གཉན་པོ་གཡུ་རྩེའི་མཛེས་པ་སླར་ཡང་མངོན་པ།
2019.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 73

ཀན་སུའུ་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་རྨ་ཆུའི་མགོ་ཁུངས་ནས་རྨ་ཆུའི་བཞུར་རྒྱུན་དེད་དེ་བྱང་ཕྱོགས་སུ་ཆས་ཤིང་། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་མཚན་མོ་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་སུ་ཆགས་པའི་གཅིག་སྒྲིལ་རྫོང་དུ་ཐོན།

གཅིག་སྒྲིལ་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དུ་ཆགས་ཡོད་པ་དང་། ཤར་བྱང་ཕྱོགས་སུ་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་ནུབ་བྱང་ཕྱོགས་སུ་དགའ་བདེ་རྫོང་མཁར་ཆགས་ཡོད་ལ་བར་དུ་རྨ་ཆུས་ཆོད་ཅིང་། ཤར་བྱང་ཕྱོགས་སུ་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་ཆགས་ཡོད། དགའ་བདེ་རྫོང་གི་མངའ་ཁོངས་སུ་གཙང་བོ་དང་མཚོ་མོ་མང་དུ་ཡོད་ལ་རྨ་ཆུ་དང་འབྲི་ཆུ་གཉིས་ཀྱང་རྫོང་དེའི་མངའ་ཁོངས་བརྒྱུད་ནས་འབབ་ཀྱི་ཡོད་པ་རེད།

གཅིག་སྒྲིལ་རྫོང་གླེང་བའི་དུས་ན་མི་རྣམས་ཀྱིས་ཐོག་མར་སེམས་སུ་འཆར་འོང་བ་ནི་ལྷ་ཡུལ་གྱི་མེ་ཏོག་ཟླུམ་རར་འབོད་པའི་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་སྟེ། གངས་ཀྱི་དབུ་རྩེ་མཐོ་ཞིང་མཚོ་མོའི་མཛེས་སྡུག་རྫོགས་པ་དེ་རེད།

དུས་སྐབས་ཤིག་གི་ནང་དུ། གཅིག་སྒྲིལ་རྫོང་གིས་གཉན་པོ་གཡུ་རྩེ་རུ་གནས་སྐོར་ལྗོངས་རྒྱུའི་ས་ཁུལ་གསར་སྤེལ་བྱས་པས་ཕྱོགས་ཀྱི་མགྲོན་པོ་མང་པོ་བཀུག   གནས་སྐོར་ལྗོངས་རྒྱུ་བྱེད་མཁན་གྱི་མི་གྲངས་མང་པོས་རྩྭ་ཐང་ལ་རྡོག་རྫིས་བཏང་པའི་ཁར་ས་གནས་དེའི་འབྲོག་པ་རྣམས་ཀྱིས་ཚད་ལས་བརྒལ་བར་ཕྱུགས་འཚོ་བ་དང་ཁྲིམས་འགལ་སྒོས་འཛུགས་སྐྲུན་བྱས་པ་སོགས་ཚད་ལས་བརྒལ་བའི་བྱ་འགུལ་སྣ་ཚོགས་ཀྱིས་གཉན་པོ་གཡུ་རྩེའི་རྩྭ་ཐང་དུ་བྱེ་འགྱུར་གྱི་རྣམ་པ་དེ་ཚབས་ཆེན་པོར་གྱུར།

གནས་ཚུལ་དེའི་དབང་གིས་སྔོན་ཆད་གཉན་པོ་གཡུ་རྩེའི་གནས་སྐོར་ལྗོངས་རྒྱུ་གསར་སྤེལ་བྱེད་པ་དེ་དཔལ་འབྱོར་གྱི་ཡོངས་ཁུངས་སུ་བརྟེན་འདོད་ཀྱི་གཅིག་སྒྲིལ་རྫོང་གིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་གཉན་པོ་གཡུ་རྩེའི་སྐྱེ་ཁམས་སླར་གསོ་བྱེད་མགོ་བརྩམས་ཤིང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བའི་ཚེས་བཅུའི་ཉིན་ནས་བཟུང་གཉན་པོ་གཡུ་རྩེ་རུ་གནས་སྐོར་ལྗོངས་རྒྱུ་བྱ་བ་བཀག་སྡོམ་བྱས་པ་རེད།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དང་ཆེས་ཆེ་བའི་སྦས་ཤུགས། ཆེས་ཆེ་བའི་འགན་འཁྲི་བཅས་ནི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་དུ། གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་དོ་དམ་བྱེད་པ་དང་སྐྱེ་ཁམས་སླར་གསོ་བྱེད་པ། སྐྱེ་ཁམས་ཁ་གསབ་བྱེད་པ། སྐྱེ་ཁམས་བཀོལ་སྤྱོད་བྱེད་པ་བཅས་ཐག་གཅོད་བྱེད་པ་ནས་མགོ་བརྩམས་ཏེ།  གཙང་གསུམ་འབྱུང་ཁུངས་ཀྱི་རིམ་པ་གཉིས་པའི་རྨོ་བསྐྱུར་རྩྭ་འདེབས་དང་རྩྭ་ཐང་བྱ་དགའི་ཁ་གསབ་ལམ་ལུགས་སོགས་རྒྱལ་ཁབ་ཀྱི་ལས་གཞིའི་འཛུགས་སྐྲུན་མིང་ཐོག་ནས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་སླར་གསོ་བྱ་བ་དམ་འཛིན་བྱས།

ལྗོངས་རྒྱུའི་སྒྲིག་ཆས་མེད་པར་བཟོ་བ་དང་གསར་སྤེལ་བྱེད་པའི་ལས་གཞི་མཚམས་འཇོག་པ་བཅས་བྱས་ནས། སྔོན་ཆད་གཉན་པོ་གཡུ་རྩེའི་ལྗོངས་རྒྱུ་གསར་སྤེལ་ཀུང་ཟི་དེ་སྐྱེ་ཁམས་སྲུང་སྐྱོབ་ཀུང་ཟི་རུ་བསྒྱུར་བ་དང་། ཀུང་ཟི་དེའི་མི་སུམ་ཅུ་ལྷག་གི་ལས་འགན་བསྒྱུར་ནའང་ཟླ་ཕོགས་མི་འགྱུར་བ་དང་སྒྲུབ་བཞིན་པའང་རང་ཉིད་ཀྱི་ཕ་ཡུལ་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ཡག་པོ་དེ་རེད།

“ཉིས་སྟོང་བཅོ་བརྒྱད་ལོར་ང་ཚོའི་རྫོང་གིས་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་གསུམ་གྱི་གཙང་གསུམ་འབྱུང་ཁུངས་ཀྱི་རིམ་པ་གཉིས་པའི་ལས་གཞི་ལག་བསྟར་བྱས་ཏེ།ཨ་བྲས་གནོད་པ་བཟོས་པའི་རྩྭ་ས་མུའུ་ས་ཡ་གཅིག་ལྷག་དང་ས་ནག་ཏུ་གྱུར་བའི་རྩྭ་ས་མུའུ་འབུམ་གཅིག    བརླན་ས་མུའུ་ཁྲི་བརྒྱད་ལ་སྲུང་སྐྱོབ་བྱས་པ་སོགས་ཀྱི་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱས། ”ཞེས་གཅིག་སྒྲིལ་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་བཤད། གཅིག་སྒྲིལ་རྫོང་གིས་གཉན་པོ་གཡུ་རྩེའི་སྐྱེ་ཁམས་སླར་གསོ་འདུ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་བཞིན་པ་དེས་མི་དམངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་། ནགས་ཚལ་དང་རྩྭ་ཐང་གི་ཆུ་མགོ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་མ་ལག་གི་ནུས་པ་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་ལ་ཕན་འབྲས་ཆེན་པོ་ཐོན་བཞིན་ཡོད་པ་རེད །

བརླན་སའི་རྒྱ་ཁྱོན་རིམ་བཞིན་ཇེ་ཆེར་གྱུར་པ་དང་ནགས་ཚལ་དང་བརླན་སའི་སྐྱེ་ཁམས་མ་ལག་རིམ་བཞིན་ལེགས་བཅོས་བྱུང་བ། ས་ཆུ་ཤོར་ཚད་ཇེ་ཉུང་དུ་བཏང་བ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་སྣ་ཚོགས་ཤུགས་ཆེན་པོས་ལག་བསྟར་དང་སྐུལ་འདེད་བྱེད་པ་བཅས་བྱས་ཏེ། གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་ནུས་པ་རིམ་བཞིན་འདོན་སྤེལ་བྱས་པས་རྫོང་ཁོངས་ཀྱི་རྩྭ་སའི་ཞན་འགྱུར་གྱི་རྣམ་པར་ཕན་འབྲས་ལྡན་པའི་སྒོ་ནས་ཚོད་འཛིན་ཐེབས། འབྲེལ་ཡོད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ས་ཁུལ་སྐོར་ཞིག་གི་སྔོ་ཁེབས་ཀྱི་ཚད་གཞི་དེ་བརྒྱ་ཆའི་ཉི་ཤུ་དང་བརྒྱ་ཆའི་སུམ་ཅུ་ནས་རིམ་བཞིན་བརྒྱ་ཆའི་ལྔ་བཅུ་དང་བརྒྱ་ཆའི་བདུན་ཅུར་ཇེ་མཐོར་སོང་བ་དང་། སྔོན་ཆད་ས་ནག་ཏུ་གྱུར་བའི་རྩྭ་ས་དེ་དག་ཀྱང་ད་ལྟ་ཡང་བསྐྱར་བཀོལ་སྤྱོད་ཀྱི་རིན་ཚང་ལྡན་པའི་རྩྭ་སར་གྱུར་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་གཉན་པོ་གཡུ་རྩེ་རུ་སྔོན་ཆད་གཏོར་བརླགས་ཐེབས་པའི་རྩྭ་ཐང་དུ་ད་ལྟ་ཡང་བསྐྱར་མྱུ་གུ་འབུས་མགོ་བརྩམས་ཤིང་རི་དྭགས་གནའ་བ་དང་ཝ་མོ། གསའ་གཟིག་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། དབྱར་དུས་སུ་མཚོ་ནང་གི་གསེར་ཉ་དག་ཁྱུ་དང་ཁྱུ་བྱས་ནས་རྐྱལ་རྩལ་ངོམས་བཞིན་པའང་མཐོང་ཐུབ་པས། གཉན་པོ་གཡུ་རྩེའི་སྔར་གྱི་མཛེས་སྡུག་དེ་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན་ཐུབ་ཀྱི་ཡོད་པ་རེད།

                                                                                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།