འཚོ་བ་གསར་པར་ཕྱོགས་པའི་ཕ་ཡུལ་གྱི་རྣམ་པ།
2019.11.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 79

རང་ཡུལ་གད་པ་ཡིན་རུང་སྐྱིད། གཞན་ཡུལ་གསེར་ཁང་ཡིན་ཡང་སྡུག་ཅེས་པ་ལྟར་ང་ཚོ་མི་བུ་རེ་ལ་ཕ་ཡུལ་རེ་ཡོད་ཅིང་། མི་ཐོག་མིས་བརྗེས་ཤིང་རྟ་ཐོག་རྟེའུས་བརྗེས་ན་ཡང་བརྟན་ཞིང་བརླིང་བའི་རི་ཚོགས་དང་། ཚང་ཚིང་བཀྲ་བའི་ནགས་ལྗོན། ཡངས་ཤིང་ཆེ་བའི་རྩྭ་ཐང་། དྭངས་གཙང་ལྷད་མེད་ཀྱི་ཆུ་བོ། ཤོ་མིག་ལྟར་སྦྲེལ་བའི་ཞིང་ཐང་། རྡོ་བ་སྤུངས་པའི་གྲམ་གཞུང་། ལྷམ་མེར་བཞད་པའི་མེ་ཏོག་གི་ཚོགས་སྔར་བཞིན་མཛེས་སྡུག་གིས་བཞད་ཅིང་། སྤྱི་ཚོགས་གསར་པའི་ཉིན་བྱེད་ཀྱི་ཟེར་མ་རི་ལུང་ཐང་གསུམ་ལ་འཕྲོས་པས། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བར་སྔོན་དང་བསྡུར་ཚེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་འདུག

སྟག་ལུང་སྡེ་བའི་སྡེ་མི་ལྷ་མཆོག་རྒྱལ་ཚང་ལ་མཚོན་ན་བཟའ་མི་གསུམ་མ་གཏོགས་མེད་པའི་ཁར། ལྷ་མཆོག་རྒྱལ་གྱི་ཆུང་མ་ནད་ཀྱིས་མནར་ནས་གྲོང་ཁྱེར་གྱི་ཚད་མཐོ་བའི་སྨན་ཁང་དུ་སྨན་པ་སྟོན་འདོད་ཀྱང་དཔལ་འབྱོར་གྱི་དཀའ་ཁག་ལ་འཕྲད་པས་ཁྱིམ་ནས་རྒྱུན་དུ་སྨན་འཐུངས་ཏེ་ནད་གསོ་བྱེད་པ་ལས་ཐབས་གཞན་ཅི་ཡང་མ་རྙེད། ཁོ་བཟའ་ཟླ་གཉིས་ཀྱི་འཚོ་བ་ཧ་ཅང་ཞན་པར་མ་ཟད། བུ་ཕྲུག་གཅིག་མ་གཏོགས་མེད་པས་ཁྱིམ་ཚང་གི་ལས་ཀ་ཆེ་མ་ཆུང་གསུམ་ལྷ་མཆོག་རྒྱལ་གཅིག་པུས་འགན་གཙང་ལེན་བྱེད་བཞིན་ཡོད། འོན་ཀྱང་། བུ་རྡོ་རྗེ་དོན་གྲུབ་ཀྱི་མ་འོངས་མདུན་ལམ་བསམས་ཏེ་ཁྱིམ་ཚང་གི་ཆ་རྐྱེན་ཇི་ལྟར་ཞན་ཡང་སློབ་ཡོན་བསྐྱིས་ཏེ་སློབ་གྲྭར་མངགས་པའི་ཆོད་སེམས་བརྟན་པོས་ད་ལྟ་བུ་རྡོ་རྗེ་དོན་འགྲུབ་ཀྱིས་རྫོང་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱིན་ཡོད། ཁོ་ཚང་ལ་ཞོར་ལས་འཚོལ་བའི་མི་དང་ཕྱུག་འགྱུར་གྱི་ལམ་སྣ་འདྲེན་མཁན་མེད་པར་བཟའ་མི་གསུམ་པོས་གཅིག་སེམས་གཅིག་ལ་བརྟེན་ཏེ་བབ་ཆགས་ཤིང་ཉམ་ཆུང་བའི་འཚོ་བ་དེ་ལྟར་མི་རོལ་ཐབས་མེད་ཡིན་ལ། ཞིང་ཕར་འདེབས་དང་སྟོན་ཚུར་བསྡུ་འགྲུབ་ན་ཡང་གཞན་ལྟར་དབྱར་རྩྭ་དགུན་འབུ་བརྐོ་བའམ་ཞོར་ལས་ལ་འགྲོ་མཁན་གཅིག་ཀྱང་མེད། ཁོ་ཚང་ལ་ངོམ་རྒྱུ་ཞིག་ཡོད་པ་ནི་ཟོག་ལུག་བརྒྱད་ཅུ་ཙམ་ཡོད་པ་དེ་རེད། ཁོས་གཅིག་ནས་ཟོག་ལུག་འཚོ་སྐྱོང་བྱེད་དགོས་པ་དང་གཉིས་ནས་ཆུང་མ་ཚེ་རིང་མཚོར་ཁ་སྐོལ་བྱེད་དགོས་པས་ལས་ཚེགས་ཧ་ཅང་ལྕི་ཞིང་འཚོ་བ་ཐབས་ཆག་ཡིན།

དགའ་འོས་པ་ཞིག་ལ་ཉེ་བའི་ལོ་འགའི་སྔོན་དུ་སྟག་ལུང་སྡེ་བར་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་ཕོ་མོ་རིགས་གཉིས་སུ་བགར་ནས་ལས་རིགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ། སྐྱེས་པ་ཚོར་ལྗིད་འདེགས་འཕྲུལ་འཁོར་དང་བརྐོ་འདྲུའི་འཕྲུལ་འཁོར་སོགས་ཁ་ལོ་བའི་ལས་རིགས་ལག་རྩལ་གསོ་སྦྱོང་བྱས་ཤིང་། སྐྱེས་མ་ཚོར་གཙག་དྲུབས་དང་ཟས་རིགས་གཡོ་སྐོལ་སོགས་གསོ་སྦྱོང་བྱས། གོ་སྐབས་བཟང་བ་ཞིག་ལ་ལྷ་མཆོག་རྒྱལ་ཡང་འཕྲུལ་འཁོར་གསོ་སྦྱོང་འཛིན་གྲྭར་ཞུགས་ཐུབ་པ་བྱུང་ཞིང་། གཟབ་ནན་དང་སྡུག་རུས་ལྡན་པའི་ལྷ་མཆོག་རྒྱལ་གྱིས་ཟླ་ངོ་གཉིས་ཙམ་གྱི་རིང་ལ་ཁ་ལོ་བའི་འཛིན་ཡིག་བླངས། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་སྟག་ལུང་སྡེ་བར་ཞིང་སྡེ་གསར་པའི་ལས་གཞི་རྣམ་གྲངས་འབྱོར་ཏེ་སྡེ་བའི་སྲང་ལམ་ཧྲིལ་པོར་ཨར་འདམ་གྱི་ལམ་ལས་པ་དང་། ཁྱིམ་ཚང་སོ་སོའི་སྒོ་དྲུང་དུ་རང་འབབ་ཆུ་འཐེན་པ། ཕྱི་གྱང་བཞི་སྐོར་དུ་སོ་ཕག་གིས་ལྷན་པ་རྒྱག་པའི་ལས་ཀ་མགོ་བརྩམས་པས། སྡེ་མི་ལྷ་མཆོག་རྒྱལ་གྱིས་ལས་གཞི་དེའི་མགོ་མཇུག་བར་གསུམ་གྱི་བརྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བའི་ལས་ཀ་དང་དུ་བླངས་ཏེ་ཐིགས་པ་བསགས་པའི་རྒྱ་མཚོ་བཞིན་ཁྱིམ་ཚང་གི་ཡོང་སྒོ་ལ་ཁག་ཐེག་བྱེད་ཐུབ་པ་བྱུང་། ཁོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ལས་ཀ་པ་རྣམས་དང་མཉམ་དུ་སྡེ་བའི་ཕྱུག་འགྱུར་གྱི་ལམ་ཁར་དཀའ་ཚེགས་གདོང་གིས་བསུས་ཤིང་འབད་པ་ལྷུར་ལེན་བྱས་ཏེ། ལོ་ངོ་དུ་མའི་སྔོན་གྱི་ཀྱག་ཀྱོག་གི་སྲང་ལམ་དང་དབྱར་ཁ་ཆར་ཆུ་འབབ་པའམ་དགུན་ཁར་ཁ་བ་བབས་ཚེ་ཆར་ཆུས་རྐ་ཤུར་དང་ཆུ་གྲོག་བཟོས་འགྲོ་བ་དང་། འདམ་མྱགས་ཀྱིས་སྲང་ལམ་དུ་ལག་སྐྱོར་དང་འཕྲུལ་རྟ་བགྲོད་ཐུབ་པ་ལྟ་ཅི། ཐ་ན་སྡེ་མི་རྣམས་ཀྱང་ཕྱུགས་ཟོག་ཕར་འདེད་ཚུར་འདེད་དང་ཐག་ཉེ་རིང་གང་རུང་དུ་ལས་དོན་སྒྲུབ་པར་སྟབས་བདེ་མིན་པའི་འཚོ་བར་གཞི་ནས་རྫོགས་ཚིག་བཀོད་དེ། ད་ལྟ་ཁོད་སྙོམས་ཤིང་ངོས་བདེ་བའི་ཨར་འདམ་གྱི་ལམ་བུ་དཀར་ཆིལ་ལེར་བཟོས་ཤིང་། ཁྱིམ་ཚང་སོ་སོའི་སྒོ་ནང་དུ་རང་འབབ་ཆུ་འཐེན་པས་དེ་སྔོན་རྒྱབ་ལ་ཆུ་ཟོ་ཁུར་ཏེ་སྡེ་བ་དང་ཁད་ཐག་ལེ་དབར་གཉིས་ཙམ་ཡོད་པའི་ཆུ་མིག་དཀར་མོའི་སར་ཆུ་ལེན་དུ་འགྲོ་བའི་ལས་ཀ་ལྷག་མ་དེའི་རྒྱུན་བཅད་པ་རེད། ལྷག་པར་བ་ཚྭས་ཟོས་ཤིང་ཁ་ཆག་སྣ་རལ་དུ་གྱུར་པའི་ཕྱི་གྱང་དང་ཁང་པའི་འདབས་སྣེ་བད་ཀ་ཞིག་རལ་དུ་གྱུར་པ། སྒོ་དང་སྒེའུ་ཁུང་ལ་ནག་དྲེག་ཆགས་པའི་ཁང་རྙིང་དག་རེ་རེ་བཞིན་ཨར་འདམ་དང་སོ་ཕག་གིས་བརྩིགས་པའི་རྡོ་ཁང་དང་། གསོམ་པ་དང་ཤུག་པས་བཞེངས་པའི་བཀོད་ལེགས་ཁང་བཟང་བསྐྲུན་པའི་ཁར། སྤུས་ལེགས་ཤིང་མདོག་མཛེས་པའི་རྟིང་མ་སོ་ཕག་དང་ཕྱི་ངོས་སུ་རྩི་དཀར་པོ་དང་སེར་པོས་བརྒྱན་པའི་ཕྱི་གྱང་མཚར་སྡུག་ལྡན་པ་ཞིག་བསྐྲུན། དེ་ནི་སྟག་ལུང་སྡེ་བར་མཚོན་ན་རྨི་ལམ་མཚར་པོ་ཞིག་དང་འཇིག་རྟེན་འདིའི་སྟེང་འགྲུབ་དཀའ་བའི་རླབས་ཆེན་གྱི་བྱ་བ་ཞིག་མིག་གི་དགའ་ཚལ་དུ་མངོན་པ་རེད། ལྷག་དོན་དགའ་འོས་པ་ཞིག་ལ་ལྷ་མཆོག་རྒྱལ་གྱིས་ལོ་འདི་འགར་འཕྲུལ་འཁོར་ཁ་ལོ་བའི་བྱ་བ་ནན་ཏན་གྱིས་བསྒྲུབས་པས་ཁོ་ཚང་གི་གྱན་གསུམ་ཙམ་གྱི་ཁང་རྙིང་དེ་ཞིག་གསོ་བྱས་པར་མ་ཟད། འཁྱག་སྒམ་དང་བརྙན་འཕྲིན། འཕྲུལ་ཆས་སོགས་དེང་རབས་ཁྱིམ་ཆས་ཀྱང་མང་པོ་ཉོས་ཡོད། དེ་བས་ཀྱང་དངུལ་བྱང་དུ་སྒོར་མོ་མང་པོ་ཞིག་གསོག་འཇོག་བྱེད་རྒྱུའང་ཡོད་སོང་། འགྱུར་ལྡོག་འདི་ཡང་མདོར་དེད་ན་རྒྱལ་ཁབ་ཀྱི་བཀའ་དྲིན་དང་མི་དམངས་མང་ཚོགས་ཀྱི་ངལ་རྩོལ་གྱི་འབྲས་བུ་ལས་བྱུང་བ་ཤ་སྟག་ཡིན། བློ་མཐུན་ལྷ་མཆོག་རྒྱལ་གྱིས་འཛུམ་དང་བཅས་འདི་ནི་ངའི་མི་ཚེའི་འདུན་མའི་ཁྲོད་དུ་འཆར་མ་མྱོང་བའི་དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཅིག་རེད་ཨང་། ང་ཚོས་གོང་མགོ་ཁྲིད་དང་སྡེ་བའི་སྣེ་ཁྲིད་པའི་བཀའ་དྲིན་སེམས་སུ་རི་རྒྱལ་ལྷུན་པོ་བཞིན་ཉར་ཏེ་མུ་མཐུད་དུ་རང་རང་གི་འཚོ་ཚིས་བཟང་པོའི་དོན་དུ་བརྩོན་སེམས་ཀྱི་ངར་ཤུགས་མི་ལྷོད་པ་དང་། དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་མི་ཞུམ་པར་འཚོ་བ་གསར་པའི་ཕྱོགས་སུ་གོམ་ཁ་བརྟན་པོའི་ངང་བསྐྱོད་དགོས་ཟེར། དེར་མཐུད་ནས་ཁོས་ད་དུང་རྒྱལ་ཁབ་ཀྱིས་དབྱར་ཆར་བས་མི་སྦང་ཞིང་དགུན་རླུང་གིས་མི་འཇིག་པའི་རང་ཁྱིམ་དྲོན་མོ་ཞིག་གནང་བས་བདེ་དྲོད་ཀྱི་ཚོར་བ་སྟེར་ན་ཡང་། ང་ཚོ་འདི་ཙམ་ལ་ཡིད་ཚིམ་ནས་མི་སྡོད་པར་སྔར་ལས་འབད་པ་དང་ལྷག་ཏུ་བུ་རབས་ཚ་རྒྱུད་ཀྱི་རྒྱུད་ལ་ཤེས་རིག་གི་འོད་སྣང་ཞིག་འཕྲོ་རུ་འཇུག་རྒྱུ་ནི་ད་ལྟའི་དུས་ཀྱི་གནད་འགག་གཙོ་བོ་རེད་ཅེས་བརྗོད། ན་ནིང་ནས་བཟུང་ལྷ་མཆོག་རྒྱལ་གྱིས་སྒོ་ཁའི་ཞིང་ར་དང་ལྡུམ་རའི་ནང་དུ་སྔོ་ཚལ་འདེབས་པ་དང་བྱ་ཕོ་གསོ་བ། མེ་ཏོག་གསོ་བ་སོགས་ཀྱི་ལས་ཀ་གཉེར་བས་ཁོ་ཚང་གི་འཚོ་བ་ནི་བལྟས་བལྟས་རིག་རིག་ལ་ཇེ་བཟང་ཡིན་ཞིང་། སྡེ་མི་གཞན་དག་ལའང་འབྱོར་ཕྱུག་གི་ལམ་ཁར་འཚོལ་སྙེག་བྱེད་པའི་མིག་དཔེ་ལེགས་པོ་ཞིག་བསྟན།

འདི་ལྟར་ཏང་དང་རྒྱལ་ཁབ་ཀྱི་བླ་མེད་མཛུབ་སྟོན་འོག་མཛའ་མཐུན་གྱི་ལག་རྡང་མཉམ་དུ་སྦྲེལ་ཞིང་། བློ་གྲོས་ཀྱི་རྩལ་ལས་བཏོན་པའི་ཐོན་ལས་གསར་པས་ཕ་ཡུལ་གྱི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ། དབུལ་ཞིང་ཕོངས་པའི་རྣམ་པ་སྔ་ས་ནས་བསྒྱུར་པར་མ་ཟད། བདུད་རྩིའི་བུམ་བཟང་ལྟ་བུའི་ལག་རྩལ་གསར་པའི་ཀུང་སི་བཙུགས་ཏེ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་བ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན། མང་མྱུར་ལེགས་བསྲི་བཅས་ཀྱི་སྒོ་ནས་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕ་ཡུལ་གྱི་འཚོ་བ་གསར་པ་ཞིག་འཛུགས་པའི་གོམ་པའི་འདེགས་འཇོག་མཚམས་མེད་དུ་སྒྱུར་བཞིན་འདུག

                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།