ལག་རྡང་གཅིག་ཏུ་སྦྲེལ་ཞིང་དཔུང་བ་མཉམ་དུ་གཤིབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་བསྐྲུན་དགོས།
2019.10.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་།

བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་དུ་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་གྱིས་སློབ་སྦྱོང་བྱས་ཤིང་གོ་བ་ཟབ་མོ་བླངས། ཚང་མས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འགོར་བའི་སྐབས་སུ་ཚོགས་ཆེན་བསྡུས་ཏེ་དུས་རབས་གསར་པའི་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་བྱེད་པའི་ཐད་དུ་སྤྱིའི་བླང་བྱ་དང་བྱ་བའི་གཙོ་གནད་བཏོན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་དང་། སེམས་པ་གཅིག་ཏུ་བསྒྲིལ་ནས་བརྩོན་པས་དོན་དངོས་བསྒྲུབ་དགོས་ལ། ལག་རྡང་གཅིག་ཏུ་སྦྲེལ་ཞིང་དཔུང་བ་མཉམ་དུ་གཤིབ་ནས་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་གསར་སྐྲུན་བྱེད་རྒྱུ་ཡིན་པར་བསྟན།

ཕུགས་བསམ་གྱི་ཡིད་ཆེས་བརྟན་པོར་བྱེད། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་།

མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་གི་རྒྱུན་ཡིན། ལག་ལེན་ལས་ར་སྤྲོད་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་མངོན་འགྱུར་བྱེད་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་མི་རིགས་སོ་སོ་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པ་དང་། མི་རིགས་སོ་སོ་འཕེལ་རྒྱས་དང་དར་རྒྱས་སུའང་གཏོང་ཐུབ།

“སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་ཁྲོད་བསྟན་དོན། ‘སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་ནས་མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།’ཞེས་པ་དེར་ང་རང་མྱོང་བ་ཟབ་མོ་སྐྱེས།”ཞེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཁྲུན་ལི་ཡིས་དེ་ལྟར་བཤད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་དུ། ཆི་ལེན་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ“མཛེས་སྡུག་གི་ཆི་ལེན། བདེ་སྐྱིད་ཀྱི་ཆི་ལེན”འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ལ་འདྲེས་སུ་བཅུག་པ་དང་། དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་དཔེ་མཚོན་གྱིས་སྣེ་དྲངས་པ་བརྒྱུད་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་ཀུན་སྤྱོད་འཛུགས་སྐྲུན་ལ་དོ་སྣང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཏེ། མི་རིགས་སོ་སོ་བར་གྱི་འཆམ་མཐུན་མཉམ་གནས་ལ་ཡར་སྐུལ་བྱས།

ཐེངས་འདིའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐུན་མོང་མིག་དཔེ”ཡི་མཚན་སྙན་ཐོབ། རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་དགའ་སྤྲོས་ཁེངས་འདུག གུང་ཧོ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་སེང་འབྲུག་རྒྱལ་གྱིས་བཤད་དོན། ཐེངས་རྗེས་མར་ང་ཚོས“གསར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། 2019ལོར་གུང་ཧོ་རྫོང་གི་དབུལ་ཐར་ཞྭ་མོ་ཕུད་པ། 2020ལོར་གོམ་འགྲོས་གཅིག་མཐུན་གྱིས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ”ཡི་དམིགས་འབེན་གསུམ་པོ་འདི་དང་དམ་པོར་སྦྲེལ་ནས། གསར་སྐྲུན་བྱ་བའི་རྨང་གཞི་བཟོ་འགོད་དང་མི་སེམས་བཟོ་འགོད། སྲིད་བཟང་བཟོ་འགོད། མ་ལག་བཟོ་འགོད། ཚོང་རྟགས་བཟོ་འགོད་བཅས་ལག་བསྟར་བྱས་ཏེ་ཁྱབ་ཁོངས་ཡོངས་ནས་གུང་ཧོ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་གཏིང་ཟབ་ས་ནས་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། གཅེན་གཅུང་མིང་སྲིང་ལྟ་བུའི་བརྩེ་བ་ཡོད་ན་ད་གཟོད་ཚང་མ་གཅིག་ཏུ་འཛོམས་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་ཐུབ། མི་རིགས་སོ་སོའི་བར་དུ་མཐུན་སྒྲིལ་མཛའ་བརྩེ་ཡོད་ན་ད་གཟོད་སྡེ་བའི་ནང་གི་ཡུལ་སྐོར་གྱི་ཚོང་འདི་ལྟར་བྲིན་པ་ཡིན། “བཟའ་མི་ཕན་ཚུན་མཐུན་ན་བྱ་བ་མ་ལུས་འགྲུབ”ཅེས་པ་ལྟར། “གཅེན་གཅུང་མིང་སྲིང”ལྟར་སེམས་པ་གཅིག་ཏུ་བསྒྲིལ་ན་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འབྱུང་ཁོ་ཐག་རེད།

དབུལ་ཐར་འགག་སྒྲོལ་ཤུགས་ཀྱིས་སྤེལ། མི་རིགས་སོ་སོར་བདེ་སྐྱིད་བསྐྲུན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུང་བཤད་ཁྲོད་དུ་བསྟན་དོན། ལོ་ངོ70ཡི་འགྱུར་ལྡོག་ཆེན་པོ་དང་རླབས་ཆེའི་བརྗིད་ཉམས་ཁྲོད་ནས་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་བར་གྱི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ཚང་མར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཐོ་ཀྱཱ་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི་ཝུའུ་ཞའོ་ཆིང་གིས་བསྟན་དོན། མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པའི་ཆ་ནས། རྨ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་མཐའ་གཅིག་ཏུ་མཐོང་ཆེན་བྱས་པ་ཡིན། ན་ནིང་ནས་བཟུང་། ཁུལ་ཡོངས་ཀྱི་ས་ཁུལ་སོ་སོས་སྔར་བས་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བ་དུས་རིམ་གསར་པ་ཞིག་ཏུ་སྤེལ། ཐོ་ཀྱཱ་གྲོང་རྡལ་ནི་བོད་རིགས་གཙོ་བོ་དང་རྒྱ་རིགས། ཧོར་རིགས། སོག་རིགས། ཧུའེ་རིགས། ཟ་ལར་སོགས་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱས་པའི་ས་ཁུལ་ཞིག་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་མཛུབ་སྟོན་འོག་ཏུ། ཐོ་ཀྱཱ་གྲོང་རྡལ་གྱིས་བྱེད་ཐབས་མང་པོ་མཉམ་དུ་འདོན་པ་དང་དམངས་ཡོངས་གསར་སྐྲུན་དུ་ཞུགས་ཏེ། ཞིང་སྡེ་གསར་པའི་འཛུགས་སྐྲུན་ནང་དུ་ཧུར་བརྩོན་གྱིས་ཞུགས། ལྷག་པར་དུ་གྲོང་རྡལ་གསར་པ་དང་སྡེ་བ་གསར་པར་སྔ་གཞུག་ཏུ་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་ཁྲི་གསུམ་བཏང་སྟེ་གཞིས་སྡོད་ཁོར་ཡུག་དང་དབུལ་ཐར་འགག་སྒྲོལ་སོགས་ཀྱི་ཕྱོགས་ནས་སྔར་བས་ཇེ་མཐོར་སོང་། ཕྱིན་ཆད་ང་ཚོས་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ། ཁག་བགོས་ས་ཆའི་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སེམས་ཤུགས་གཅིག་ཏུ་གཞོལ་བ་དང་སྟོབས་ཤུགས་གཅིག་ཏུ་བཏོན་ནས་ཐོ་ཀྱཱ་གྲོང་རྡལ་གྱི་རིགས་སོ་སོའི་མང་ཚོགས་ཕན་ཚུན་ལ་རོགས་རེས་བྱེད་པའི་ཁྱིམ་ཚང་ཆེན་མོ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཟེར།

“ང་ནི་རྩྭ་ཐང་གི་འབྲོག་པ་དཀྱུས་མ་ཞིག་ཡིན། ངེད་ཚང་གིས་མི་རབས་ནས་མི་རབས་སུ་ཕྱུགས་འཚོས་ནས་འཚོ་བ་རོལ་བ་ཡིན། སྔོན་ཆད། སྡེ་བའི་ནང་ཕན་ཚུན་རྨོངས་འགྲན་བྱེད་པ་དང་། འུད་གཤོམ་ཆུད་ཟོས་བྱེད་པ། ཆང་འཐུང་རྒྱན་སྐུགས་སོགས་ཀྱི་སྣང་ཚུལ་མཚམས་ལན་རེར་ཡོད་མོད། འོན་ཀྱང་། མི་རིགས་མཐུན་སྒྲིལ་གྱི་བྱ་བ་སྤེལ་བའི་ཚུན་དུ། སྔོན་ཆད་ཀྱི་གོམས་གཤིས་ངན་པ་དེ་དག“མཐུན་སྒྲིལ་ཕྱུག་བསྒྱུར་དང་གཤིས་ངན་མཐར་སྤྲོད“ཀྱི་སློབ་གསོ་བྱ་འགུལ་གྲུབ་འབྲས་ཀྱིས་འཐུས་ཚབ་བྱས་པ་དང་། ངོ་མ་འདི་ལྟར་ཡིན་པས། ང་ཚོ་ཚང་མར་མཐུན་སྒྲིལ་འབད་བརྩོན་གྱིས་འབྱོར་འབྲིང་དུ་བསྐྱོད་པའི་ཐུན་མོང་གི་དམིགས་འབེན་ཡོད”ཅེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞང་དགུ་སྟོད་སྡེ་བའི་འབྲོག་པ་སྟོབས་ལྡན་གྱིས་གསར་འགོད་པར་དེ་ལྟར་བཤད་སོང་། “ད་ལྟའི་དགུ་སྟོད་སྡེ་བར་མཚོན་ན། སྐྱེ་ཁམས་སྲུང་སྐྱོབ་ལས་ཐོན་པའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས། ཤུགས་ཡོད་རྒུས་རྩྭ་བཏབ་པས་ཡོང་སྒོ་ལོ་འགའ་ལ་བསྟུད་མར་འཕར། ཏང་གི་སྲིད་ཇུས་བཟང་པོ་གཅིག་འཕྲོར་གཅིག་མཐུད་དེ་ང་ཚོའི་སྟེང་དུ་ཁེལ་བས་ང་ཚོར་འཚོ་བ་སྐྱིད་པོ་རོལ་ཏུ་བཅུག་བྱུང་། དེ་བས། ང་ཚོ་ནམ་ཡང་སེ་འབྲུའི་ཚི་གུ་བཞིན་དམ་པོར་གཅིག་ཏུ་སྦྲེལ་བ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ་དང་ནམ་ཡང་ཏང་གི་དྲིན་དྲན་ནས་མཐུན་སྒྲིལ་སྒོས་བདེ་སྐྱིད་བསྐྲུན་རྒྱུ་ཡིན”ཟེར།

སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་རག་ཤུལ་སྟོད་མ་ཞང་གི་སྡེ་མི་འཇིགས་མེད་རྡོ་རྗེ་ལ་དགའ་སྤྲོ་ཚད་མེད་སྐྱེས་སུ་བཅུག ཁོས་བལྟས་ན། ཡུལ་ཤུལ་གྱི་རིགས་སོ་སོའི་མང་ཚོགས་ས་འགུལ་གྱི་རྗེས་སུ“བསྐྱར་གསོན”བྱེད་ཐུབ་པ་ནི་ཏང་དང་སྲིད་གཞུང་གི་གོང་བུར་སྒྲིལ་བའི་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོར་མ་བརྟེན་པ་གང་ཡང་མེད་པར་སྙམ། ཁོས་ཡུལ་ཤུལ་གྱི་གནོད་འགོག་མུག་སྐྱོབ་དང་གནོད་ཐེབས་བསྐྱར་སྐྲུན། དེ་མིན་མིག་སྔར་ལག་བསྟར་བྱེད་བཞིན་པའི་དབུལ་ཐར་འགག་སྒྲོལ་ཚང་མ་ལས་ང་ཚོར་ཏང་གི་རླབས་ཆེན་དང་མེས་རྒྱལ་གྱི་སྟོབས་འབྱོར། མི་རིགས་སོ་སོའི་མཐུན་སྒྲིལ་བཅས་ཀྱི་དྲོད་ཁོལ་གསལ་པོར་ཚོར་དུ་བཅུག ད་ལྟའི་ཡུལ་ཤུལ་གྱི་མི་རིགས་སོ་སོའི་བར་གྱི་བརྩེ་འདང་གཏིང་ཟབ་པས། ང་ཚོས་བརྩེ་འདང་འདི་བཟང་པོར་བསྲུངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ནས། མཛེས་སྡུག་གི་ཁྱིམ་གཞིས་དང་མཛེས་སྡུག་གི་མ་འོངས་པ་མཉམ་དུ་བསྐྲུན་རྒྱུ་ཡིན་ཟེར།

                                                                                             རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།