མཚོ་ནུབ་ཁུལ་གྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དངོས་འབེབས་བྱས་ཏེ་ཁེ་ལས་དང་ལས་སྐྲུན་གྱི་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པ།
2019.09.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

ད་ལོའི་ཚུན་ལ། རྒྱལ་ཁབ་ཀྱིས་ཁྲལ་རིན་གཉིས་གཅོག་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ཁེ་ལས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྱང་དེ་དང་བསྟུན་ནས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་མགྱོགས་མྱུར་ངང་ལག་བསྟར་བྱས་ཏེ། ཁྲལ་འཇལ་མཁན་གྱི་ཁྲལ་སྤྲོད་འགན་འཁྲི་ཇེ་ཡང་དུ་བཏང་བ་དང་ཆབས་ཅིག ཁྲོམ་རའི་གསོན་ཤུགས་ལ་སྐུལ་འདེད་བྱས།

དབྱར་གཞུང་གི་གཏེར་ལེན་ཁ་གྲོང་ཁྱེར་ནི་མཚར་དུ་སྡུག་ལ་གསོན་ཤུགས་ཀྱིས་ཁེངས། ཀྲེ་ཅང་ནས་ཡོང་བའི་ཚོང་བ་ཞེ་ཝེ་ཡིས་གནས་འདི་ནས་ཚོང་ལས་གཉེར་ཏེ་ལོ་ངོ་སོ་བཞི་འགོར་ཡོད་ལ། ལོ་ངོ་མང་པོའི་རིང་གི་འབད་བརྩོན་ལ་བརྟེན་ནས་ཚོང་གཉེར་གྱི་ལམ་ཁའང་ཡངས་པོར་ཕྱེས་ཡོད་པའི་ཚོང་པ་ཞིག་རེད། ད་ལྟ་གསོལ་མགྲོན་ཁང་ཞིག་གཉེར་ཡོད་པས། སྐབས་འདིར་གཏེར་ལེན་ཁ་རུ་ཡུལ་སྐོར་དུས་གཞུང་མིན་པས་འགྲུལ་པ་མང་པོ་མེད་རུང་། ཁོས་མགྲོན་ཁང་གི་ཚོང་གཉེར་ཕྱོགས་ལ་སེམས་ཁུར་བྱེད་ཀྱིན་མེད། རྒྱུ་མཚན་ནི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས་ཁོས་ཁྲལ་རིན་གཉིས་གཅོག་གི་དམངས་ཕན་སྲིད་ཇུས་འདི་ཉམས་སུ་མྱོང་བཞིན་ཡོད་པས་སོ། །

གཏེར་ལེན་ཁ་གྲོང་ཁྱེར་གྱི་ཚོང་བ་ཞེ་ཝེ་ཡིས་བཤད་རྒྱུར།“ད་ལོར་རྒྱལ་ཁབ་ཀྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཡག་པོ་འདི་ལག་བསྟར་བྱས་རྗེས། ང་ཚོའི་ཁེ་ལས་ལ་མཚོན་ན། ད་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར་གྱི་གསོལ་མགྲོན་ཁང་གི་ཡོང་སྒོ་སྒོར་འབུམ་གཉིས་དང་སྟོང་བརྒྱད་ཡས་མས་བླངས་པས། སྔོན་ཆད་ཡིན་ན་སྒོར་སྟོང་དགུ་ཡི་ཁྲལ་འཇལ་དགོས་མོད། འོན་ཀྱང་ད་ལོ་ནས་བཟུང་ཁྲལ་དངུལ་འདི་ཕལ་ཆེར་འཇལ་མི་དགོས། ལོ་ཧྲིལ་པོར་མ་དངུལ་འདི་འདྲ་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་པས། ང་ཚོར་ད་དུང་ལས་གཞི་མང་པོ་ཞིག་ལས་འདོད་པའི་ཆོད་སེམས་ཡོད”ཟེར།

བཟོ་སྐྲུན་ལས་རིགས་སོགས་ཁེ་ལས་ཆེ་འབྲིང་དག་ལ་མཚོན་ན། ཐེངས་འདིའི་ཁྲལ་རིན་བཅོས་བསྒྱུར་དང་སྙོམས་སྒྲིག་གིས་ལས་རིགས་འདི་དག་ཁྲོད་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་ཚད་བརྒྱ་ཆའི་བཅུ་དྲུག་ནས་བརྒྱ་ཆའི་བཅུ་གསུམ་ལ་མར་གཅོག་རྒྱུ་ཡིན་ལ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་འཛུགས་སྐྲུན་ལས་རིགས་ཁྲོད་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་ཚད་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་དགུ་ལ་མར་གཅོག་རྒྱུ་རེད། འདི་ནི་ཁེ་ལས་ཤིག་ལ་མཚོན་ན། མ་རྩ་མང་པོ་ཞིག་གྲོན་ཆུང་བྱས་ཡོད་པ་གདོན་མི་ཟ།

གསར་འགོད་པ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཀྲུང་ཁྲུན་ཉོ་ཚོང་ལྟེ་གནས་སུ་སོང་བ་ན། འཕྲུལ་ཆས་ཀྱི་འཁོར་སྒྲས་ཁེངས་འདུག་ལ་བྲེལ་ཟིང་གི་རྣམ་པ་གཞན་ཞིག་སྟེར། ཀུང་སི་འདི་ནི་ཐོན་སྐྱེད་བཟོ་སྐྲུན་ལ་ཆེད་དུ་དབུགས་སྣུམ་ལྡུག་སའི་དམངས་གཉེར་ཁེ་ལས་ཤིག་ཡིན་ལ། ཁྲལ་རིན་གཅོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། ཁེ་ལས་ཀྱི་འགན་ཁུར་པས་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་ཡོད་པའི་གནས་ཚུལ་བཤད་པ་སྟེ།“ངའི་ལག་གི་རྩིས་ཐོ་རེའུ་མིག་འདི་ནི2019ལོར་ཁྲལ་རིན་བཅོས་བསྒྱུར་བྱས་རྗེས་ཀྱི་ཁྲལ་རིན་མར་བཅག་པའི་རེའུ་མིག་གསར་པ་ཡིན། 2019ལོའི་ཟླ་དང་པོ་ནས་ཟླ་བཞི་བའི་བར་ལ། སྔོན་ལོ་དང་བསྡུར་ན་ང་ཚོས་སྒོར་ཁྲི་བདུན་ལྷག་གི་ཁྲལ་རིན་སྤྲོད་མི་དགོས། འདི་ལྟར་བྱས་ན2019ལོའི་ལོ་ཧྲིལ་པོར་ང་ཚོས་ཁྲལ་རིན་སྒོར་འབུམ་ལྔ་ཉུང་སྤྲོད་བྱེད་ཆོག ཐེངས་འདིའི་ཁྲལ་རིན་བཅོས་བསྒྱུར་སྲིད་ཇུས་ལག་བསྟར་བྱས་པ་ལས་ང་ཚོས་ཀྲུང་དབྱང་གིས་ང་ཚོ་དམངས་གཉེར་ཁེ་ལས་དག་ལ་ཐུགས་ཁུར་དང་དྲོད་ཁོལ་སྦྱིན་པ་དངོས་སུ་ཚོར་བས། རྗེས་ཕྱོགས་ང་ཚོ་འཕེལ་རྒྱས་འབྱུང་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད”ཟེར།

ཝང་ཞཱང་ནི་ལས་སྐྲུན་སློབ་ཆེན་པ་ཞིག་ཡིན་ལ། ད་ལོར་སོ་མ་གཏེར་ལེན་ཁ་གྲོང་ཁྱེར་དུ་གཞུང་སྒྲུབ་ཡོ་བྱད་རྒྱུ་ཆ་བཙོང་སའི་ཚོང་ཁང་ཞིག་གཉེར་ཡོད་པ་རེད། ཁྲལ་དོན་ཞབས་ཞུ་ཚོམས་ཁང་དུ་ཁོས་ཁྲལ་འཇལ་ལས་སྒོ་སྒྲུབ་སྐབས། འགྲོ་ལུགས་སྒྲུབ་མཁན་གྱི་ལས་བཟོ་པས་ཁོ་ལ་ཁྱོད་ཀྱི་ཚོང་ཁང་ལ་ཁྲལ་རིན་འཇལ་མི་དགོས་ཞེས་པའི་སྐད་ཆ་དེ་གོ་མ་ཐག་ཝང་ཞཱང་དགའ་སྤྲོ་ཆེན་པོ་སྐྱེས།

ལས་སྐྲུན་པ་ཝང་ཞཱང་གིས་བཤད་རྒྱུར། “ཁྲལ་རིན་གཅོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། ང་ཚོ་ལྟ་བུའི་ལས་སྐྲུན་པ་རྣམས་ལ་དངོས་ཕན་མང་པོ་ཞིག་ཐོབ། དཔེར་ན། སྔོན་ཆད་ཡིན་ན། ང་ཚོའི་ཚོང་ཁང་ཆེན་པོ་འདི་ལྟ་བུ་ཞིག་ཡིན་ཚེ། ཁྲལ་རིན་ཕལ་ཆེར་སྒོར་ཁྲི་གཅིག་ཙམ་འཇལ་དགོས་རྒྱུ་རེད། ཡིན་ཡང་ད་ལྟ་ཁྲལ་རིན་མེད་པར་བཟོས་ཡོད་པས། ང་ཚོ་ལས་སྐྲུན་པར་སྔར་ལས་ཡིད་ཆེས་བསྣན་སོང”ཟེར།

མཚོ་ནུབ་ཁུལ་ཡོངས་ཀྱི་ཁྲལ་དོན་སྡེ་ཁག་གིས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཁང་དུ་ཁྲལ་རིན་གཉིས་གཅོག་གི་འདྲི་རྩད་སྟེགས་བུ་བཙུགས་ཡོད་པ་དང་། ཕྱོགས་ཡོངས་ནས་ལས་རེས་མགོ་ཁྲིད་དངོས་འབེབས་བྱས་ནས། འགན་འཁྲི་རྩད་གཅོད་དང་དུས་ཐོག་ལས་སྒྲུབ། དུས་བཅད་ཁྲལ་སྒྲུབ་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་དོན་འཁྱོལ་ཡོང་བར་བྱས་ཤིང་། ཁྲལ་འཇལ་མི་སྣའི་འདོད་བློ་ཚིམ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབས་བྱས།

གཏེར་ལེན་ཁ་གྲོང་ཁྱེར་ཁྲལ་དོན་ཅུའུ་ཡི་ཅུས་ཀྲང་གཞོན་པ་ལི་ན་ཡིས་བཤད་རྒྱུར།“ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དངོས་འབེབས་བྱས་པ་ནས་བཟུང་། ང་ཚོས་ཁྲལ་འཇལ་མཁན་དང་ལས་སྒོ་སྒྲུབ་མཁན་ལ་གསོ་སྦྱོང་དང་ཟུར་ཁྲིད་བྱས་པ་ཡིན་ལ། འདི་ལྟར་བྱས་ན་ཁྲལ་འཇལ་མཁན་ལ་ངེས་པ་དོན་གྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཀྱི་ཕན་ཁེ་བསྐྲུན་ཐུབ། ང་ཚོས་རྩིས་འཕྲུལ་མ་ལག་གི་རྨང་གཞིའི་སྟེང་ནས་ཁྲལ་འཇལ་མཁན་ངོས་འཛིན་ཨང་གྲངས་ནང་འཇུག་གི་རྣམ་པ་བརྒྱུད་ནས་ཁྲལ་འཇལ་མཁན་གྱིས་རང་འགུལ་སྒོས་ཁྲལ་རིན་གཉིས་གཅོག་གི་ཁྲལ་དངུལ་ལ་རྒྱུས་ལོན་བྱེད་ཐུབ་པ་ལས། ད་དུང་ཁྲལ་འཇལ་མཁན་གྱིས་མགྱོགས་མྱུར་ངང་གནས་ཚུལ་འདོན་སྤྲོད་བྱས་ན་རང་ཉིད་ལ་སྟབས་བདེ་བསྐྲུན་ཐུབ”ཟེར།

མིག་སྔའི་བར་དུ། མཚོ་ནུབ་ཁུལ་ཡོངས་ཀྱི་ཁྲལ་དོན་མ་ལག་གིས་ཁྲལ་དོན་ལས་བྱེད་མི་སྣ་མི་ཐེངས་དགུ་བརྒྱ་རེ་བདུན་གསོ་སྦྱོང་བྱས་ཤིང་། ལས་ཡུལ་དང་པོ་ན་ཡོད་པའི་ཁྲལ་དོན་ལས་བཟོ་པ་ཡོངས་རྫོགས་གསོ་སྦྱོང་ལ་ཞུགས། ཁྲལ་སྒྲུབ་ཞབས་ཞུ་སྤྱི་བསྒྲགས་དང་སྐད་འཕྲིན་སྤྱི་སྟེགས། ཁེ་ལས་གྲོགས་ཚོམས། དྲ་ཚིགས་དང་ས་གནས་སོ་སོའི་བརྙན་འཕྲིན་ཁང་། ཚྭ་འདམ་ཉིན་རེའི་ཚགས་པར་དང་ན་གོར་མོ་ཉིན་རེའི་ཚགས་པར་སོགས་ཀྱི་སྟེགས་བུ་བརྒྱུད་དེ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དྲིལ་སྒྲོག་བྱས་ཤིང་། ཁེ་ལས་ཆུང་བར་གཅིག་གཅིག་གཉིས་གཉིས་སྒོས་སྲིད་ཇུས་ཟུར་ཁྲིད་བྱས་པ་ཡིན་ལ། ཁུལ་ཡོངས་ཀྱི་ཁྲལ་དོན་མ་ལག་གསོ་སྦྱོང་ཚོགས་ར་ང་བཞི་བསྒྲུབས་པ་དང་མི་ཐེངས་སྟོང་དྲུག་དང་བརྒྱད་བརྒྱ་ཞེ་ལྔ་ལ་སླེབས། ཁེ་ལས་ཆུང་བའི་བར་ལ་བཞུགས་མོལ་གྲོས་ཚོགས་ཀྱི་ཚོགས་ར་བདུན་བསྒྲུབས་པ་དང་ཁྲལ་འཇལ་མཁན་བརྒྱ་དང་དྲུག་ཅུ་ལྷག་བཞུགས་མོལ་ཚོགས་འདུར་ཞུགས། ཁྲལ་འཇལ་མཁན་ལ་གནས་ཚུལ་འདྲི་རྩད་ཐེངས་བརྒྱད་བརྒྱ་ལྔ་བཅུ་བྱས་ཤིང་། དྲིལ་སྒྲོག་རྒྱུ་ཆའི་དེབ་ཆུང་ཆིག་ཁྲི་བརྒྱད་སྟོང་སུམ་བརྒྱ་ལྷག་བཀྲམ།

ཁྲལ་རིན་གཉིས་གཅོག་ནི་སྲིད་གཞུང་གི་ཡོང་སྒོ་ལས་ཁེ་ལས་ལ་ཕན་ཁེ་བསྐྲུན་པའི་ཁྲོམ་རའི་རྣམ་པ་ཞིག་རེད། མིག་སྔའི་བར་དུ་མཚོ་ནུབ་ཁུལ་གྱི་ཁེ་ལས་ཆུང་བའི་ཁྲལ་རིན་གཉིས་གཅོག་གི་དམངས་ཕན་སྲིད་ཇུས་ཀྱི་གྲུབ་འབྲས་བཟང་ཞིང་། ཁྲལ་རིན་ཇེ་ཉུང་གི་ཁྱབ་ཚད་ཆེ་བས། དམངས་གཉེར་ཁེ་ལས་ལ་ཕན་ཁེ་ཆེས་ཆེར་བསྐྲུན་ཞིང་། སྲིད་ཇུས་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ཡོད། ཚུལ་འདིས་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་གྱི་གྲུབ་ཚུལ་སྙོམས་སྒྲིག་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་གཏོང་བ་ལ་དོན་སྙིང་གལ་ཆེན་ལྡན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།