རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབུད་རྫས་ལས་སྣོན་ཆེད་ལས་མཉམ་སྒྲུབ་ཚོང་སྡེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་བཙུགས་ཡོད། ཟླ་བདུན་པའི་ཚེས་བཅུ་ཉིན། གསར་འགོད་པ་ཡུལ་དེར་སོང་ནས་ཚོང་སྡེ་དེ་ལ་རྒྱུས་ལོན་བྱས་པ་ཡིན།
མཉམ་སྒྲུབ་ཚོང་སྡེ་དེ་ནི་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར་རྫོང་དེའི་ན་གཞོན་བདུན་གྱིས་མཉམ་ལས་ཀྱི་འདུ་ཤེས་ལ་བརྟེན་ནས་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། ཁོ་ཚོ་ནི་ཕ་ཡུལ་རྩེ་ཁོག་ནས་འཚར་ལོངས་བྱུང་བའི་སངས་རྒྱས་རྒྱ་མཚོ་དང་། ཚེ་རིང་ཆོས་མཆོག འཇིགས་མེད་ཤེས་རབ། བློ་བཟང་རྒྱ་མཚོ། ཐབས་མཁས། འོད་སྲུང་། འཇིགས་བློ་བཅས་ཡིན་ལ་། ཁོ་ཚོ་ལང་ཚོ་དར་ལ་བབས་ཤིང་། གསར་གཏོད་ཀྱི་སྤོབས་པས་ཕྱུག་པའི་ན་གཞོན་སྐོར་ཞིག་རེད།
འབྲོག་པའི་རྩྭ་ཐང་དུ་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་པས། གཙོ་བོ་ནི་ཐོན་ཁུངས་དེ་དག་སྔོག་འདོན་བྱས་ཏེ། ཚོང་རྫས་སུ་བསྒྱུར་ནས་མང་ཚོགས་ཀྱིས་ཡོང་སྒོ་འཚོལ་ཐུབ་པར་བྱ་རྒྱུ་དེ་རེད། མཉམ་སྒྲུབ་ཚོང་སྡེའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ་སངས་རྒྱས་རྒྱ་མཚོས་བཤད་པ་ལྟར་ན།“ས་གནས་ཀྱི་ན་གཞོན་སློབ་ཆེན་རྣམས་ལ་མཚོན་ན་ཆེས་གལ་ཆེ་བ་ནི། གོང་རིམ་ནས་ལས་ཀ་བཀོད་སྒྲིག་བྱ་རྒྱུ་ཁོ་ནར་བསྒུགས་ནས་འདུག་རྒྱུ་དེ་མིན་པར་ངེས་པར་མཉམ་ལས་དང་གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་རང་གི་མི་ཚེའི་རིན་ཐང་འཚོལ་ཞིང་ཕ་ཡུལ་ལ་ཞབས་འདེགས་རེ་ཞུ་ཨེ་ཐུབ་ལྟ་རྒྱུ་དེ་རེད། ས་ཆ་འདི་རུ་མིག་སྔར་མར་ཆུར་དང་འོ་ཞོ། ཤ་རིགས་སོགས་སྲོལ་རྒྱུན་ཐོན་ལས་རིགས་མཚུངས་གཉེར་མཁན་མང་ནའང་ཁོ་ཚོའི་ཚོང་རྫས་ལ་གསར་གཏོད་ཀྱི་ཆ་ཅུང་ཞན་པར་འདོད། ང་ཚོ་མི་ཕལ་མོ་ཆེའི་རྗེས་སུ་རི་བོང་ཅལ་འདྲོགས་མ་བྱས་པར། རྩྭ་ཐང་གི་ལུད་རྫས་ཐོན་ཁུངས་བཀོལ་ནས་སྐྱེ་ཁམས་ཁོར་སྲུང་གི་འབུད་རྫས་གསར་པ་ཞིག་བཟོ་བར་ལོ་ངོ་དུ་མར་ཚོད་ལྟ་རབ་དང་རིམ་པ་བྱས་ཤིང་ཉམས་མྱོང་མང་པོ་བསགས་ཏེ། མཐའ་མཇུག་ཚོང་སྡེ་འདི་ཡི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་སྲུང་འབུད་རྫས་གསར་པ་འདི་བསྐྲུན་ཐུབ་སོང་”ཟེར།
ཁོ་ཚོ་མཉམ་ལས་དང་གསར་གཏོད་ཀྱི་ལམ་ཁར་ཞུགས་སྐབས་ཐེངས་དང་པོར་འཕྲད་པའི་དཀའ་ཁག་ཆེ་ཤོས་ནི་མ་དངུལ་གྱི་དཀའ་ཁག་རེད། དེའི་སྟབས་ཀྱིས་ཁོ་ཚོས་རྩེ་ཁོག་རྫོང་ཉིན་ཤུག་ཞང་ཡིད་རྟོན་ཁང་ནས་སྔ་གཞུག་ཐེངས་གཉིས་ལ་བསྡོམས་པས་དངུལ་བུན་སྒོར་མོ་ས་ཡ་གཅིག་ལྷག་བསྐྱིས་པ་དང་། དེའི་ཁར་ཁོ་ཚོ་མི་སྒེར་གྱི་ངོས་ནས་ཀྱང་མ་རྩ་མི་ཉུང་བ་ཞིག་བསྡུ་རུབ་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་འབུམ་དྲུག་དང་ཁྲི་གསུམ་བཏང་ནས་མཉམ་སྒྲུབ་ཚོང་སྡེ་ཆགས་སའི་ས་མུའུ་ཉེར་གཅིག་ཉོས། དེའི་སྟེང་ལ་ཁང་པ་འཛུགས་སྐྲུན་བྱས་ཤིང་དུས་མཚུངས་སུ་ངེས་པར་མཁོ་བའི་སྐྱེལ་འདྲེན་ཡོ་བྱད་དང་འཕྲུལ་ཆས་ཉོས་ཏེ་ཁོར་སྲུང་འབུད་རྫས་ཐོན་སྐྱེད་ཀྱི་ལས་ལ་ཞུགས།
ཁོ་ཚོར་ད་ལྟ་སྐྱེ་ཁམས་འབུད་རྫས་ལས་སྣོན་འཕྲུལ་ཆས་དང་། འབུད་རྫས་ཉི་མར་སྐེམ་སའི་སྟེགས་བུ། མཛོད་ཁང་སོགས་ཡོད་ལ། དེ་མིན་ལས་བཟོ་པར་སྟབས་བདེ་བསྐྲུན་ཆེད་ཚོང་སྡེའི་ར་སྐོར་ནང་དུ་སྟབས་བདེའི་ཁང་བ་གྱན་བཅུ་ཙམ་ཕུབ་ཡོད་ཅིང་། ཡོང་སྒོ་དང་བསྟུན་ནས་འཕྲུལ་ཆས་ཀྱི་སྤུས་ཀ་ཇེ་བཟང་དུ་བཏང་སྟེ། ཡོ་བྱད་གསར་པ་ནང་འདྲེན་བྱ་རྩིས་ཡོད། ཁོ་ཚོའི་མཉམ་ལས་ཚོང་སྡེའི་ནང་དུ་ད་ལྟ་སྡུད་ལེན་བྱས་ཟིན་པའི་ལས་བཟོ་བ་བཅུ་གཉིས་ཡོད་ཅིང་། ཁོ་ཚོ་ནི་རྩེ་ཁོག་རྫོང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་སྐོར་ཞིག་ནས་ཡོང་བ་ཡིན་ཞིང་། ཁྱད་པར་དུ་ལས་བཟོ་པའི་ཁྲོད་དབང་པོ་སྐྱོན་ཅན་ཡང་བསྡུས་ཡོད་པས་འབྲེལ་ཡོད་འགོ་ཁྲིད་དང་ལས་ཁུངས་ནས་ཀྱང་རྒྱབ་སྐྱོར་ཆེན་པོ་ཐོབ། དབང་པོ་སྐྱོན་ཅན་ནི་ངག་ཅུང་ཙམ་ལྐུགས་ནའང་རྐང་ལག་བདེ་མོ་ཡོད་ཚེ། འབུད་རྫས་ཐོན་སྐྱེད་ལ་ལུས་ཤུགས་འབུལ་ཐུབ་སྟབས། གནས་དེ་ནས་ལས་ཀ་འཚོལ་ཆོག་པས་དེ་ཚོར་ཡང་རང་ལ་དབང་བའི་ལས་གནས་དང་ཡོང་སྒོ་འཚོལ་ས་ཞིག་ཡོད་པར་གྱུར། ལས་བཟོ་པའི་ཟླ་རེའི་ཡོང་སྒོ་སྒོར་མོ་སྟོང་གཉིས་ཡིན་ལ། དེའི་སྟེང་ལོ་མཇུག་ཏུ་ལས་ཆོད་ལྟར་དུ་འཚོ་བའི་ཁ་སྣོན་ཡང་སྟེར་བཞིན་ཡོད་པས། ཡོང་སྒོ་བཟང་ཞིང་འཚོ་བར་མཐུན་རྐྱེན་སྦྱར་བ་བཟང་བས་མཉམ་སྒྲུབ་ཚོང་སྡེའི་ལས་བཟོ་པ་རྣམས་ཀྱི་སེམས་སུ་དྲོད་ཀྱིས་ཁེངས་ཡོད།
ལས་བཟོ་པ་རྡོ་བྷ་ནི་མཉམ་སྒྲུབ་ཚོང་སྡེའི་ནང་དུ་ཡོང་བ་ཆེས་སྔ་བའི་གྲས་ཡིན་ལ། ཁོ་ནི2017ལོའི་ཟླ་གསུམ་པར་ཚོང་སྡེའི་ནང་ཡོང་བ་ནས་ད་ལྟའི་བར་དུ་གནས་དེར་ལས་ཀ་ལས་ཏེ་བསྡད། ཁོས་བཤད་རྒྱུར། སྔོན་ཆད་ངེད་ཚང་ལ་ཡོང་སྒོ་ངེས་གཏན་མེད་པས། འཚོ་བར་དཀའ་ཁག་ཤིན་ཏུ་ཆེ། ཁོ་རང་གནས་འདིར་ཡོང་མ་ཐག་ཏུ་སྒོ་སྲུང་བྱས་ཤིང་། ཞོར་དུ་འབུད་རྫས་སྐྱེལ་འདྲེན་བྱས་ཏེ་ཡོང་སྒོ་བཙལ་བ་ཡིན་ཞིང་། ད་ལྟ་ཁོའི་སྒོ་སྲུང་གི་ལས་ཀ་དེ་ཆུང་མས་ལས་བཞིན་ཡོད་ལ། བཟའ་ཟླ་གཉིས་ཀར་ཟླ་ཕོགས་ཡོད་པས་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་བཟང་ལ་སོང་ཡོད། ཆུང་མའི་སྒོ་སྲུང་གི་ཟླ་ཕོགས་དང་ང་རང་གིས་སྐྱེ་ཁམས་འབུད་རྫས་ལས་སྣོན་དང་སྐྱེལ་འདྲེན་གྱི་ལས་ཀའི་ཟླ་ཕོགས་གཉིས་ཀ་བསྡོམས་ན་ལོ་གཅིག་ལ་ཁྱིམ་ཚང་གི་ཡོང་སྒོ་ཁྲི3ལྷག་འཚོལ་ཐུབ་པས། བརྟན་འཇགས་ཀྱི་སེམས་ཁམས་དང་བདེ་སྐྱིད་ཀྱི་ཚོར་བ་ཡོད་པས། མུ་མཐུད་དུ་གནས་འདི་ནས་ལས་ཀར་འབད་འབུངས་བྱེད་པའི་ཕུགས་འདུན་ཡོད་ཟེར།
སྐྱེ་ཁམས་ཁོར་སྲུང་འབུད་རྫས་ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད། ས་བབ་མཐོ་ཞིང་གནམ་གཤིས་ལ་འགྱུར་ལྡོག་ཆེ་བའི་དབང་གིས། ལོ་རེའི་ཟླ་གཉིས་པའི་ཟླ་སྨད་ནས་་བཅུ་བའི་བར་མ་གཏོགས་འབུད་རྫས་ཐོན་སྐྱེད་བྱེད་མི་ཐུབ། རྒྱུ་མཚན་ནི། སྐྱེ་ཁམས་ཁོར་སྲུང་འབུད་རྫས་དེ་འཕྲུལ་ཆས་ལ་བརྟེན་ནས་ཐོན་སྐྱེད་བྱེད་དགོས་པས། ནམ་ཟླ་ཇེ་འཁྱག་ཏུ་ཕྱིན་ཚེ། འཕྲུལ་ཆས་ཀྱི་ནང་དུ་ལུད་རྫས་འཇུག་དཀའ་བ་དང་འཕྲུལ་ཆས་ལས་ལུད་རྫས་ཕྱིར་ཐོན་པར་དེ་ལས་ཀྱང་དཀའ་ཁག་མི་ཉུང་བར་འཕྲད། སྐབས་དེ་ལ་ཁོ་ཚོས་ཡར་སྔོན་ཐོན་སྐྱེད་བྱས་ཟིན་པའི་འབུད་རྫས་དག་ཕྱིར་འཚོང་བྱེད་པ་ལས་ཟླ་འགར་ཐོན་སྐྱེད་བྱེད་མཚམས་འཇོག་དགོས།
ཁོ་ཚོའི་ཐོན་རྫས་དེའི་བཙོང་ཡུལ་གཙོ་བོ་ནི་ཉེ་འཁོར་གྱི་གཙང་དགོན་པ་དང་། ར་རྒྱ་དགོན་པ། རེབ་གོང་རོང་བོ་དགོན་ཆེན། ངྷི༔ཚ་དགོན་སོགས་དགོན་སྡེ་དང་རྩེ་ཁོག་རྫོང་གི་མཁར་གྲོང་གི་སྡོད་དམངས་རེད། དགོན་སྡེ་རྣམས་ཀྱིས་སྐྱེ་ཁམས་ཁོར་སྲུང་འབུད་རྫས་མངགས་ཉོ་བྱས་པ་ན། མཉམ་སྒྲུབ་ཚོང་སྡེའི་རླངས་འཁོར་གྱིས་སྐྱེལ་འདྲེན་བྱེད་པ་དང་། ཐག་ཉེ་སའི་རྫོང་མཁར་ནང་དུ་སྐྱེལ་འདྲེན་ཡོ་བྱད་གཞན་བཀོལ་ཏེ། ཁྱིམ་ཚང་རེ་རེའི་སྒོ་དྲུང་དུ་བསྐྱལ་ནས་མཁར་གྲོང་མང་ཚོགས་ལ་སྟབས་བདེ་བཟོས་ཏེ་ཞབས་ཞུ་སྒྲུབ་བཞིན་ཡོད། འབུད་རྫས་ཀྱི་འཚོང་སྟངས་ལ་སིལ་ཚོང་དང་སྡེབ་ཚོང་གི་རྣམ་པ་གཉིས་སྤྱོད་བཞིན་ཡོད། གལ་ཏེ་སིལ་ཚོང་བྱས་ན་འགྱིག་ཁུག་གང་ལ་སྒོར་མོ་ཉི་ཤུ་དང་། སྡེབ་ཚོང་བྱས་ན་སྒོར་བཅུ་དྲུག་ཡིན་པས། རིན་གོང་ཡང་ཧ་ཅང་བདེ།
སྐྱེ་ཁམས་ཁོར་སྲུང་འབུད་རྫས་ཀྱི་རྒྱུ་ཆ་འདི་ལ་དགེ་མཚན་མང་པོ་ཡོད་དེ། རྒྱུ་ཆ་ནི་རྩྭ་ཐང་གི་ཨོང་ལུད་དང་རིལ་མའི་ལུད་རྐྱང་རྐྱང་ལས་ཐོན་པ་ཡིན་ཞིང་། རྒྱུ་ཆ་གདམ་གསེས་ནས་ལས་རིམ་སྣ་ཚོགས་བརྒྱུད་དེ། མཐར་འབུད་རྫས་གསར་པ་ཐོན་སྐྱེད་བྱས་དང་བྱེད་བཞིན་ཡོད་ཅིང་། དེ་ལ་དུད་སྨིག་དང་དྲི་ངན་སོགས་ཞོར་སྐྱོན་ཅི་ཡང་མེད་པའི་ཁར། རྡོ་སོལ་གྱི་ཚབ་ལྟ་བུ་བྱེད་ཐུབ་པས་གཏེར་ཁ་སྔོག་འདོན་བྱེད་མི་དགོས་པར་ཐོན་ཁུངས་གྲོན་ཆུང་བྱེད་པར་ནུས་པ་ཐོན་བཞིན་ཡོད་པས། ལ་ལས་དེ་ལ“ལྗང་མདོག་སོལ་བ”ཞེས་བསྟོད་བསྔགས་ཀྱང་ཕུལ་ཡོད། ཐབ་ཀའི་ནང་འབུད་སྐབས། འབུད་རྫས་ཐད་ཀར་ལྕགས་ཐབ་ཏུ་བླུག་ཚེ་ལག་པའི་ངོས་ལ་རྡོ་སོལ་དང་འདྲ་བར་ནག་ནོག་གི་དྲི་མ་མི་འགོས་ཤིང་། ཐབ་ཀའི་ནང་དུ་མེ་འདེད་སླ་ཞིང་། མེ་དྲོད་ཤིན་ཏུ་ཚ་བོ་ཡོད། སྤྲོ་འཆམ་དུ་སོང་ནས་ཤ་སྲེག་བརྒྱབ་ཚེའང་རྡོ་སོལ་དང་འདྲ་བར་ཤ་སྲེག་གི་སྟེང་དུ་ནག་ནོག་གི་རྫས་མི་འགོས་པར་གཙང་མ་ཡིན་པས་འཛད་སྤྱོད་པས་ཁས་ལེན་ཐོབ་བཞིན་ཡོད་པ་དང་། འབར་རྫས་དེ་ལ་ཉར་ཚགས་ཀྱི་རང་བཞིན་ཐད་ནས་སྲོལ་རྒྱུན་གྱི་ལུད་རྫས་དང་འདྲ་བར་རུལ་སླ་བ་དང་། འབར་རྫས་ཀྱི་ནང་དུ་འབུ་ཕྲ་ཞུགས་སླ་བ་སོགས་ཀྱི་གནོད་སྐྱོན་ཅི་ཡང་མེད། སྐྱེ་ཁམས་ཁོར་སྲུང་ཐོན་རྫས་ཀྱི་འབར་ཡུན་སྐར་མ45ནས50བར་ཡིན་ཞིང་། འབར་རྫས་ཀྱི་མེའི་གསོན་ཚད་སྐར་མ་དགུ་བཅུ་ཡས་མས་རེད། སྐྱེ་ཁམས་ཁོར་སྲུང་འབར་རྫས་ཀྱི་རྒྱུ་ཆའི་འབྱུང་ཁུངས་ནི་རྩེ་ཁོག་རྫོང་གི་འབྲོག་ཁྱིམ་དག་ལས་ཉོ་བཞིན་ཡོད།
མཉམ་སྒྲུབ་ཚོང་སྡེའི་ན་ནིང་གི་ཡོང་སྒོ་མ་དངུལ་མོ་འབུམ་བཞི་ཡས་མས་ཡིན་ཞིང་། རགས་རྩིས་བྱས་ན། ད་ལོའི་ལོ་མཇུག་ཏུ་ཡོང་སྒོ་སྒོར་མོ་འབུམ་དྲུག་ཡས་མས་འཚོལ་ཐུབ་ཅེས་ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ་སངས་རྒྱས་རྒྱ་མཚོས་དེ་ལྟར་བཤད་ལ། ཁོ་ཚོས་སྐྱེ་ཁམས་ཁོར་སྲུང་འབུད་རྫས་བཙོང་བ་ལས་གཞན། ད་དུང་བྱང་སྐར་སྤུན་བདུན་སྣ་འཛོམས་སྡེབ་ཚོང་ཁང་ཟེར་བ་ཞིག་ཀྱང་ཞོར་དུ་གཉེར་ཏེ། མཉམ་སྒྲུབ་ཚོང་སྡེ་ལ་ཡོང་སྒོ་འཚོལ་བཞིན་ཡོད་ལ། སྔོན་ཆད་ཚོང་སྡེ་འཛུགས་སྐབས་ཡིད་རྟོན་ཁང་དུ་བསྐྱིས་པའི་དངུལ་བུན་ད་ལྟ་ཕལ་ཆེ་བ་ཕྱིར་སྤྲད་ཟིན། མཉམ་སྒྲུབ་ཚོང་སྡེའི་ལས་བཟོ་པ་ཡོངས་ཀྱིས་མཉམ་སྒྲུབ་ཚོང་སྡེ་འདི་རུ་མཉམ་དུ་ལས་ཀར་འབད་བརྩོན་དང་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།