པར་སྟོན་དཀའ་བ་དང་ཆུ་འཐུང་དཀོན་པ། བྱིས་པ་སློབ་གྲྭར་ཞུགས་དཀའ་བ་བཅས་ནི་སྡེ་མི་རྣམས་དུས་རྒྱུན་དུ་འཕྲད་བཞིན་པའི་འཚོ་བའི་གནད་དོན་གཙོ་བོ་ཞིག་རེད།  ངལ་རྩོལ་ནུས་ཤུགས་མེད་པ་དང་ནད་པ་དང་དབང་པོ་སྐྱོན་ཅན་གྱི་བསྡུར་ཚད་མཐོ་བ། སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་ལས་སྡེ་མི་རྣམས་ལ་ཕྱུག་འགྱུར་གྱི་ཐབས་ལམ་གཞན་མེད་པ་བཅས་ནི་སྟར་ལུང་སྡེ་བ་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། དེ་བས་ཅི་ལྟར་བྱས་ཏེ་སྟར་ལུང་སྡེ་བ་དབུལ་ཐར་ཕྱུག་འགྱུར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་འདུག

ཉིས་སྟོང་བཅོ་ལྔ་ལོར་དབུལ་སྐྱོར་སྲིད་ཇུས་ཀྱི་དཔྱིད་རླུང་འཇམ་པོ་དེ་ཡུལ་འདིར་དལ་གྱིས་ལྡང་བས། ས་གནས་དེ་གའི་མི་རྣམས་ལ་སྔར་བྱུང་མ་མྱོང་བའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་རེད། ཀོས་ནན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་ཐུགས་ཁུར་འོག  སྡེ་བ་ཡོངས་སུ་གནས་སྤོར་དབུལ་སྐྱོར་ལས་གཞི་ཕྱོགས་ཡོངས་ནས་སྤེལ་ཞིང་། དེ་སྔ་སྡོད་གནས་ཐར་ཐོར་དང་ཐག་རིང་ལུང་ཁུག་ཏུ་ཡོད་པའི་ཁྱིམ་ཚང་རྣམས་གཅིག་བསྡུས་བྱས་ཏེ་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་རེ་རེ་བཞིན་འཛུགས་སྐྲུན་ལེགས་གྲུབ་བྱས་པ་དང་། དེ་ནས་བཟུང་སྟར་ལུང་སྡེ་བར་ཨར་འདམ་གྱི་ལམ་དང་གློག་ཡོད་པར་གྱུར་བས་སྡེ་མི་རྣམས་ཀྱི་འཚོ་བར་ཡང་སྔར་ལས་སྟབས་བདེ་ཆེན་པོ་བྱུང་།

ད་ལོར་ལོ་ན་བདུན་ཅུར་སོན་པའི་བསོད་ནམས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྟར་ལུང་སྡེ་བའི་མི་ཡིན་ཞིང་། ཐོག་མར་ཁོ་རང་མཐོང་དུས་ཁོས་རང་ཁྱིམ་གྱི་སྒོ་ཁ་ནས་འཛུགས་སྐྲུན་རྒྱུ་ཆ་བསྡུ་གསོག་བྱེད་བཞིན་ཡོད་ཅིང་། ཁོའི་རྒྱབ་ཕྱོགས་སུ་ཁང་པ་གསར་བ་གྲལ་ཤར་གཅིག་འཛུགས་སྐྲུན་བྱེད་བཞིན་འདུག ཁོ་ཚང་གི་སྡོད་ཁང་གསར་བ་འཛུགས་སྐྲུན་བྱེད་པའི་སྐོར་བཤད་སྐབས། རྒན་པོ་བསོད་ནམས་ཀྱིས“ང་རང་མི་ཚེ་འདིར་ཁང་བ་འདི་འདྲ་བཟང་པོ་ཞིག་གི་ནང་དུ་འདུག་ཐུབ་པ་སྔོན་ཆད་ཡིད་ལའང་དྲན་མ་མྱོང”ཟེར།

སྟར་ལུང་སྡེ་བ་རུ་ད་ལྟ་བསོད་ནམས་ལྟ་བུའི་རང་གི་སྒོར་ཟུར་གཅིག་ཀྱང་མ་བཀོལ་བར་ཁང་པ་གསར་བའི་ནང་དུ་སྡོད་པའི་སྡེ་མི་མི་ཉུང་བ་ཞིག་ཡོད། གསར་འགོད་པས་བཅར་འདྲི་བྱེད་པའི་གོ་རིམ་ཁྲོད་དུ་སྟར་ལུང་སྡེ་བར་གནས་སྤོར་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་པ་དེས་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་དྲུག་ཅུ་ལྷག་ཙམ་ལ་ཁེ་བཟང་ཐོབ་ཡོད་པ་ཤེས་པ་དང་།  དེ་དང་ཆབས་ཅིག་ཀོས་ནན་རྫོང་གིས་ད་དུང་དབུལ་སྐྱོར་ཆེད་དོན་ལས་འགུལ་འཆར་གཞི་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱི་བསམ་ཚུལ་ལ་འཆར་གཞི་འགོད་རོགས་བྱེད་པ་དང་། དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཐོན་ལས་དབུལ་སྐྱོར་འཆར་གཞི་བཟོས་ནས་མང་ཚོགས་ལ་དཔལ་འབྱོར་གྱི་རྩིས་རྒྱག་པ་དང་ཕྱུག་འགྱུར་ལམ་བུ་འཚོལ་ཐབས་བྱས་པ་མ་ཟད།  གནས་སྤོར་བྱས་ཟིན་པའི་མང་ཚོགས་ཀྱི་དེ་སྔའི་ཁང་ས་དང་། སྔོ་ཁེབས་སླར་གསོ་དང་ཨར་ལས་བཟོ་སྐྲུན་གྱི་གད་སྙིགས་གཙང་སེལ་བཅས་བྱས་ནས། ལས་གཞིའི་འཛུགས་སྐྲུན་དང་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཅིག་གྱུར་སྒོས་མངོན་འགྱུར་བྱས་ཏེ། ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་དྲོད་སྐྱིད་འོག་ཏུ་སྟར་ལུང་སྡེ་བའི་སྡེ་མི་རྣམས་ཀྱི་འཚོ་བའི་སྤུས་ཚད་དང་འཚོ་བའི་ཁོར་ཡུག་བཅས་མཉམ་དུ་གོང་འཕེལ་དུ་འགྲོ་བཞིན་ཡོད།

ད་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན།  སྟར་ལུང་སྡེ་བ་དབུལ་ཕོངས་སྡེ་བ་ཞིག་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་ཞིག་ཏུ་མངོན་འགྱུར་བྱུང་བས། སྡེ་མི་རྣམས་ཀྱི་གདོང་ལ་སྐྱིད་པའི་འཛུམ་གྱིས་ཁེངས་འདུག དབུལ་སྐྱོར་གྱི་བརྩེ་བ་ཟབ་མོར་བདེ་སྐྱིད་ཀྱི་མེ་ཏོག་བཞད། རིམ་པ་སོ་སོའི་སྲིད་གཞུང་དང་མགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་རིགས་སོ་སོའི་མི་རིགས་ཀྱི་ཐུན་མོང་གི་འབད་བརྩོན་འོག མཐའ་ཡས་པའི་ཐར་ཤུལ་རྩྭ་ཐང་དུ་གནད་འཁེལ་དབུལ་སྐྱོར་གྱི་མཉམ་སྒྲོག་རོལ་དབྱངས་ཤིག་ལྷིང་ལྷིང་གྲགས་ཤིང་།  འབྲོག་ཁུལ་གསར་པ་དང་ཐོན་ལས་གསར་པ། འཕེལ་རྒྱས་གསར་པ་བཅས་ཀྱི་བརྗིད་ཆགས་མཛེས་སྡུག་གི་རི་མོ་ཞིག་འབྲི་བཞིན་མཆིས།

                                                                        ལོ་ཙཱ་བ། གཡང་འབུམ་རྒྱལ།