མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྒང་པ་བོད་ཀྱི་མི་རིགས་ལག་རྩལ་རྩེ་གྲའི་ཐོན་རྫས་མཉམ་ལས་ཁང་དུ། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་ལག་བཟོས་བསླས་མ་དང་། བཟོ་རྩལ་གྱི་ཐོན་རྫས་དང་ཁྱད་ལྡན་ཚོང་རྫས་བཅས་གྲལ་བསྟར་བསྒྲིགས་ཡོད་ལ། ནང་ལོག་ནས་ཐོན་པའི་གནས་སྐོར་མགྲོན་པོ་རྒྱུན་ཆད་ཀྱིན་མི་འདུག
ལོ་ན33ལ་སོན་པའི་བསམ་སྐྱིད་ནི་མཉམ་ལས་ཁང་འདིའི་ལས་འཛིན་མགོ་གཙོ་ཡིན་ལ། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཕྱིར་ཕ་ཡུལ་ལ་ལོག་ནས་ལས་སྐྲུན་བྱས་པའི་སློབ་ཆེན་པ་ཐོག་མའང་རེད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་བསམ་འདུན་སེམས་སུ་ཉར་ཏེ། ལོ་ངོ3གྱི་སྔོན་ལ། མོས་སྡེ་བ་རུ་གསོ་སྦྱོང་དང་ཐོན་སྐྱེད། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་མི་རིགས་ལག་རྩལ་རྩེ་གྲའི་ཐོན་རྫས་མཉམ་ལས་ཁང་གསར་འཛུགས་བྱས། ད་ལྟ། མཉམ་ལས་ཁང་དུ་ལག་བཟོའི་སྒྱུ་རྩལ་པ13ཡོད་པ་དང་། མི་རིགས་ལག་རྩལ་རྩེ་གྲའི་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད། ཞིང་ལས་ཐོན་སྐྱེད་བདག་གཉེར་དང་འབྲེལ་བའི་ལག་རྩལ་གསོ་སྦྱོང་དང་། ལག་རྩལ་སྤེལ་རེས་དང་བརྡ་འཕྲིན་བློ་འདྲིའི་ཞབས་ཞུ་བཅས་སྤེལ་བཞིན་ཡོད། 2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྟེང་། བསམ་སྐྱིད་ཀྱིས་ཁྱེར་ཡོང་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དག་མི་རྣམས་ཀྱིས་འཕྲོག་རེས་བརྒྱབ་ནས་ཉོས་ཚར་ལ། རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་པས་ཡིད་འཇོག་བྱས་ཤིང་གདེང་འཇོག་དང་བསྔགས་བརྗོད་ཀྱང་ཚད་མེད་ཐོབ།
བསམ་སྐྱིད་ཀྱིས་བཤད་རྒྱུར།“མཉམ་ལས་ཁང་བཙུགས་པའི་ཚུན་ལ། སྡེ་དམངས་ལ་ཡོང་འབབ་སྐྲུན་པ་དང་མཉམ་དུ། གནའ་བོའི་བོད་རིགས་ཀྱི་བཟོ་རྩལ་ཡང་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད། ད་ལྟ་འཕེལ་རྒྱས་སུ་གཏོང་བར་དཀའ་གནད་ཆེས་ཆེ་བ་ཞིག་ཡོད་པ་ནི་གཞི་ཁྱོན་རྒྱ་སྐྱེད་པར་མཁོ་བའི་ས་མེད་པ་དེ་རེད། སྟབས་ལེགས་པ་ཞིག་ལ། ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་གིས་རོགས་སྐྲུན་བྱས་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། གདང་ལ་གྲོང་རྡལ་རིག་གནས་ཡུལ་སྐོར་འཛུགས་སྐྲུན་གྱི་ལས་གཞི་ཡིས་ཏག་ཏག་ངའི་དཀའ་ཁག་འདི་སེལ་ཞིང་། ངས་ཀྱང་མཉམ་ལས་ཁང་གདང་ལ་གྲོང་རྡལ་དུ་ལས་གཉེར་བྱས་ཏེ། ཐག་ཉེ་ས་ནས་ཡུལ་སྐོར་མགྲོན་པོར་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ”ཟེར།
བསམ་སྐྱིད་ཀྱིས་བཤད་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་གདང་ལ་གྲོང་རྡལ་རིག་གནས་ཡུལ་སྐོར་འཛུགས་སྐྲུན་གྱི་ལས་གཞི་ནི། ཏག་ཏག་ཀྲུང་གོའི་རྡོ་སྣུམ་གྱིས་མ་དངུལ་སྒོར་མོ་བྱེ་བ་གསུམ་ལྷག་བཏང་སྟེ། ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་རོགས་སྐྲུན་བྱས་པའི་གནད་འཁེལ་དབུལ་སྐྱོར་གྱི་ལས་གཞི་ཞིག་རེད།
མཚོ་སྔོན་སྣུམ་ཞིང་གིས་མཚོ་བོད་མཐོ་སྒང་ལ་དབུལ་སྐྱོར་བྱེད་པའི་སྤུས་ལེགས་བཟོ་འགོད་དམིགས་འབེན་དུ་བཟུང་སྟེ་ལས་གཞི་འདི་གཉིས་གསར་འཛུགས་བྱས་ཤིང་། “ཁྲག་རྒྱག་པ”གཙིགས་སུ་བཟུང་ཞིང་། དེ་བས་ཀྱང“ཁྲག་བཟོ་བ”གཙིགས་སུ་བཟུང་ནས། གདང་ལ་གྲོང་རྡལ་དེ་འབྲི་ཆུའི་སྐྱེ་ཁམས་ཀྱི་གྲོང་རྡལ་དང་པོའི་གནས་སྐོར་ཚོང་རྟགས་སུ་འཛུགས་སྐྲུན་བྱེད་པར་གཞོལ་ཏེ། ས་གནས་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཀྱི་ཚད་རྩ་བའི་ཐོག་ཇེ་མཐོར་བཏང་བ་དང་། ན་གོར་མོ་གྲོང་ཁྱེར་གྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱས་ཤིང་། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་མཚོ་བོད་གཞུང་ལམ་སྟེང་གི་ས་ཚིགས་གལ་ཆེན་དུ་འགྱུར་ངེས་རེད། ད་ལྟ། ལས་གཞི་དེ་གཉིས་ཀྱི80﹪ལེགས་འགྲུབ་བྱུང་ཡོད།
ནོར་བུ་བསམ་འགྲུབ་ཀྱིས་རང་ཁྱིམ་གྱི་ཟ་ཁང་ཆུང་བ་དེ་བདག་གཉེར་བྱེད་བཞིན་པ་ལས་གཞན། ཁྱིམ་མི་གང་བོར་ལྟ་སྐྱོང་བྱེད་བཞིན་ཡོད། གུང་ཁྲན་ཏང་མི་ཞིག་དང་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྩྭ་ཐང་དོ་དམ་སྲུང་སྐྱོང་པ་ཞིག་ཡིན་པའི་ཆ་ནས། ད་དུང་ཁོས་སྡེ་བའི་སྡེ་དོན་གྱི་ཆེད་དུ་གང་སར་འདུར་རྒྱུག་བྱེད་དགོས་པ་དང་། སྡེ་དམངས་ཀྱི་ཚབ་ཏུ་སེམས་ཁྲལ་དང་དཀའ་ཁག་སེལ་དགོས་པ་སྟེ། རྩྭ་ཐང་ལ་མྱུལ་ཞིབ་བྱེད་དགོས་ལ་གད་སྙིགས་ཀྱང་འཐུ་དགོས། “ད་ལྟའི་དུས་འདི་སྔོན་ཆད་ཕྱུགས་འཚོ་བའི་དུས་སྐབས་ལྟ་བུའི་སོས་དལ་བག་ཕེབས་ཤིག་མིན་མོད། འོན་ཀྱང་འཛོམས་སྣང་དང་སྐྱིད་སྣང་གཞན་ཞིག་མཆིས། རྗེས་མར་མཚོ་སྔོན་སྣུམ་ཞིང་གིས་རོགས་སྒྲུབ་བྱས་པའི་གདང་ལ་གྲོང་རྡལ་རིག་གནས་གནས་སྐོར་ལས་གཞི་ལེགས་འགྲུབ་བྱུང་རྗེས། ངས་གནས་སྐོར་ལྟེ་གནས་ནས་ཟ་ཁང་ཕྱེས་ཏེ། རྒྱང་རིང་གི་གནས་སྐོར་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ཡིན།”ཞེས་ནོར་བུ་བསམ་འགྲུབ་ཀྱི་སྐྱིད་སྣང་དེ་ཁོའི་སྐད་ཆ་དང་ལུས་ཀྱི་ཉམས་འགྱུར་ལས་ཀྱང་ཚོར་ཐུབ།
ས་མཐོ་ས་ནས་གྲོང་རྡལ་དུ་སྤར་བ་དང་། རུ་སྤོ་ཕྱུགས་འཚོ་ནས་གཏན་སྡོད་བྱས་པ། འབྲོག་དམངས་ནས་གྲོང་ཁྱེར་སྡོད་དམངས་སུ་གྱུར་པ་བཅས། ད་ལྟའི་འབྲི་ཆུའི་མགོ་ཁུངས་སྡེ་བ་རུ། དར་དམར་ལྷབ་ལྷུབ་དུ་གཡོ་ལ། དགའ་སྤྲོའི་དགོད་སྒྲས་ཁེངས། རིགས་སོ་སོའི་མང་ཚོགས་ཀྱིས་དྲིན་ཅན་དྲིན་དུ་ཚོར་ཞིང་ཕན་ཚུན་ལ་རོགས་རམ་བྱས་ཏེ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།