ཐེམ་ཆེན་རྫོང་ཚན་རྩལ་ལས་སྐྲུན་གླིང་གིས་ན་གཞོན་ལས་སྐྲུན་མཁན་ལ་ཕུགས་བསམ་འཚོལ་སྙེག་གི་གར་སྟེགས་བསྐྲུན།
2019.08.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ས་དེའི་ན་གཞོན་རྣམས་ལས་སྐྲུན་གྱི་ལམ་དུ་ཞུགས་པ་དང་། ལས་སྐྲུན་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་ཐེམ་ཆེན་རྫོང་ཚན་རྩལ་ལས་སྐྲུན་གླིང་བཙུགས་པ་རེད།

ཚན་རྩལ་ལས་སྐྲུན་གླིང་ནི་མཚོ་སྔོན་འཛམ་བུ་གླིང་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དང་། མཚོ་སྔོན་གངས་ལྗོངས་འབྲོག་ལས་དྲ་རྒྱ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ཐེམ་ཆེན་རྫོང་ལུང་དམར་ཞང་ཤེལ་དཀར་འོ་བཟོས་བཟའ་ཆས་ཕྱིར་འཚོང་ཆེད་ལས་མཉམ་ལས་ཁང་། ཐེམ་ཆེན་ཨ་མོ་རི་རིག་གནས་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། ཐེམ་ཆེན་རྫོང་གཡུ་འབྲུག་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་སོགས་ལས་སྐྲུན་ཁེ་ལས་དང་ལས་སྐྲུན་ན་གཞོན་རྣམས་ཀྱི་འདུ་ར་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་འཛམ་བུ་གླིང་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ནི་ཁྱད་ཆོས་མངོན་པར་གསལ་བའི་ལས་སྐྲུན་ཞིག་རེད། ཁོ་ཚོའི་ཐོན་རྫས་གཙོ་བོ་ནི་ལུག་གི་པགས་པའི་སྟེང་ཐང་ག་སྣ་ཚོགས་བྲིས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་འདོད་ཀྱི་འདུན་པས་ཁེངས་ཡོད། དེ་ནི་ས་དེའི་ན་གཞོན་བཞི་དང་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་ཡོང་བའི་ན་གཞོན་བདེ་ཆེན་ལྷུན་གྲུབ་བཅས་ན་གཞོན་ལྔས་གྲུབ་ཡོད་ལ། ཁོ་ཚོ་ནི་ལས་རིགས་གསར་གཏོད་ལ་མོས་པ་ཡོད་མཁན་ཏག་ཏག་རེད། བདེ་ཆེན་ལྷུན་གྲུབ་ཀྱིས་བཤད་པ་ལྟར་ན། ཁོ་རང་ཆུང་དུས་ནས་རི་མོ་འབྲི་བར་ཤིན་ཏུ་དགའ། 2012ལོ་ནས་བཟུང་། ཁོས་རང་གི་ཕུགས་བསམ་དེའི་ཆེད་དུ་རེབ་གོང་ལ་སོང་ནས་ཐང་གའི་དགེ་རྒན་བསྟེན་ཏེ་ཐང་ག་འབྲི་བའི་ལས་ལ་གཞོལ། ལོ་ངོ་བཅུ་ཙམ་ལ་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་བསླབས་རྗེས། ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་སྐྲུན་ཀྱི་ལམ་དུ་ཞུགས་པའི་གོམ་ཁ་བསྒྱུར། ཁོས་མཉེས་ཟིན་པའི་ལུག་ལྤགས་སྟེང་དུ་ཚོན་མདོག་སྣ་ཚོགས་བསྡེབས་ཏེ། ཐང་ག་བཞེངས་པའི་ལས་ལ་ཞུགས། ཐེངས་དང་པོར་ལས་སྐྲུན་ཀྱི་ལམ་ལ་ཞུགས་སྐབས། ལུག་ལྤགས་སྟེང་བཞེངས་པའི་ཐང་གའི་ཚོན་མདོག་འགྱུར་བ་དང་ཡང་ན་ཚོན་ལྷུང་བ་སོགས་རྐྱེན་སྣ་ཚོགས་ལ་འཕྲད་དེ་བརྩམས་ཆོས་གཅིག་ཀྱང་ལེགས་འགྲུབ་མ་བྱུང་། ཡིན་ནའང་། ཁོས་རང་གིས་བདམས་ཟིན་པའི་གསར་གཏོད་ཀྱི་ལམ་བུའི་སྟེང་འགྱེལ་ཞོར་ལངས་ཞོར་བྱས་ཏེ་བསྐྱོད་པས་མཐའ་མཇུག་ཁོའི་བརྩམས་ཆོས་ལ་འགྲན་བསྡུར་གང་མང་ཁྲོད་བྱ་དགའ་ཐོབ།

2017ལོར། ཁོས་རང་གི་ལེགས་འགྲུབ་བྱུང་ཟིན་པའི་བརྩམས་ཆོས་ཁྱེར་ཏེ། མཚོ་བྱང་རིག་གནས་གསར་གཏོད་འགྲན་བསྡུར་ལ་ཞུགས་ཏེ་གསེར་གྱི་རྟགས་མ་ཐོབ། སྐབས་དེར་ཁོ་ནི་ད་དུང་མཉམ་ལས་བྱེད་རོགས་མེད་པའི་ཁེར་རྐྱང་གི་ལས་སྐྲུན་པ་ཞིག་ཡིན། ཁོ་ལ་མ་གཞི་ནས་ལས་སྐྲུན་ལ་དགའ་བའི་ན་གཞོན་རྣམས་དང་མཉམ་འབྲེལ་བྱ་འདོད་ཀྱི་འདུན་པ་སྔ་མོ་ནས་ཡོད་པས་ལོ་དེ་ནས་བཟུང་། ཁོ་རང་གི་ཕ་ཡུལ་དང་ཁ་བྲལ་ནས་ཐེམ་ཆེན་རྫོང་དུ་ཡོང་སྟེ། མཉམ་ལས་བྱེད་རོགས་འཚོལ་བའི་ལས་ལ་ཞུགས། ཁོས་བཤད་པ་ལྟར་ན། ཐེམ་ཆེན་རྫོང་དུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གང་མང་ཞིག་ཡོད་ལ། ལས་སྐྲུན་ལ་དགའ་བའི་ན་གཞོན་ཡང་མང་པོ་ཡོད་པས། ཁོ་རང་ས་ཆ་འདིར་ཡོང་ནས་ལས་སྐྲུན་ལ་ཞུགས་པར་འདུན་པ་དྲག་པོ་ཞིག་ཡོད། དེ་བས་ཁོས་ཐོག་མར་ན་གཞོན་སྐོར་ཞིག་ངོ་ཤེས་པ་དང་དེ་ནས་ཕན་ཚུན་གྱི་ཕུགས་འདུན་རྟོགས་ཤིང་། མཐར་ཕུགས་འདུན་གཅིག་གི་ལམ་ཁར་ཕྱོགས་པའི་ན་གཞོན་བཞི་དང་མཉམ་དུ་ལས་སྐྲུན་ཀྱི་ལམ་དུ་ཞུགས་པ་ཡིན་ཟེར།

2019ལོའི་ཟླ་བཞི་པར་ཁོ་ཚོས་འགྲོ་ལུགས་ཐམས་ཅད་ལེགས་པོར་བསྒྲུབས་ཏེ། ཐེམ་ཆེན་རྫོང་ཚན་རྩལ་ལས་སྐྲུན་གླིང་གི་ནང་དུ་བཅའ་སྡོད་བྱེད་ཐུབ་པ་བྱུང་། ཚན་རྩལ་ལས་སྐྲུན་གླིང་གི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཐེམ་ཆེན་རྫོང་གི་ལས་སྐྲུན་གླིང་གིས་སློབ་ཆེན་པའི་ལས་སྐྲུན་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་གནས་དེ་ནས་གཏན་སྡོད་ཀྱི་ལས་ཤག་དང་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་ཅིང་། དེ་མིན་ཁོ་ཚོར་སྤྱི་ལ་ཕན་ཆེད། སྐབས་དང་སྐབས་སུ་ཆེད་མཁས་པ་གདན་དྲངས་ཏེ་ལས་སྐྲུན་བློ་འདྲི་དང་ལག་རྩལ་ཁྲིད་སྟོན་སོགས་ཀྱི་བྱ་འགུལ་སྤེལ་དང་སྤེལ་བཞིན་ཡོད།

ཐོག་མའི་ལས་སྐྲུན་མཁན་ནི་ཕུགས་བསམ་གྱིས་ཕྱུག་ཀྱང་མ་དངུལ་སོགས་ཀྱི་མ་རྩ་འཛོམས་པོ་མིན་པས་ལས་སྐྲུན་མཁན་རྣམས་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ཐོབ་པ་ནི། ཁོ་ཚོའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། པགས་ཐང་འབྲི་བ་དང་རྡོ་བརྐོས་རི་མོ་འབྲི་བ་སོགས་ཀྱི་ལས་ལ་མཐའ་གཅིག་ཏུ་གཞོལ་བས། བརྩམས་ཆོས་སྐོར་ཞིག་ལེགས་འགྲུབ་བྱུང་བར་མ་ཟད་ཉོ་མཁན་ཡང་མང་པོ་བྱུང་། ད་ལྟ་ཁོ་ཚོས་ཐེམ་ཆེན་རྫོང་ཚན་རྩལ་ལས་སྐྲུན་གླིང་དུ་ལས་སྐྲུན་ལ་དགའ་བའི་མི་མང་པོ་དང་མཉམ་དུ་ཉམས་མྱོང་བརྗེ་རེས་དང་སོ་སོའི་ཕུགས་འདུན་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།