སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་རྩྭ་ཐང་སྔོ་ལྗང་དུ་བསྒྱུར་བ་དང་འབྲོག་པ་ཇེ་ཕྱུག་ཏུ་བཏང་།
2019.09.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

བཀྲ་རྒྱ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྫོང་དེའུ་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་རེད། གཟུགས་བོངས་ཆེ་རྒྱུ་མེད་ལ་ངོ་གདོང་སྨུག་པོ་ཡིན་པའི་བོད་རིགས་གསར་རྒོད་དེས་རྒྱ་སྐད་ཀྱང་ཐོགས་པ་མེད་པར་བཤད་ཐུབ། མཉམ་ལས་ཁང་གི་འཕེལ་རྒྱས་གླེང་སྐབས། ཁོའི་བསམ་ཕྱོགས་ཧ་ཅང་གསལ་བོ་རེད།

ལོ་དྲུག་གི་སྔོན་ལ། སྐེད་ཆེན་སྡེ་བར་ཡོད་པའི་མཉམ་ལས་ཁང་དེ་ཐོག་མར་བཙུགས། བཀྲ་རྒྱ་དང་འགན་ཁུར་མི་སྣ་དྲུག་པོ་ནི་ཏང་ཡོན་ཡིན་ལ། ཁོ་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། སྡེ་བའི་ནང་གི་ཕྱུགས་ཟོག་གཅིག་བསྡུས་བྱས་པ་དང་། དེ་སྔོན་གྱི་རགས་ལས་ཀྱི་གསོ་སྤེལ་རྣམ་པ་དོར་བ་མ་ཟད་ནད་པ་དང་ཁ་མཐོ་ཡིན་པའི་ནོར་ལུག་དོར་ནས་གསོ་སྤེལ་གྱི་རྣམ་པ་ལེགས་བསྡུས་ཞིབ་གཉེར་ཅན་དུ་བསྒྱུར།

སྐེད་ཆེན་སྡེ་བའི་མཉམ་ལས་ཁང་བཙུགས་རྗེས། ངལ་རྩོལ་ནུས་ཤུགས་མ་རྐང་དུ་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། ཉམས་མྱོང་ཡོད་པའི་འབྲོག་པས་ཆེད་དུ་ཕྱུགས་ལས་ཐོན་སྐྱེད་ཀྱི་བྱ་བ་གཉེར་བ་དང་། ངལ་རྩོལ་པ་ལྷག་མ་ཕྱི་རུ་ཞོར་ལས་སུ་སོང་། དེ་དང་ཆབས་ཅིག སྡེ་དམངས་ཀྱིས་རྩྭ་ས་མ་རྐང་དུ་བཞག་པ་དང་། མཉམ་ལས་ཁང་གིས་རྩྭ་ས་འོས་མཐུན་སྒོས་ཁག་བགོས་ནས་ཚན་རིག་ལྟར་ཕྱུགས་འཚོས་ལ། གཅིག་གྱུར་སྒོས་གནོད་འགོག་ཕྱུགས་སྐྱོབ་དང་ནད་ཡམས་སྔོན་འགོག་གི་འགོག་སྨན་བརྒྱབ་པ་དང་། གཅིག་གྱུར་གྱིས་ཐོན་སྐྱེད་ཚོང་གཉེར་དང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱས། བྱེད་ཐབས་དེས་མང་ཚོགས་ཀྱི་ཡོང་སྒོ་དམའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཕྱུགས་ལས་ཐད་ཀྱི་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་ཇེ་ཆེར་བཏང་བས། ཁེ་དབང་དང་འགན་ཁུར། ཁེ་སྤོགས་མཉམ་ལེན་གྱི་དེང་རབས་ཕྱུགས་ལས་དོ་དམ་མ་ལག་ཆགས།

ད་ལྟ། འབྲོག་པའི་ནོར་ལུག་མཉམ་ལས་ཁང་དུ་སྤྲད་པ་དང་། ལོ་རེར་མཉམ་ལས་ཁང་གིས་ཕྱུགས་ཟོག་གི་སྤྱིའི་གྲངས་ཀྱི་བརྒྱ་ཆའི་བཅུ་ཁྱིམ་ཚང་རེར་སྟེར་བཞིན་ཡོད་ལ། གཞི་གྲངས་ལ་འགྱུར་བ་མེད། མཉམ་ལས་ཁང་ཡོད་པས་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་། རྒན་པར་རྒན་གསོ་བྱེད་ས་དང་སློབ་མ་སློབ་གྲྭར་འགྲོ་ས། ན་གཞོན་ངལ་རྩོལ་ནུས་ཤུགས་རིམ་བཞིན་ཐོན་ལས་གསུམ་པའི་ཕྱོགས་སུ་སྤོར་བའི་ཐོན་སྐྱེད་འཚོ་བའི་རྣམ་པ་ཆགས།

ད་ལྟ་མཉམ་ལས་ཁང་གིས་རིམ་བཞིན་གཅིག་གྱུར་གྱིས་ཉོ་བསྡུ་དང་ཕྱིར་འཚོང་། ལག་རྩལ་གསོ་སྦྱོང་། ནད་ཡམས་སྔོན་འགོག ཆ་འཕྲིན་གཅིག་གྱུར་སོགས་མུ་འབྲེལ་ཞབས་ཞུའི་འཁོར་སྐྱོད་ལམ་ལུགས་བཙུགས། ཏང་ཚན་ཆུང་དང་མཉམ་ལས་ཁང་གིས་ཏང་འཛུགས་འཕེལ་རྒྱས་ཀྱི་རྣམ་པར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་འབྲོག་པ་རྣམས་མུ་མཐུད་དུ་འབྱོར་ཕྱུག་གི་ལམ་དུ་སྙེག་པར་སྣེ་འཁྲིད་བྱེད་བཞིན་ཡོད།

ཕྱུགས་ལས་དཔལ་འབྱོར་གཙོ་བོ་ཡིན་པའི་ཆུ་དམར་ལེབ་རྫོང་ལ་མཚོན་ནས་བཤད་ན། ཕྱུགས་ཟོག་གི་གྲངས་ཀ་ཇེ་ཉུང་དུ་གཏོང་བ་དང་། ཚན་རིག་ལྟར་འོས་མཐུན་སྒོས་འབྲོག་པའི་ཐོན་སྐྱེད་འཚོ་བ་བཀོད་སྒྲིག་བྱེད་པ་དེ་ནི་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་རེད། འོན་ཀྱང་། ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཚེ་མང་ཚོགས་ལ་མཚོན་ནས་བཤད་ན་ཡོང་སྒོ་ཇེ་ཉུང་དུ་སོང་ཡོད།

ཆུ་དམར་ལེབ་རྫོང་ཏང་ཨུའི་ཧྲུའུ་ཅི་ཏུང་ཅིན་ལིན་གྱིས་འཕེལ་རྒྱས་བསམ་ཕྱོགས་སྐོར་གླེང་སྐབས། “ཕྱུགས་ཟོག་ནི་ཐོན་ལས་ཆེན་པོ་ཞིག་དང་སྐྱེ་ཁམས་ནི་སྤྱི་མིང་ཞིག་རེད། ཕྱུགས་ལས་སྐྱེ་ཁམས་ཅན་གྱི་འབྲེལ་བ་དེ་སྐྱེ་ཁམས་མ་ལག་ཡོངས་ཀྱི་དོ་མཉམ་དང་བདེ་འཇགས་ལ་འབྲེལ་བ་ཡོད། འདི་ལྟ་བུའི་གནས་བབ་ལ་ཁ་གཏད་ནས་ང་ཚོས་སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱུགས་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་ལ་ཕན་ནུས་ཡོད་པའི་སྐུལ་འདེད་གཏོང་དགོས”ཟེར། 

ཆུ་དམར་ལེབ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྡེ་བ་སོ་སོའི་ཁྱད་ཆོས་དང་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས། མཉམ་ལས་ཚོང་གཉེར་གྱི་འཕེལ་རྒྱས་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། ཆེད་ལས་རང་བཞིན་དྲག་པ་དང་ས་གནས་འཕེལ་རྒྱས་དང་འཚམ་པའི་འབྲོག་པའི་མཉམ་ལས་ཁང་བཙུགས་པ་བརྒྱུད་ནས། འབྲོག་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཇེ་ཆེར་བཏང་།

བཅར་འདྲིའི་ཁྲོད་མཐོང་བ་ལྟར་ན། མཉམ་ལས་ཁང་སོ་སོའི་ཐོན་སྐྱེད་བྱས་པའི་མེ་ཏོག་གངས་ལྷ་དང་གྲོ་མ། མར་སོགས་ཁྱད་ལྡན་ཐོན་རྫས་དང་། ཁེ་ལས་གཙོ་བོའི་སྣེ་ཁྲིད་བྱས་པ་བརྒྱུད་ནས། ཀུང་སི་དང་མཉམ་ལས་ཁང་། ཁོངས་མི་བཅས་མཉམ་འབྲེལ་བྱེད་པའི་ཚོང་གཉེར་རྣམ་པ་ཆགས། དྲ་འཚོང་སོགས་སྟེགས་བུ་མི་འདྲ་བ་བེད་སྤྱད་ནས་ཁྱད་གདལ་དུ་བཏང་བས། མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོ་རྒྱ་ཆེན་པོར་བསྐྱེད་པ་དང་ཆབས་ཅིག སྲོལ་རྒྱུན་གྱི་ཐོན་སྐྱེད་ཚོང་གཉེར་གྱི་རྣམ་པ་བསྒྱུར།

ཆུ་དམར་ལེབ་ཀྱི་མཉམ་ལས་ཁང་དག་གིས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། ཕྱུགས་ལས་ཐོན་སྐྱེད་རྣམ་པ་ཚད་ཆེན་པོའི་སྟེང་ནས་བསྒྱུར་བ་དང་། མི་དང་རྩྭ་ས། ཕྱུགས་ཟོག་བར་གྱི་འགལ་བ་ཐག་གཅོད་བྱས་པས། འབྲོག་པ་ཁྱིམ་ཚང་གི་འཚོ་བ་ལེགས་བཅོས་ཐོབ་པ་དང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་བྱུང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཕྱོགས་ཡོངས་ནས་གྲུབ་འབྲས་ཆེན་པོ་བླངས། ད་ལྟ། མཉམ་ལས་ཁང་དེ་དག་འབྲོག་ཁུལ་གྱི་དཔལ་འབྱོར་དངོས་ཕུང་གཙོ་བོ་དང་ས་གནས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། དེ་བས་ཀྱང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུའང་གྱུར་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།