མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས “མདོག་གསུམ”ཐོན་ལས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུ་བསྐྲུན།
2019.11.20 ཁུངས། པད་མ་རྫོང་མི་དམངས་སྲིད་གཞུང ཀློག་གྲངས། 61

 “དམར་མདོག་དང་གསེར་མདོག ལྗང་མདོག”བཅས་ཚོན་སྣ་གསུམ་ཀྱིས་བྲིས་པའི་པདྨ་རྫོང་གི་གནམ་གཤིས་དྲོ་ཞིང་འཇམ་ལ་མཛེས་སྡུག་གི་ཡུལ་ལྗོངས་མི་ལུས་དང་མཚམས་པ།  གནས་འདི་ནི་མཚོ་སྔོན་གྱི་ཤར་ལྷོའི་ལྷོ་སྒོ་ཆེན་མོ་ཡིན་ཞིང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི“འབྲི་ཆུའི་ལྷོ་རྒྱུད་ཆུང་བ”ཞེས་པའི་མཚན་སྙན་ཐོབ་ཡོད།  ཡིན་ནའང་ས་རྒྱ་ཆེ་ཞིང་མི་གྲངས་ཧ་ཅང་ཉུང་བ་དང་།  མང་ཚོགས་ཀྱི་སྡོད་གནས་ཐར་ཐོར་དང་འགྲིམ་འགྲུལ་རྗེས་ལུས་ཡིན་པ།  ཆ་འཕྲིན་གོ་དཀའ་བ་བཅས་ཀྱི་རྐྱེན་གྱིས་པད་མ་རྫོང་ནི་རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་བའི་རྫོང་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དམིགས་བསལ་དབུལ་ཕོངས་རྫོང་ཡང་ཡིན།

བསྡོམས་རྩིས་བྱས་པ་ལྟར་ན།   2015ལོར་རྫོང་ཡོངས་སུ་སྔར་བཞིན་དབུལ་ཕོངས་སྡེ་བ་བཅུ་གསུམ་དང་ཁྱིམ་ཚང་ཆིག་སྟོང་དགུ་བརྒྱ་ཞེ་ལྔ་ཡི་དབུལ་ཕོངས་མི་གྲངས་སྟོང་བརྒྱད་དང་ཞེ་བདུན་ཡོད་པ་དང་། དབུལ་བོར་འགྱུར་ཚད32.8%ཟིན་ཡོད།

ཅིའི་ཕྱིར་རི་ཆུ་ཀླུང་གསུམ་འཛོམས་ཤིང་གནམ་གཤིས་དྲོད་འཇམ་ལྡན་པའི་པདྨའི་དབུལ་ཕོངས་ཀྱི་ཚད་དེ་འདྲ་གཏིང་ཟབ་དོན་ཅི་ཡིན་ནམ།

མགོ་ལོག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་པད་མ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། ལོ་རྒྱུས་དང་རང་བྱུང་རྒྱུ་རྐྱེན་གྱི་ཚོད་འཛིན་ཐེབས་པའི་དབང་གིས་པད་མ་རྫོང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དལ་བ་དང་། ཐོན་ལས་གྲུབ་ཆ་སྣ་རྐྱང་ཡིན་པ།  དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་བ། རྫོང་ནོར་སྲིད་ཀྱིས་མི་འདང་བ།  གྲོང་གསེབ་དང་འབྲོག་ཁུལ་འཕེལ་རྒྱས་ཐད་མ་དངུལ་གཏོང་ཤུགས་ཅུང་ཉུང་བ།  ཕྱུགས་ལས་དང་ཞིང་ལས།  ཡུལ་སྐོར་ལས་རིགས་སོགས་ཀྱི་ལེགས་ཆ་ལྡན་པའི་ཐོན་ཁུངས་སྒོ་འབྱེད་གང་ལེགས་བྱས་མེད་པ།    ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་དཀའ་གནད་ཅུང་ཆེ་བའི་སྟེང་མང་ཚོགས་ཀྱི་འདུ་ཤེས་རྙིང་ཞེན་ཡིན་པ། རྗེས་ལུས་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་བཅས་ཀྱིས་མང་ཚོགས་ཡུན་རིང་དབུལ་ཕོངས་ཀྱི་གནས་སུ་གྱར་ཡོད། དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་དེ་ལས་སྒྲོལ་ཆེད། 2016ལོ་ནས་བཟུང་པདྨ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་བྱ་བ་གལ་ཆེན་དང་དམངས་ཚིས་ལས་གཞི་དང་པོར་བརྩིས་ནས“དམར་མདོག་དང་གསེར་མདོག ལྗང་མདོག”བཅས་ཐོན་ལས་གསུམ་སྔོག་འདོན་དང་འཕེལ་རྒྱས་གཏོང་རྒྱུར་དམ་པོར་དམིགས་ཏེ། དབུལ་ཕོངས་ཀྱི་དཀའ་གནད་ལས་སྒྲོལ་ཕྱིར་དམག་འཐབ་ཐེངས་ཤིག་བསླངས་པ་རེད།

མགོ་ཁྲིད་ལས་བྱེད་པར་དམིགས་འཛུགས་འགན་གཙང་ལེན་བྱེད་པ་དང་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་འབྲེལ་གཏུག་རོགས་སྐྱོར་བྱེད་པའི་ལམ་སྲོལ་ལག་བསྟར་བྱས་ནས་ཏང་ཡོན་ལས་བྱེད་པ་སྟོང་གཅིག་དང་སུམ་བརྒྱ་ལྷག་ཙམ་དབུལ་ཐར་མཁྲེགས་གཏོར་གྱི་ཡུལ་དངོས་སུ་བསྐྱོད་དེ་མཁྲེགས་གཏོར་དཀའ་སེལ་བྱེད་རྒྱུ་ཐག་བཅད་པ་དང་།   རྫོང་ཡོངས་ཀྱི་སྟོབས་ཤུགས་དང་དམངས་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་སེམས་ཞིབ་མོ་དང་ཕན་ཚུན་མཉམ་འབྲེལ་སྒོས་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་བཅུ་གཉིས་གཅིག་བསྡུས་བྱས་ཏེ།  གཞི་རིམ་ཏང་འཛུགས་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། བདེ་འཇགས་སྡོད་ཁང་དང་བདེ་འཇགས་འཐུང་ཆུ། སློབ་གསོ་དང་། སྨན་བཅོས། རྒན་གསོ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་བཅས“འཐབ་འཛིང་ཆེན་པོ་བདུན”འགན་ལེན་བྱས་པས། དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་བྱུང་བ་རེད།

ཤ་བོ་སྐྱབས་ཀྱིས་བཤད་རྒྱུར།     སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་དུ་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བཅུ་གསུམ་ཚང་མ་ཕྱིར་འཐེན་བྱ་རྒྱུ་དང་ཁྱིམ་ཚང་སྟོང་གཅིག་དགུ་བརྒྱ་ཞེ་ལྔ་དང་མི་གྲངས་སྟོང་བརྒྱད་དང་ལྔ་བཅུ་ང་བདུན་ཚང་མ་དབུལ་ཕོངས་ལས་ཐར་བར་བྱེད་རྒྱུ་དང་། ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་དེ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ལེགས་ཆའི་ཐོན་ལས་ལ་བརྟེན་ནས2015ལོའི་ལོ་མཇུག་ཏུ་མི་རེར་ཆ་སྙོམས་སྒོར་སྟོང་གཉིས་དང་ལྔ་བརྒྱ་དྲུག་ཅུ་ནས2019ལོའི་ལོ་མཇུག་ཏུ་སྒོར་སྟོང་ལྔ་དང་དྲུག་བརྒྱ་ལྔ་བཅུར་འཕར་ཐུབ།

དབུལ་ཐར་གྱི་ཁྱད་ཆོས་དང་པོ། གསར་བརྗེའི་ཡུལ་སྐོར་རྒྱུན་མཐུད་ངང་འཕར་བ།

པདྨ་ནི་དམར་དམག་རྒྱང་སྐྱོད་མཚོ་སྔོན་དུ་བརྒྱུད་པའི་ས་ཆ་གཅིག་པུ་ཡིན་པ་དང་མཚོ་སྔོན་གྱི་གསར་བརྗེའི་ཐོན་ཁུངས་དང་རྒྱང་སྐྱོད་རིག་གནས་ཐོན་ཁུངས་ཀྱི་གནས་མཆོག་དེ་ཡིན། ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱིས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ“གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ལེགས་པོ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བཅས”ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། གསར་བརྗེའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། “དམར་མདོག་པདྨ”ཡི་མིང་གྲགས་ཇེ་ཆེར་སོང་བ་དང་ཆབས་ཅིག་མཐའ་འཁོར་གྱི་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ནས་པདྨའི་གསར་བརྗེའི་ཡུལ་སྐོར་ཐོན་ལས་དབུལ་སྐྱོར་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

ན་ནིང་གི་ཟླ5པར་འབྲིང་རིམ་ཆེད་ལས་ཀྱི་རིག་གནས་ཆུ་ཚད་ལྡན་པའི་བོད་རིགས་གཞོན་ནུ་མ་བཀྲ་བྷོ་ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་གི་ངོས་ནས་སྒོ་ཕྱེ་ལ་ཉེ་བའི་གེ་སར་མགྲོན་ཁང་གི་ཇ་ཁང་དུ་སྔོན་ལ་བྱ་བ་བཀོད་སྒྲིག་བྱས།      བཀྲ་བྷོ་ཡིས་བཤད་རྒྱུར། “ང་དང་ནུ་མོ་གཉིས་ཀྱིས་མགྲོན་ཁང་འདི་ནས་ལས་ཀ་བྱེད་ཀྱི་ཡོད།   ལས་ཐོག་ཏུ་མ་ཞུགས་པའི་སྔོན་ལ་རྫོང་ཐོག་ནས་ང་ཚོ་རྩ་འཛུགས་བྱས་ཏེ་གསོ་སྦྱོང་བྱས། ད་ལྟ་ཟླ་གཅིག་ལ་གླ་ཕོགས་སྒོར་སྟོང་གསུམ་ཡོད་པས་ཁྱིམ་གྱི་ཆ་རྐྱེན་ཇེ་བཟང་དུ་སོང་ནས་དབུལ་ཕོངས་ཁྱིམ་ཚང་གི་ཞྭ་མོ་ཕུད་ཐུབ་པ་བྱུང་ཡོད”།

བཀྲ་བྷོ་བྱ་བ་གཉེར་སའི་གེ་སར་མགྲོན་ཁང་ཆེན་མོ་ནི་པདྨ་རྫོང་གི་གསར་བརྗེའི་ཡུལ་སྐོར་ཐོན་ལས་དར་རྗེས།  རྫོང་ཡོངས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་ལྔ་དང་ཆིག་བརྒྱ་ཞེ་དགུ་ཡི་ཐོན་ལས་མ་དངུལ་དང་ཧྲང་ཧའེ་ཡི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་བཞི་བསྡུ་སྒྲིག་བྱས་ནས་ཁྱོན་བསྡོམས་སྒོར་བྱེ་བ་གསུམ་ས་ཡ་དྲུག་འབུམ་དགུ་ཁྲི་ལྔ་ལྷག་བཏང་སྟེ་གེ་སར་དབུལ་སྐྱོར་ཐོག་ཁང་ཆེན་མོ་ཉོས་པ་ཡིན་ལ། དེ་ནི་བཟའ་བཏུང་དང་། སྤྲོ་གསེང་། ཞག་སྡོད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མགྲོན་ཁང་ཞིག་ཏུ་བསྐྲུན་ཡོད་པ་རེད།

པདྨ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཅུས་ཀྲང་ལི་ཞིའུ་ཆོན་གྱིས་བཤད་རྒྱུར།   སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་གིས“སྒུག་རྟེན་སློང”གསུམ་གྱི་བསམ་བློ་ཚབས་ཆེ་བས་རང་འགུལ་ངང་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྩོན་སེམས་ཆེན་པོ་མེད་པ་དང་།   ཐོན་ལས་གདམ་གསེས་དཀའ་བའི་ཁར་ངོ་བོ་གཅིག་མཚུངས་སུ་འགྱུར་བ་ཚབས་ཆེན་ཡིན་པ་རེད། དེར་བརྟེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་སྟེང་པདྨའི་ཡུལ་སྐོར་དབུལ་སྐྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པ་བརྒྱུད། རྫོང་མཁར་དུ་ཕྱོགས་བསྡུས་རང་བཞིན་གྱི་མགྲོན་ཁང་གི་ཐོན་ལས་ལག་བསྟར་བྱས།

2018ལོའི་ཟླ7ཚེས1ཉིན་གེ་སར་མགྲོན་ཁང་ཆེན་མོའི་སྒོ་ཕྱེ་སྟེ་རྫོང་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང18ལས་ཞུགས་གདན་ཞུ་བྱས་པ་དང་ཟླ་རེར་ཟླ་ཕོགས་སྒོར3000ལྷག་བྱིན་པས། ལོ་རེར་ཡོང་འབབ་སྒོར་ཁྲི་གསུམ་དང་སྟོང་དྲུག་ལ་འཕར་བར་སྐུལ་ཁྲིད་བྱས།  དེ་དང་ཆབས་ཅིག་ད་དུང་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ31གི་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་བཅུ་བདུན་གྱི་ཡིག་ཚགས་དང་བྱང་བུ་བཟོས་བའི་མི་སྟོང་ལྔ་དང་ཆིག་བརྒྱ་ཞེ་དགུའི་ཁྱིམ་ཚང་རེར་ཆ་སྙོམས་ཆེས་དམའ་བའི་ཡོང་འབབ་སྒོར་སྟོང་གཅིག་དང་དྲུག་བརྒྱ་དོན་དགུ་འཕར་བར་བྱས་ཡོད།

གསར་བརྗེའི་སློབ་གསོའི་ལྟེ་གནས་དང་། སློབ་གསོའི་རྟེན་གཞི།  རྗེས་དྲན་ཁང་།  ཐང་ཆེན།  དྲན་རྟེན་རྡོ་རིང་། ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས། རླངས་འཁོར་འཇོག་ས། ཡུལ་སྐོར་སྤྱི་པའི་གསང་སྤྱོད་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་བསྐྲུན་པ་དང་མཉམ་དུ་ལས་གནས་ཀྱི་དགོས་མཁོ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། རྫོང་ཡོངས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་ལས་ཞུགས་མེད་པའི་ཁྱིམ་ཚང་། དཀའ་ངལ་ཡོད་པའི་ཁྱིམ་ཚང70ལྷག་ཙམ་ལས་ཞུགས་ཐུབ་པར་བྱས་ཏེ། མི་རེར་ཟླ་རེར་སྒོར་སྟོང་གསུམ་དང་ལྔ་བརྒྱ་ཡི་ཟླ་ཕོགས་བྱིན། དམར་དམག་ལུང་བའི་ལས་གཞི་འཛུགས་སྐྲུན་ཁྲོད་ཁྱིམ་ཚང6གནས་སྤོ་བྱས་པ་དང་ཁྱིམ་ཚང་རེ་ནས་ལས་བྱེད་པ1གདན་ཞུ་བྱས་ནས་མཛེས་ལྗོངས་ཁུལ་གྱི་མཁོ་སྒྲུབ་ཞབས་ཞུའི་ལས་དོན་སྤེལ་བར་མངགས་ཏེ་མི་རེར་ཟླ་རེར་སྒོར་སྟོང་གཅིག་དང་ལྔ་བརྒྱ་ཡི་ཟླ་ཕོགས་བྱིན།

ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་འོག་མཛེས་ལྗོངས་ཁུལ་མཐའ་འཁོར་མང་ཚོགས་ཀྱི་འཕེལ་རྒྱས་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། དཔེར་ན། དམར་དམག་ལུང་བའི་ཉེ་འགྲམ་གྱི་པན་ཆན་སྡེ་བས་མངའ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ནས།  སྡེ་བ་ཡོངས་ཀྱིས་ཁྱིམ་ཚང་གི་མགྲོན་ཁང་བཅུ་དྲུག་གཉེར་བ་དང་ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་ཕལ་ཆེར་སྒོར་སྟོང་བཞི་ལྷག་འཕར་སྣོན་བྱུང་ཡོད།

དབུལ་ཐར་གྱི་ཁྱད་ཆོས་གཉིས་པ། ལྗང་མདོག་སྐྱེ་ཁམས་ཀྱི་ཕན་འབྲས་གཉིས་མངོན་འགྱུར་བྱུང་བ།

པདྨ་རྫོང་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བར་གནས་པ་དང་རང་ཞིང་གི་སྨར་ཁོག་གཙང་པོ་དང་རྡོ་ཁོག་གཙང་པོའི་གདོད་མའི་ནགས་ཚལ་ཆེ་ཤོས་ཟིན་ཡོད་ལ། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་མང་བ་དང་། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད།  ད་དུང་མཚོ་སྔོན་ཞིང་ཆེན་གྱི་གངས་ལྗོངས་བོད་ཇ་འདེབས་འཛུགས་ཐོན་སྐྱེད་ཀྱི་རྟེན་གཞི་གཅིག་པུའང་ཡིན།  ཞིང་ཆེན་ཡོངས་ཀྱི་ནགས་ལས་དཔལ་འབྱོར་གྱི་བཀོད་སྒྲིག་བྱེད་སྐབས“ཤར་རྒྱུད་ཀྱི་གླ་སྟར་དང་། ནུབ་རྒྱུད་ཀྱི་འཕང་འབྲས། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཆུ་དང་ཙོང་ཆུའི་སིལ་འབྲས”ཞེས་པ་ལས“ལྷོ་རྒྱུད་ཀྱི་བོད་ཇ”ཞེས་པ་ནི་པདྨ་རྫོང་གི་གངས་ལྗོངས་བོད་ཇ་ལ་གོ་བ་རེད། འདི་གར་ས་བབས་མཐོ་ཚད་མཚོ་ངོས་ལས་སྨི3200ཡོད་པ་དང་སྦགས་བཙོག་མེད་པ་དང་། ས་རྒྱུ་གཤིན་པོ་ཡོད་པ། གནམ་གཤིས་དྲོད་ཞིང་འཇམ་པ། ལོ་ཧྲིལ་པོར་སྨུག་སྤྲིན་འཐུབ་པས་ཇ་ལ་འཕྲོད་པའི་ཁོར་ཡུག་དཀོན་པོ་ཞིག་རེད།

“ཀུང་སི་དང་།  རྟེན་གཞི།  ཞིང་ཁྱིམ”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་འོག་ད་སྐབས་པདྨ་རྫོང་གི་གངས་ལྗོངས་བོད་ཇའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཉིས་ལ་སླེབས་ཡོད།

2014ལོ་ནས་བཟུང་རྫོང་ཡོངས་སུ་མིས་བཟོས་འདེབས་འཛུགས་བྱས་ནས་བོད་ཇ་སྤྱི་ཆིང་སྟོང་གཅིག་དང་ཉིས་བརྒྱ་བཏབ་པ་རེད།   2017ལོ་ནས་ད་བར་ཡུན་ནན་དང་ཀྲེ་ཅང་སོགས་ས་ཁུལ་གྱི་ཇ་འདེབས་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཡུལ་བབ་དང་བསྟུན་ནས་ཚད་ལྡན་ཅན་གྱི་ཇ་རའི་རྣམ་པའི་བོད་ཇ་རྟེན་གཞི་སྤྱི་ཆིང200སྐྲུན་ཡོད། རི་གྲོང་མཛེས་ཤིང་ཡུལ་མི་ཕྱུག་པོར་གྱུར་ཡོད།  པདྨའི་བོད་ཇས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ་མ་ཟད།  ད་དུང་ས་གནས་ཀྱི་འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

མིག་སྔར་པད་མ་རྫོང་གིས་ལས་སྣོན་བྱས་ཏེ་བཟོས་པའི་ཇ་དམར་དང་། ཇ་ལྗང་། ཇ་ལེབ་སོགས་བོད་ཇ་ཐོན་རྫས་རིགས18ཡོད་པ་རེད། ལོ་རེར་སྲིད་གཞུང་གིས་གཙོ་ཁྲིད་བྱས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་རྩ་འཛུགས་བྱས་ཏེ་བོད་ཇ་འདེབས་འཛུགས་དང་། བདག་སྐྱོང་དོ་དམ། འཐུ་བ་བཅས་བྱས་པས་ལོ་རེར་ཕན་ཁེ་ཐོབ་པའི་མང་ཚོགས་སྟོང་གཅིག་ལྷག་ཡོད་པ་རེད།

པདྨ་རྫོང་གི་གངས་ལྗོངས་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགོ་གཙོ་ཅིང་གོ་མེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  2018ལོའི་ལོ་སྨད་ནས་བཟུང་གངས་ལྗོངས་བོད་ཇའི་ཐོན་ལས་ཀྱིས་ཁེ་ལས་ཀྱི་གཉེར་སྐྱོང་རྣམ་པའི་ཐོག་ནས་ཁེ་སྤོགས་མ་དངུལ་སྒོར་འབུམ་བདུན་ཁྲི་ལྔ་བཏང་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ལྔ་བརྒྱ་དང་གསུམ་གྱི་མི་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་སྐུལ་ཁྲིད་བྱས་ཏེ་ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་སྒོར་སྟོང་གཅིག་དང་བཞི་བརྒྱ་གོ་གཅིག་གི་ཁེ་ཕན་ཐོབ་པ་རེད།   2019ལོའི་ལོ་སྟོད་དུ་གངས་ལྗོངས་བོད་ཇ་སྒོར་ས་ཡ་གཅིག་འབུམ་གཉིས་ཕྱིར་ཚོང་བྱས་པ་མ་ཟད།    ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གི་མི879རྩ་འཛུགས་བྱས་ཏེ་བོད་ཇ་འདེབས་འཛུགས་དང་། བདག་སྐྱོང་། འཐུ་བ་བཅས་བྱས་པས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་སྒོར་ས་ཡ་གཉིས་འབུམ་བཞི་ཁྲི་དྲུག་ལ་འཕར་བ་དང་མི་རེར་ཆ་སྙོམས་སྒོར་སྟོང་གཉིས་དང་བདུན་བརྒྱ་གོ་དགུའི་ཁེ་སྤོགས་ཐོབ་པ་རེད།

དབུལ་ཐར་གྱི་ཁྱད་ཆོས་གསུམ་པ། གསེར་མདོག་ཅན་གྱི་རིག་གནས་ལ་ཐབས་ལམ་གཞན་ཞིག་གཏོད་པ།

པདྨ་རྫོང་ནི་མགོ་ལོག་འབུམ་པ་ཁག་གསུམ་དང་མགོ་ལོག་གི་སྲོལ་རྒྱུན་རིག་གནས། གླིང་གེ་སར་རིག་གནས་བཅས་ཀྱི་འབྱུང་གནས་ཡིན་ལ། བོད་ཀྱི་རིག་གནས་ལག་ཤེས་བཟོ་རྩལ་གྱི་རྒྱུན་འཛིན་རྟེན་གཞི་དང་། ཆོས་ལུགས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ།  ལོ་བརྒྱའི་རིང་གི་བོད་ཁྱིམ་གྱི་རྡོ་མཁར་ཆགས་ཡུལ་ཀྱང་ཡིན། པདྨ་རྫོང་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གེ་སར་རིག་གནས་དང་།  བོད་ལུགས་ཀྱི་རྡོ་མཁར་བཟོ་སྐྲུན།   དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་སོགས་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཏེ། དམངས་ཁྲོད་ཟློས་གར་ཚོགས་པ་དང་གདོད་མའི་སྣོད་བཅུད་གླུ་གར་སོགས་དཔེ་མཚོན་ཅན་གྱི་མི་རིགས་སྒྱུ་རྩལ་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ནུས་ཤུགས་ཡོད་རྒུས“གསེར་མདོག་གི་པད་མ”སྐྲུན་ཡོད། ཐང་ག་དང་། འཇིམ་སྐུ།  གདོང་འབག  རྡོ་བརྐོས་སོགས་ལག་ཤེས་བཟོ་རྩལ་དང་།  དམངས་ཁྲོད་ཞབས་བྲོ་དང་། ཟློས་གར། དམངས་སྲོལ་སོགས་དམངས་ཁྲོད་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་དེང་གི་དུས་འདིར་དབུལ་ཕོངས་ཁྱིམ་ཚང་གི་ལས་གཏོད་ཡོང་འབབ་འཕར་སྣོན་གྱི་ཁྱད་ལྡན་ཐོན་ཁུངས་ཆེན་པོ་ཞིག་ཏུ་གྱུར་ཡོད།

མིག་སྔར་རྫོང་ཡོངས་ཀྱིས“མདོག་གསུམ་པད་མའི”གསེར་མདོག་བོད་ཀྱི་རིག་གནས་ཐོན་ལས་གླིང་སྐྲུན་ཟིན་པ་དང་།  ཀུང་སི3དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ལས་སྣོན་ས་ཚིགས2ནང་དུ་ཞུགས་ཡོད་པས།  ཁྱད་ཆོས་ལྡན་པའི་ཐོན་ལས་གསར་པ་ཁག་གཅིག་འབྱུང་དང་འབྱུང་མུས་སུ་མཆིས། ཐོན་ལས་གླིང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་གཞིར་བཟུང་སྟེ། སྲིད་གཞུང་གིས་ས་ཚིགས་དང་མངགས་ཐོའི་རྣམ་པས་ཞིང་ཕྱུགས་རྩ་འཛུགས་བྱས་ནས་རིགས་ཁག་གི་གསོ་སྦྱོང་མི་ཐེངས་སྟོང་བཞི་དང་ཆིག་བརྒྱ་ལྷག་ཙམ་བྱས་པ་དང་།   མི་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ།  དབུལ་ཕོངས་མང་ཚོགས་ཐོན་ལས་གཉེར་རྒྱུར་སྐུལ་སློང་བྱས་ཏེ་རང་སྟོབས་རང་སྤེལ་དང་། རང་ཁ་རང་གསོ། རང་བརྟེན་དབུལ་ཐར་བཅས་ཀྱི་ལམ་བུའི་ཐོག་སྐྱོད་ཀྱིན་ཡོད།

དེ་དང་ཆབས་ཅིག་རྫོང་ཡོངས་ཀྱིས་དམངས་ཁྲོད་ཟློས་གར་ཚོགས་པ་དང་གདོད་མའི་རྣམ་པ་སོགས་དཔེ་མཚོན་ཅན་གྱི་དམངས་ཁྲོད་སྒྱུ་རྩལ་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ“ཕྱིར་སྐྱེལ་བ་དང་ནང་དུ་གདན་འདྲེན་པ”སོགས་ཀྱི་གསོ་སྦྱོང་བྱེད་ཐབས་སྤྱད་དེ།  གཞོན་ནུ་ལ་མི་རིགས་ཞབས་བྲོ་དང་དཀྲོལ་གཏོང་སོགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བྱས་ནས་གསར་རྩོམ་ཆུ་ཚད་དང་རིག་རྩལ་འཁྲབ་སྟོན་གྱི་སྤུས་ཚད་སྔར་བས་ཇེ་མཐོར་བཏང་བས། ལས་ཞུགས་ཐབས་ལམ་དང་དབུལ་ཐར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད་པ་རེད། དཔེར་ན། པདྨ་རྫོང་གིས་བཙུགས་པའི་དམངས་ཁྲོད་རིག་རྩལ་རུ་ཁག་གིས་ཕྱིར་གཏོང་གི་རྣམ་པའི་ཐོག་ནས་ཧྲང་ཧའེ་རུ་རིག་རྩལ་འཁྲབ་སྟོན་བྱེད་པར་སོང་བ་དང་། གྲུབ་ཆེན་ཞང་དང་སྨར་ཁོག་ཞང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གི་རིག་གནས་ངེས་ཅན་ལྡན་པ་དང་རིག་རྩལ་ལ་དགའ་ཞེན་ཆེ་བའི་གཞོན་ནུ20ལྷག་གིས་དམངས་ཁྲོད་རིག་རྩལ་རུ་ཁག་བཙུགས་ཏེ་སྐོར་སྐྱོད་འཁྲབ་སྟོན་བྱས་པ་དང་།  སྨར་ཁོག་ཞང་རིག་རྩལ་རུ་ཁག་གིས་རིམ་རྩིས་འཁྲབ་སྟོན་ཁ་གསབ་སྒོར་ཁྲི་བདུན་ལྷག་བླངས་ཡོད་པ་རེད། གསོ་སྦྱོང་སྔོག་འདོན་བྱས་པ་བརྒྱུད་ཁོམ་ལོང་གི་དུས་ཚོད་སྤྱད་དེ་རོལ་རྩེད་བྱེད་པའི་གླུ་གར་དེ་དབུལ་ཕོངས་མང་ཚོགས་མང་པོའི་ཡོང་འབབ་སྣོན་འཕར་གྱི་ལས་རིགས་གཙོ་བོར་གྱུར་ཡོད།

ད་ལོ་ལོ50ཡིན་པའི་གུ་རུ་ནི་ཆུང་དུས་ནས་རང་གི་ཕ་རྒན་གྱི་མདུན་སར་བརྐོས་རིས་ལག་རྩལ་སྦྱངས་ནས། ད་ལྟ་ཁོ་ནི་པད་མ་རྫོང་གི་ལག་རྩལ་གཞན་ལས་ལྷག་པའི་བརྐོས་རིས་མཁས་ཅན་ཞིག་ཡིན་ལ། ཤིང་བརྐོས་དང་།  རྡོ་བརྐོས།  ལག་ཤེས་བཟོ་རྩལ་བཅས་ཀྱི་ཆ་ལ་འཇོན་ཐང་ཁྱད་པར་ལྡན་པ་ཞིག་ཡིན། ད་སྐབས་ཁོ་སར་ཡོང་ནས་ལག་རྩལ་སྦྱོང་མཁན་གྱི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་བཅུ་ལྷག་ཡོད་པ་རེད།

གུ་རུས་བཤད་རྒྱུར། “གསུང་རབ་ཤིང་བརྐོས་ནི་ཉམས་རྒུད་དུ་འགྲོ་བཞིན་པའི་ལག་རྩལ་ཞིག་རེད།  ཁོས་ཅིས་ཀྱང་རྒྱུན་ཆད་ལ་ཉེ་བའི་ལག་ཤེས་དེ་དག་རྒྱུན་འཛིན་བྱེད་དགོས།” དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་དེ་དག་གིས་སྟབས་བདེའི་བརྩམས་ཆོས་གསར་རྩོམ་ཐུབ་པ་དང་།  ཉིན་ལྟར་ཟླ་ཕོགས་རྩིས་རྒྱག་གིན་ཡོད། ཤིང་བརྐོས་བཟོ་བཞིན་པའི་ཤེར་བརྟན་གྱིས་བཤད་རྒྱུར། “ང་རང་ལག་ཤེས་བཟོ་རྩལ་དང་ཐོན་རྫས་ལ་ཧ་ཅང་དགའ། དེ་མིན་ལས་ཀ་འདི་ལས་ཟླ་རེར་སྒོར་སྟོང་གཉིས་ཀྱི་ཡོངས་འབབ་ལེན་ཐུབ་པས།  ཁྱིམ་གྱི་འཚོ་བའང་སྔོན་དང་བསྡུར་ན་ཇེ་ལེགས་སུ་སོང་ཡོད”ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།