མཚོ་སྔོན་ལྷོ་ཕྱོགས་ཀྱི་ལྗང་མདོག་ཞིང་ཁམས་ཏེ།—པད་མ་རྫོང་།
2019.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

མཚོ་བོད་མཐོ་སྒང་དུ་གནས་ཡོད་རུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་རི་ཀླུང་ཐང་གསུམ་དུ་ལྗང་མདོག་གི་གསོན་ཤུགས་རྣམ་པར་རྒྱས་ཡོད་ལ། མི་རྣམས་ལ་ལྗང་མདོག་གི་ཞིང་ཁམས་ཞིག་ཏུ་ཐོན་པའི་སྣང་བ་སྟེར།

པད་མ་རྫོང་དུ་ཞིང་ཆེན་ཡོངས་ཀྱི་མཚོ་ངོས་ལས་ཆེས་མཐོ་བ་དང་གཞི་རྒྱ་ཆེས་ཆེ་བའི་གདོད་མའི་ནགས་ཚལ་ཡོད་པ་དང་། རྫོང་དེ་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཁུལ་གཙོ་བོ་དང་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟེ་གནས་ས་ཁུལ་རེད། ལྗང་མདོག་ནི་པད་མའི་རང་མདངས་ཡིན་ལ་པད་མའི་ཆེས་ཆེ་བའི་ཁྱད་སྟོབས་ཀྱང་རེད། ཁྱད་པར་བའི་ས་ཁམས་གནས་བབས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་པད་མའི་འགན་འཁྲི་གཙོ་བོ་ཡིན་པ་ཐག་གཅོད་བྱས་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་སྤྱིའི་བཀོད་སྒྲིག་ལྟར། པད་མ་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་བསྡུས་བྱས་ཏེ། ལྗང་བསྒྱུར་གྱི་རིམ་པ་ཇེ་མཐོར་གཏོང་བའི་ཆེད་སྤྱོད་བྱ་འགུལ་ལག་བསྟར་བྱས་པས། ཁོངས་ཡོངས་ལྗང་བསྒྱུར་ལ་སྐུལ་འདེད་བྱས་པ་དང་། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་དང་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱས།

དེར་བརྟེན། མཁར་གྲོང་གི་ཁོར་ཡུག་དང་སྡོད་གནས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་ཐོབ་པ་དང་། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་འདུ་ཤེས་རིམ་བཞིན་ཇེ་དྲག་ཏུ་གྱུར་ལ། ཧུར་བརྩོན་རང་བཞིན་སྔར་ལས་ཇེ་ལེགས་སུ་སོང་བས། སྤྱི་ཚོགས་ཡོངས་ལྗང་བསྒྱུར་བྱེད་པར་དགའ་བ་དང་ལྗང་བསྒྱུར་ལ་འབད་པ། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ཁོར་ཡུག་དར་སྤེལ་གཏོང་བ་བཅས་ཀྱི་སྲོལ་བཟང་ཆགས་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ། བཙོག་བཟོ་སྔོན་འགོག་གི་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པ། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་ཁ་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། པད་མ་རྫོང་གིས་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་ལྗང་མདོག་གི་འདུ་ཤེས་སྲུང་འཛིན་བྱས་པས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མཚོ་སྔོན་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་བརྟན་པོ་བསྐྲུན་པའི་འགྱུར་མེད་ཀྱི་ཆོད་སེམས་མངོན་པར་བྱས་ཡོད།

གཅིག ད་ལོ་ནི་པད་མ་རྫོང་གི་མཁར་གྲོང་ནགས་ཚལ་ཅན་དུ་བསྒྱུར་བའི་མགོ་རྩོམ་པའི་ལོ་ཡིན་ལ། རྫོང་དེའི་ལོ་རྒྱུས་སྟེང་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་བྱ་འགུལ་སྤེལ་ཚད་ཆེས་ཆེ་བའི་ལོ་གཅིག་ཀྱང་རེད། ས་སྤྱི་ཆིངས་སྟོང་གཉིས་དང་དྲུག་བརྒྱ་རེ་དྲུག་ལྷག་ལ་ལྗང་བསྒྱུར་བྱེད་པའི་འཆར་གཞི་ཡོད། ཟླ་བཞི་བའི་ཟླ་དཀྱིལ་དུ། པད་མ་རྫོང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཡོངས་མཁར་གྲོང་ལྗང་བསྒྱུར་ཁྲོད་ཞུགས་ནས། གཞུང་ལམ་གཙོ་བོའི་འགྲམ་གཉིས་དང་ཞིང་མཐའ་རུ་སྡོང་ཕྲུག་བཙུགས་པ་མ་ཟད། སྤྱི་པའི་ལྗང་བསྒྱུར་ས་གནས་དང་སྲང་ལམ་འགྲམ་དུ་ཆ་ཚང་མིན་པའི་གནས་སུ་སྡོང་ཕྲུག་དང་མེ་ཏོག་ཁ་གསབ་བྱས་ལ། མཁར་གྲོང་སྡོད་དམངས་ཚང་མ་མཉམ་དུ་ཟབ་ཞུགས་བྱས་པས། ཁྱིམ་ར་མཛེས་བསྒྱུར་དང་ལྗང་བསྒྱུར་བྱ་བ་སྤེལ།

“ནགས་ཚལ་རྫོང་མཁར་དུ་ནང་འདྲེན་བྱེད་པ་དང་རྫོང་མཁར་ནགས་དཀྱིལ་དུ་འཛུགས་པའི”འདུ་ཤེས་ལྟར། པད་མ་རྫོང་གིས་མཁར་གྲོང་ལྗང་བསྒྱུར་འཆར་གཞི་དེ་མཁར་གྲོང་གི་མཛེས་ལྗོངས་ཡོངས་བསྒྱུར་བཀོད་བྱེད་པ་དང་། ཚན་རིག་ལྟར་མཁར་གྲོང་གི་ཁོར་ཡུག་ཏུ་འོས་མཐུན་སྒོས་ནགས་སྐྲུན་བྱེད་པར་འཆར་འགོད་བྱས། ས་སྟོང་དུ་ནགས་འཛུགས་པ་དང་མི་མཁོ་བའི་ར་བ་དང་གྱང་བཤིག་ནས་ནགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། མཁར་གྲོང་ལྗང་བསྒྱུར་གྱི་ཚད་ཇེ་མང་དུ་བཏང་བ་དང་། མཁར་གྲོང་དུ་ལྗང་བསྒྱུར་བྱེད་པར་འཚམ་པའི་གནས་ཚང་མ་ལྗང་བསྒྱུར་བྱས། ནུས་ཤུགས་ཡོད་དགུས་ལྗང་མདོག་གི་མཛེས་ལྗོངས་ཁུལ་སོགས་བསྐྲུན་ནས་སྡོད་གནས་ཀྱི་མཛེས་ལྗོངས་གསར་བ་མི་རྣམས་ཀྱི་མིག་ལམ་དུ་མངོན།

ནམ་མཁའ་གཡའ་དག་ཅིང་། རི་ཀླུང་ཀུན་ཏུ་ལྗང་མདོག་གི་གོས་ལ་མནབས་པའི་གནས་མཆོག་པད་མ་རུ་ལྗང་མདོག་ནི་སྐྱེ་ཁམས་ཞིང་སྡེའི་ཁྱད་ཆོས་གཙོ་བོར་གྱུར་ཡོད། ཞིང་སྡེའི་ཁོར་ཡུག་དར་སྤེལ་གཏོང་བར་དམིགས་ནས། པད་མ་རྫོང་གིས་གྲོང་རྡལ་དང་སྡེ་བ་མཉམ་སྦྲེལ་བྱེད་པ་གཙོ་གནད་དུ་བཟུང་སྟེ། འཆམ་མཐུན་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་པ་དམིགས་ཡུལ་དུ་བཟུང་ནས། རྫོང་གི་འགོ་ཁྲིད་ཀྱིས་ཞང་གི་བྱ་བ་འགན་གཙང་ལེན་བྱེད་པ་དང་སྡེ་ཁག་གིས་སྡེ་བར་རོགས་སྐྱོར་རོགས་འཛུགས་བྱེད་པ། གྲོང་རྡལ་དང་སྡེ་བ་མཉམ་སྦྲེལ་བྱེད་པའི་བྱ་བའི་ལམ་ལུགས་བཙུགས་པས། རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་མཉམ་སྒུལ་རྣམ་པ་བཅས་མཉམ་དུ་འཛུགས་སྐྲུན་བྱེད་པའི་རྣམ་པ་བཟང་བོ་ཆགས།

ཞིང་སྡེ་དང་ར་བ།ནགས་ཚལ་ཅན་དུ་བསྒྱུར་ཆེད། པད་མ་རྫོང་གིས་ནུས་ཤུགས་ཡོད་དགུས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ། “ཐོན་ལས་དར་སྤེལ་དང་སྐྱེ་ཁམས་གནས་ཡུལ། ཞང་སྲོལ་དཔལ་ཡོན། ཕན་ནུས་ཡོད་པའི་བཅོས་སྐྱོང་། འཚོ་བ་ཕྱུག་བསྒྱུར”བཅས་ཀྱི་སྤྱིའི་རེ་བ་ལྟར། མེ་ཏོག་འདེབས་སར་འཚམ་པའི་གནས་སུ་མེ་ཏོག་འདེབས་པ་དང་། རྩྭ་འདེབས་སར་འཚམ་པའི་གནས་སུ་རྩྭ་འདེབས་པ།  སིལ་ཏོག་འཛུགས་སར་འཚམ་པའི་གནས་སུ་སིལ་སྡོང་སོགས་བཙུགས་ནས། སྐྱེ་ཁམས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་སྐྱེ་ཁམས་གནས་སྐོར་དང་ཞིང་ལས་སྤྲོ་གསེང་གཞི་གཅིག་ཅན་གྱི་དེང་རབས་ཞིང་སྡེ་འཛུགས་སྐྲུན་བྱས།

གཉིས། ནུས་ཤུགས་ཡོད་དགུས་བགྲོད་ལམ་འགྲམ་གྱི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས། ལོ་གཉིས་ཀྱི་རིང་ལ། པད་མ་རྫོང་གིས་གཙོ་གནད་ཐོལ་བརྒལ་དང་ཕྱོགས་ཡོངས་ལ་སྐུལ་འདེད་བྱས་ཏེ། བགྲོད་ལམ་དང་ཆུ་བོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་ཐོབ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། པད་མ་རྫོང་གིས་གཞུང་ལམ་སྤྱི་ལེ་ལྔ་བརྒྱ་གྱ་བདུན་འཛུགས་སྐྲུན་དང་ལེགས་བསྒྱུར་བྱས་པ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ་སྟོང་གཅིག་སུམ་བརྒྱ་སོ་ལྔ་ལྷག་དང་རོང་འབྲོག་ཁུལ་དུ་ཟམ་པ་ང་གཅིག་ལས་པ། མགྲོན་པོ་དང་དངོས་ཟོག་སྐྱེལ་འདྲེན་གནས་སུམ་ཅུ་ལྷག་གི་ལས་གཞི་འཛུགས་སྐྲུན་བྱས།

པད་མ་རྫོང་གིས་ཚད་གཞི་མཐོ་བའི་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་གྱི་གཞུང་ལམ་དང་རྫོང་གི་གཞུང་ལམ། དེ་མིན་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། དེ་དང་མཉམ་དུ། རྫོང་ཁོངས་ཀྱི་འབྲེལ་མཚམས་གཞུང་ལམ་ཚད་གཞི་མཐོ་བའི་འཛུགས་སྐྲུན་བྱས་ལ། སྔར་ཡོད་ཀྱི་ཚད་གཞི་ཅུང་དམའ་བའི་གཞུང་ལམ་འགྲམ་རྒྱུད་དུ་གསར་སྐྲུན་བསྒྱུར་བཀོད་བྱས་པ་དང་། ཞན་འགྱུར་ནགས་སླར་གསོ་དང་ནགས་ཚལ་གསོ་སྐྱོང་གི་ལས་གཞི་ལ་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་ཡོད་དགུས་ཤིང་སྣ་འདྲེས་མའི་ནགས་ཚལ་བསྐྲུན་ནས། སྡོང་རིང་ལྗོན་ཤིང་དང་སྡོང་ཕྲན། རྩི་ཤིང་གཞན་དག་རིམ་པ་བཞིན་འདེབས་འཛུགས་བྱེད་པར་གདེང་འཇོག་བྱས་པས། ཕན་འབྲས་འབུར་དུ་ཐོན་པ་བླངས།

སྡི་མདའ་ཞང་ཁུ་ཕེ་སྡེ་བའི་འབྲོག་པ་བུའུ་པའོ་ཡེ་ཡི་བོད་ཇ་འདེབས་སའི་ར་བ་མི་ཆེ་རུང་། བོད་ཇའི་སྡོང་ཕྲུག་ཚང་མ་སྲིད་གཞུང་གིས་དབུལ་ཕོངས་ཁྱིམ་ཚང་ལ་འདོན་སྤྲོད་བྱས་པ་རེད། རྫོང་གི་སྐོར་ཐེངས་དང་པོའི་བོད་ཇ་འདེབས་པའི་མི་སྣ་ཐོག་མའི་གྲས་ཡིན་པའི་བུའུ་པའོ་ཡེ་ཡི་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་གཉིས་ལ་སླེབས་ཡོད།

ཉེ་བའི་ལོ་འགའི་རིང་ལ། པད་མ་རྫོང་གིས་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་པའི་རང་བྱུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། “ལྗང་མདོག་གི་པད་མ”ལེགས་བཟོ་བྱེད་པ་གཙོར་ཡིན་པའི་བོད་ཇ་དང་སྙི་བ། ལྕུམ་རྩྭ་སོགས་གཙོ་བོ་ཡིན་པའི་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་བྱས་པ་དང་། ས་བོན་བཟང་བོ་འདེབས་པ་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་པ། ཚན་རིག་ལྟར་དོ་དམ་བྱེད་པའི་རེ་བ་ལྟར། ཚད་གཞི་མཐོ་བའི་ནགས་འདབས་ཀྱི་ཐོན་ལས་རྟེན་གཞི་ལེགས་བཟོ་བྱས། ལྗང་མདོག་སྐྱེ་ཁམས་ཐོན་ལས་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་བརྒྱུད། སྐྱེ་ཁམས་ཀྱི་རིན་ཐང་དང་སྐྱེ་ཁམས་ཀྱི་སྦས་ཤུགས་ཏེ་དཔལ་འབྱོར་གྱི་ཁྱད་སྟོབས་དང་ཐོན་ལས་ཀྱི་ཁྱད་སྟོབས་སུ་བསྒྱུར།

ལོ་གཉིས་ཀྱི་རིང་ལ། པད་མ་རྫོང་གིས་བསྡོམས་པས་མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་གཅིག་འབུམ་དྲུག་ཁྲི་གཉིས་བཏང་བ་དང་། ས་སྤྱི་ཆིངས་སྟོང་བཞི་དང་མིས་བཟོས་ནགས་སྐྲུན་ས་སྤྱི་ཆིངས་དགུ་བརྒྱ། ས་སྤྱི་ཆིངས་དྲུག་བརྒྱ་རེ་དྲུག་ལ་བརླན་ས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བྱ་བ་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་པ་དང་ཡོངས་འགྲུབ་བྱས་ལ། ཞིང་སྡེ་གསར་བ་གསུམ་གྱི་སྡེ་བ་ལྗང་བསྒྱུར་གྱི་བྱ་བ་ཡོངས་འགྲུབ་བྱས། ས་སྤྱི་ཆིངས་ལྔ་དང་གྲངས་ཆུང་གསུམ་གྱི་སྟེང་རིགས་མི་འདྲ་བའི་སྡོང་ཕྲུག་བཙུགས་པ་དང་། ས་སྤྱི་ཆིངས་དྲུག་བརྒྱ་ལྷག་ཏུ་རྨོ་སྐྱུར་ནགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་། པད་མ་རྫོང་གི་ནགས་ལས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་སྤྱི་ཕན་ནགས་ཀྱི་དོ་དམ་ལས་གནས་དང་ནགས་ལས་ཐོན་ལས་དང་གནས་གཏན་འཁེལ་བྱས་ཏེ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་ཐབས་ལམ་ཆེན་པོ་གསུམ་གཏན་འཁེལ་བྱས། རྫོང་ཡོངས་སུ་སྤྱི་ཕན་རང་བཞིན་གྱི་དོ་དམ་སྲུང་སྐྱོབ་ལས་གནས་སྟོང་གཅིག་དང་དྲུག་བརྒྱ་དྲུག་དངོས་འབེབ་བྱས་པ་དང་། དེའི་ཁྲོད། དབུལ་ཕོངས་མི་གྲངས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལས་གནས་བདུན་བརྒྱ་ང་ལྔ་དངོས་འབེབ་བྱས། རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་དང་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོབ། རྨོ་བསྐྱར་ནགས་སྐྲུན་སོགས་ཀྱི་བཟོ་སྐྲུན་ཐད་རོང་འབྲོག་པར་ཐད་ཀར་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་ལྔ་ལྷག་གི་ཁ་གསབ་བྱིན་པ་དང་། ཁྱིམ་ཚང་སྟོང་གཉིས་དང་དྲུག་བརྒྱ་བཅོ་བརྒྱད་ལ་ཕན་ཁེ་ཐོབ།

གསུམ། མིག་སྔར། ལམ་ལུགས་རྐྱེན་སྲོལ་གསར་སྐྲུན་བྱས་པ་བརྒྱུད། པད་མ་རྫོང་གིས་ནུས་ཤུགས་ཡོད་དགུས་སྐྱེ་ཁམས་དཔལ་ཡོན་ཐད“བསྒྱུར་བ་བཞི”མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། པད་མ་རྫོང་གིས་ལྗང་མདོག་ཞིང་བའི་ནགས་ཚལ་གྱི་དབུལ་སྐྱོར་ཐོན་ལས་དཔེ་སྟོན་ལས་རིགས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཐོན་ལས་ར་བ་དེའི་རྒྱ་ཁྱོན་ལ་སྤྱི་ཆིངས་དྲུག་དང་གྲངས་ཆུང་བདུན་ཡོད་པ་དང་། མིག་སྔར། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་བ་དང་། མུས་གྲུ་བཞི་མ་སྟོང་གསུམ་ཅན་གྱི་ཕྱོགས་བསྡུས་འཁོར་ཁང་གཅིག་དང་མུས་གྲུ་བཞི་མ་སྟོང་གཅིག་ཅན་གྱི་ཚད་ལྡན་འཁོར་ཁང་གཅིག མུས་གྲུ་བཞི་མ་ལྔ་བརྒྱ་ཡོད་པའི་ཞིབ་འཇུག་ལྟེ་གནས་གཅིག་བཅས་མི་འགྱང་བར་ལེགས་འགྲུབ་འབྱུང་རྒྱུ་ཡིན་ལ། པད་མའི་བོད་ཇའི་ཐོན་ལས་གཙོ་བོར་བཟུང་ནས་མིང་གྲགས་ཐོན་རྫས་སུ་ལེགས་བཟོ་བྱེད་རྒྱུ་ཡིན་ལ། གཅིག་བསྡུས་སྒོས་འདེབས་འཛུགས་དང་ལས་སྣོན། ཐུམ་རྒྱག་པ། ཕྱིར་འཚོང་བྱེད་པ་བཅས་གཞི་གཅིག་བྱས་ཏེ། ནགས་འདབས་དཔལ་འབྱོར་ལ་ཁྱབ་འགྱེད་སྣེ་ཁྲིད་བྱས་ནས། འབྲོག་པའི་ཡོང་སྒོ་འཕར་སྣོན་ལ་དཔེ་སྟོན་སྣེ་ཁྲིད་བྱས།

པད་མ་རྫོང་གི་ལྗང་མདོག་འཕེལ་རྒྱས་ཏེ་སྐྱེ་ཁམས་ཕན་འབྲས་གཙོ་ཡིན་པ་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མཉམ་སྤྱོད་ཀྱི་བསམ་གཞིགས་སྟེང་བསྐྱོད་བཞིན་ཡོད། ཕྱོགས་གཅིག་ནས་ནམ་ཟླ་དང་ས་ཞིང་། ཆུ་ཁུངས་སོགས་ཀྱི་ཕྱོགས་བསྡུས་རང་བྱུང་ཆ་རྐྱེན་ལ་བསམ་གཞིགས་གཏོང་བའི་རྨང་གཞིའི་སྟེང་། ནུས་ཤུགས་ཡོད་དགུས་ནགས་འདབས་ཐོན་ལས་གསོ་སྤེལ་བྱས་ཏེ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་དཔེ་སྟོན་རྟེན་གཞི་སྐོར་ཞིག་ལེགས་བཟོ་བྱས་ནས། རོང་འབྲོག་པའི་དཔལ་འབྱོར་གྱི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་བྱས། ཕྱོགས་གཞན་ཞིག་ནས། སྐྱེ་ཁམས་ཞན་པའི་ས་ཁུལ་དུ་སྐྱེ་ཁམས་ནུས་པའི་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཏེ། སྔར་ཡོད་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས། རང་བྱུང་གནོད་འཚེ་དང་མིས་གནོད་འཚེ་གཏོང་བ་ཇེ་ཉུང་དུ་བཏང་སྟེ། འཕྲོག་ལེན་རང་བཞིན་དང་གཏོར་བརླག་རང་བཞིན་གྱི་གསར་སྤེལ་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱས།

དེ་དང་ཆབས་ཅིག པད་མ་རྫོང་གིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། བོད་ཇ་སོགས་ནགས་འདབས་ཐོན་ལས་ལ་སྣེ་ཁྲིད་དེ། ནུས་ཤུགས་ཡོད་དགུས་ལྗང་མདོག་དམངས་ཕྱུག་ཐོན་ལས་དར་སྤེལ་བཏང་བ་དང་། ནགས་ལས་ཀྱི་དཔལ་འབྱོར་འཕར་ཚད་གསོ་སྐྱོང་བྱས་ཏེ། ལྗང་མདོག་དཔལ་འབྱོར་གྱི་གཞི་ཁྱོན་ཇེ་ཆེར་བཏང་ལ། འདེབས་འཛུགས་དང་གསོ་སྤེལ་དུས་མཉམ་དུ་འཕེལ་རྒྱས་གཏོང་བའི་ནགས་འདབས་ཐོན་ལས་ཀྱི་རྣམ་པ་ཆགས། ཐོན་ཁུངས་གསོ་སྤེལ་སྣ་གཅིག་ཡིན་པ་ནས་གསོ་སྤེལ་དང་གསར་སྤེལ། བེད་སྤྱོད་ཟུང་འབྲེལ་བྱེད་པའི་རྣམ་པ་རུ་བསྒྱུར་བ་དང་། འདེབས་གསོ་ཡིས་ཁེ་ལས་གཙོ་བོས་རྒྱ་ཇེ་ཆེར་བཏང་ལ། ཁེ་ལས་གཙོ་བོས་རྟེན་གཞི་ཡི་སྣེ་ཁྲིད་པ་དང་ཚོང་ར་འབྲེལ་མཐུད་བྱེད་པ། རྟེན་གཞི་ཡིས་འབྲོག་པ་ཁྱིམ་ཚང་ལ་འབྲེལ་བ་བྱས་ཏེ། ཐོན་སྐྱེད་དང་གསར་སྤེལ། འཁོར་སྐྱོད་བཅས་མཉམ་དུ་དམ་འཛིན་བྱེད་ཐུབ་པར་གྱུར།

དེ་ལས་གཞན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འཆར་འགོད་ལྟར། པད་མ་རྫོང་གིས་ལྗང་བསྒྱུར་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཧུར་ཐག་གིས་ནགས་ཚལ་ཐོན་ཁུངས་གསོ་སྤེལ་དང་རྒྱ་ཇེ་ཆེར་གཏོང་བ་དང་ཆབས་ཅིག ནགས་ལས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་ནས། གྲངས་ཀ་འཕར་སྣོན་ཁོ་ན་གཙོར་འཛིན་པ་ནས་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ཐད་འབད་བརྩོན་བྱེད་བཞིན་ཡོད།

དེའི་ཕྱིར། ཁོ་ཚོས་དངོས་གནས་རྩྭ་འདེབས་ནགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། གནད་དུ་འཁེལ་བའི་སྒོ་ནས་རྩྭ་ས་དང་ནགས་ཚལ་གྱི་ཐོན་ཁུངས་སྤུས་ཚད་མཐོར་འདེགས་སུ་བཏང་བ་དང་། ཞན་འགྱུར་ནགས་སླར་གསོ་བྱེད་ཤུགས་ཇེ་ཆེར་བཏང་བས། མྱུར་ཚད་དང་ཕན་འབྲས། སྤུས་ཚད། གྲངས་ཀ་བཅས་གཅིག་གྱུར་སྒོས་ཚད་གཞི་ཇེ་མཐོར་སོང་།

ད་ལྟ། པད་མ་རྫོང་གི་ལས་བྱེད་མང་ཚོགས་དང་ས་གནས་འབྲོག་པ་རྣམས་ཀྱི་སེམས་ཞིབ་མོས་སྲུང་སྐྱོབ་འོག ནགས་ཚལ་སྔར་ལས་སྔོ་ཐིང་ཐིང་དུ་གྱུར་ཡོད་ལ། ས་གཞི་དེའི་སྟེང་གི་མི་རྣམས་ཀྱིས་རང་ཉིད་ཀྱི་ལྗང་མདོག་ཕུགས་འདུན་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དང་། “ལྗང་མདོག་གི་ཁྱིམ་གཞིས་སྲུང་སྐྱོབ་དང་ལྗང་མདོག་གི་རེ་བ་གསལ་བཤད་བྱེད་པ། ལྗང་མདོག་གི་རེ་བ་གསོ་སྤེལ་བྱེད་པ། ལྗང་མདོག་གི་ཕུགས་འདུན་ལ་རེ་སྙེག་བྱེད་པ”བཅས་གནས་དེའི་ནམ་མཁའ་དང་ནགས་ཚལ། རྩྭ་ས། ཆུ་བོ་བཅས་ལ་སྔར་ལས་གསོན་ཤུགས་ཆེན་པོ་ལྡན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།