འབྲོག་དམངས་ཁྲི་ཚོ་བརྒྱ་ཡིས་ཐོན་སྐྱེད་དང་ལས་རིགས་བསྒྱུར་ཏེ་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གཙོ་ཤུགས་སུ་གྱུར་བ།
2019.08.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 47

མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ།   རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་ཅུ་ཙམ་ཡོད་པའི་རྩྭ་ཆུ་གཉིས་འཛོམས་ཀྱི་ཡུལ་གྲུ་ཞིག་ཡོད།   དེ་རུ་ཆུ་ཕྲན་སྣ་ཚོགས་འདྲེས་ཤིང་གཙང་པོ་དང་མཚོ་མོ་གང་སར་ཁྱབ་ཡོད། དེ་ལ“ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་ཤིང་།རྨ་འབྲི་རྫ་གསུམ་གནས་དེ་ནས་འདྲེས་ཏེ་བཞུར་གྱིན་ཡོད།

འབྲོག་དམངས་ཁྲི་ཚོ་བརྒྱ་ལས་བརྒལ་བ་ཞིག་གནས་དེ་རུ་འཚོ་བ་རོལ་བཞིན་ཡོད།   སྔོན་ཆད། ཁོ་ཚོའི་མེས་པོས་རྟ་ཕོར་ལྕག་གིས་སྐུལ་བཞིན་ཕྱུགས་འཚོས་ཏེ་འཚོ་བ་རོལ།   དེང་སང་། འུར་ཆ་བསྐྱུར་མཁན་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་ཡོད་ལ།   སྐྱེ་ཁམས་སྲུང་སྐྱོབ་དང་མཉམ་དུ། སྔོ་ལྗང་རི་ཆུའི་རྒྱུ་ནོར་ལ་ལོངས་སྤྱོད་བཞིན་ཡོད།

ནམ་ཟླ་དབྱར་ཁ་བསླེབས་དུས།   གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་གནས་སྐོར་པའི་འདུ་འཛི་ཆེ་བའི་དུས་ཚིགས་ཤིག་བསུས་ཡོང་།   ལོ་ན་ང་བཞི་ལ་བུད་པའི་གངས་འགྲུབ་ཉིན་རེའི་ཞོགས་པར་དུས་ཚོད་བདུན་ཡས་མས་སུ་ཡར་ལངས་ཏེ།   འཕྲུལ་རྟར་ཞོན་ནས་གཞུང་ལམ་དེད་དེ། སྲོག་ཆགས་ཀྱི་རུས་པ་བཏུ་བ་སོགས་སྐྱེ་ཁམས་ཁྲིམས་འགལ་བྱ་སྤྱོད་ལ་སྐོར་ཞིབ་བྱེད་བཞིན།   ཡུལ་སྐོར་པ་རྣམས་ལ་ཕྱུགས་ཟོག་འཚོ་སྐྱོང་བཀག་སྡོམ་ཁུལ་བཙུགས་ཟིན་པའི་རྨ་ཆུའི་མགོ་ཁུངས་ནས་ཁ་འབྲལ་བར་སྐུལ་མ་གཏོང་བཞིན་ཡོད།

གངས་འགྲུབ་ཚང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཡོད།   ཉིས་སྟོང་བཅུ་བཅུ་དྲུག་ལོར། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཅུ་གཉིས་དང་གྲངས་ཆུང་སོ་གཅིག་ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནས་བཙུགས་པའི་རྗེས་སུ།   ཁོ་རང་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པར་བསྐོས། ཉིན་རྒྱུན།   གངས་འགྲུབ་ཀྱིས་རྩྭ་སའི་མེ་འགོག་དང་། སྐྱེ་ཁམས་སྐོར་སྲུང།   ཁྲིམས་འགལ་སྐོར་ཞིབ་སོགས་ལས་ཀ་བཅུ་ཙམ་སྒྲུབ་བཞིན་ཡོད་ལ།   ལོ་རེར་འཕྲུལ་རྟའི་རྒྱུགས་ཚད་ཀྱང་ལམ་ཐག་སྤྱི་ལེ་སྟོང་ལྷག་འཕར་དགོས།

རི་ཆུ་སྲུང་སྐྱོབ་ལ་སྤྲོ་སེམས་འཁོལ་བའི་འབྲོག་པ་མི་ཉུང་བ་ཞིག་ཡོད།   ལོ་མགོའི“དགུ་གསུམ་པ”ལ་གྲང་ངར་ཆེ་ཞིང་། གསར་འགོད་པ་རྨ་སྟོད་རྫོང་ནས་རླངས་འཁོར་ལ་བསྡད་དེ་རྨ་ཆུའི་མགོ་ཁུངས་སུ་ཕྱིན་པ་ན།   རབ་དཀར་ཁ་བས་གཡོགས་པའི་ཐང་ཆེན་དུ། རྐང་ཐང་དུ་ཤ་ཉེ་ཚང་ལ་འགྲོ་བཞིན་པའི་གཞོན་ནུ་བཞི་ལ་འཕྲད།   དེ་ཚོའི་ནང་གི་ཆེས་ཆུང་བ་དེ་ལོ་བདུན་རེད།   ཁོ་ཚོ་ལམ་ནས་འགྲོ་ཞོར་དང་གད་སྙིགས་འཐུ་ཞོར་བྱས་པས།   འགྱིག་ཁུག་གཉིས་ཀྱི་ཁ་འགེང་ལ་ཉེ་བ་དང་། ལག་པ་གྲང་སྟེ་དམར་པོར་གྱུར་ཡོད་ནའང་གདོང་ལ་སྔར་བཞིན་འཛུམ་མདངས་རྒྱས་ཡོད།

“བོད་མི་རིགས་ལ་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པའི་སྲོལ་རྒྱུན་ཡོད་ཅིང་།   ད་སྐབས་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་མཐོང་ཆེན་འདི་འདྲ་ཞིག་བྱེད་བཞིན་ཡོད་པས།   ང་ཚོ་འབྲོག་པ་ཚོས་ཀྱང་ཧུར་ཐག་གིས་བྱ་བ་ཞིག་བསྒྲུབ་དགོས། ”མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཧ་ཤུལ་ཞང་གཡང་ཐར་སྡེ་བའི་འབྲོག་པ་རྟ་མགྲིན་དབང་འདུས་ཀྱིས་བཤད་རྒྱུར།   ཁོས་པེ་ཅིན་སློབ་ཆེན་གྱི་ཆེད་མཁས་པས་ཟབ་སྦྱོང་དང་ལེན་བྱས་རྗེས་ཁོ་རང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པ་ཞིག་ཏུ་གྱུར་ཅིང་།   ཉེ་བའི་ལོ་ངོ་དྲུག་ལ་ཉེ་འཁོར་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གནས་ཚུལ་ལ་མུ་མཐུད་ལྟ་ཞིབ་བྱས་པས།   ཚན་རིག་ཞིབ་འཇུག་ལ་རྩ་ཆེ་བའི་རྒྱུ་ཆ་དང་པོ་འདོན་སྤྲོད་བྱས་ཡོད། དེའི་སྐབས་སུ།   ཁོ་དང་སྡེ་བའི་ནང་གི་མང་ཚོགས་ཀྱིས་ད་དུང་ཉེ་འཁོར་གྱི་གསའ་གཟིག་བཅུ་ལྷག་ལ་བོད་སྐད་ཀྱི་མིང་བཏགས་འདུག

མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར།   སྤྱི་ལོ་ཉིས་སྟོང་ལྔ་ལོ་ནས་ད་ལྟའི་བར།   རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རིམ་བརྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་བརྒྱད་ཅུ་ལྷག་བཏང་སྟེ།   ས་དེའི་སྐྱེ་ཁམས་ཇེ་ཞན་དུ་འགྲོ་བའི་རྣམ་པར་ཚོད་འཛིན་བྱས་ཤིང་། ལས་བྱེད་པ་དང་ཆེད་མཁས་པ་རབ་དང་རིམ་པས་སྔ་གཞུག་ཏུ་ས་དེར་གནས་བཅས་ཏེ།   སྐྱེ་ཁམས་སླར་གསོའི“ཐབས་མཆོག”འཚོལ་ཞིབ་བྱས།   འབོད་སྐུལ་དེ་འདྲའི་འོག་འབྲོག་པ་མང་ཚོགས་ཀྱི་སེམས་སུའང་རིམ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་སྐྱེས་ཏེ།   དེ་ནི་ཚོགས་པ་ཕལ་ཆེ་བའི་ཐུན་མོང་གི་རིན་ཐང་འཚོལ་སྙེག་ཅིག་ཏུ་གྱུར།

ལོ་ངོ་བཅུ་བཞི་ཡི་རིང་ལ།   གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འབྲོག་དམངས་ཁྲི་བཅུ་ཙམ་རྩྭ་ཐང་ནས་གནས་སྤར་ཞིང་།   རོང་འབྲོག་མང་ཚོགས་འབུམ་བདུན་ལྷག་གིས་རང་འགུལ་ངང་ཕྱུགས་ཟོག་གསོ་སྤེལ་གྱི་ཁ་གྲངས་ཇེ་ཉུང་དུ་བཏང་།   ཁོ་ཚོར་ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་རྩྭ་ཐང་བཀོལ་སྤྱོད་མཁན་ནས་སྐྱེ་ཁམས་བདག་སྐྱོང་པར་གྱུར།   སྨད་རྒྱུད་ཀྱི་ཆེད་དུ“ཀྲུང་ཧྭའི་ཆུ་མཛོད”བརྟན་སྲུང་བྱས་ཤིང་། “ལྗང་མདོག་རྒྱུ་ནོམ”བཞག་ཡོད།

དེང་སྐབས།   ས་དེའི་འབྲོག་པ་ཁྲི་ཚོ་བརྒྱས་སྐྱེ་ཁམས་ཁེ་འབབ་དུས་ཚིགས་བསུ་བཞིན་ཡོད།   ཡུལ་ཤུལ་ཁུལ་ཏང་ཨུའི་རྒྱུན་ཨུའམ་རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་གྲུབ་ཀྱིས་བཤད་རྒྱུར།  འབྲོག་དམངས་ཀྱིས་སྐྱེ་ཁམས་བདག་སྐྱོང་ལས་གནས་སྟེང་བྱ་བར་ཧུར་ཐག་བྱས་པ་བརྒྱུད།   ལོ་རེར་སྲིད་གཞུང་གིས་བཏང་བའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཐོབ་བཞིན་པ་དེས་འཚོ་བ་ལེགས་བཅོས་ལ་འདང་།   གསར་འགོད་པས་བཅར་འདྲི་བྱེད་སྐབས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲོག་དམངས་ཁྲི་གཉིས་དང་སྟོང་བདུན་གྱི་ནང་།   མི་ཁྲི་གཅིག་དང་སྟོང་བདུན་སྐྱེ་ཁམས་བདག་སྐྱོང་པའི་རུ་ཁག་ཏུ་ཞུགས་ཟིན་ལ། “ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”ཀུན་ལ་ཁེབས་ཐུབ་པར་བྱ་རྒྱུ་དེ་གཞི་རྩའི་སྟེང་མངོན་འགྱུར་བྱུང་ཡོད་པ་ཤེས།

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   མ་འོངས་པར་མཚོ་སྔོན་གྱིས་ད་དུང་འབྲོག་པ་མང་ཚོགས་ལ་རིམ་གྱིས་སྣེ་ཁྲིད་དེ་ས་དེར་མི་རིགས་ལག་ཤེས་བཟོ་ལས་དང་།   མི་རིགས་འཁྲབ་སྟོན་པ་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་།   འོས་ཤིང་འཚམ་པའི་ངང་ས་ཞིང་འཁོར་རྒྱུག་གཏོང་བར་སྐུལ་མ་བཏང་སྟེ། མི་སྔར་ལས་མང་པོ་ཞིག་ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་རེད།

                                                                                     རྩོམ་སྒྲིག་པ། གཡང་འབུམ་རྒྱལ།