ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་མཚན་བྱང་བཞི་ཡི་སྒོ་ནས་འཛམ་གླིང་ལ་མཚོ་སྔོན་འོས་སྦྱོར་བྱས།
མཚོ་སྔོན་ཆུ་ཡིས་གྲགས་ལ། དེ་ནི་གཙང་གསུམ་འབྱུང་ཡུལ་དང་། ཨེ་ཤ་ཡའི་ཆུ་བོ་ཆེན་པོ་བསྐྲུན་པ་ཆེས་མང་ཞིང་ཆེས་གཅིག་ཏུ་འདུས་པའི་ས་ཁུལ་རེད། སྤྱི་ལེ་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཡོད་པའི་ས་གཞིའི་སྟེང་། མཚེའུ་ལྔ་སྟོང་ལྷག་སྐར་ཚོགས་ས་ལ་འཕོས་པ་བཞིན་རྣམ་པར་བཀྲ་ལ། ཆུ་བོ་བཞི་སྟོང་ཉིས་བརྒྱ་ལྷག་བསྣོལ་མར་སྡེབ་ཅིང་། ལོ་རེར་བཞུར་རྒྱུད་དུ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ཡི་ཆུ་མགོའི་གཙང་ཆབ་འདོན་སྤྲོད་བྱེད་ཀྱིན་ཡོད། འབྲི་ཆུ་དང་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། ཆུ་བོ་འདི་གཉིས་ཀྲུང་གོའི་ས་གཞི་ཕྱེད་ལྷག་ལ་ཁྱབ་ཡོད་ཅིང་། མཐའ་མར་ཀྲུང་གོའི་ཤར་མཚོ་དང་པའོ་ཧེ་གཉིས་སུ་བབས་ནས། སའི་གོ་ལའི་རྒྱ་མཚོ་ཆེན་པོར་ཞུགས་ཏེ། སྐྱེ་དངོས་ཀུན་གྱི་གསོས་སུ་བཞུར་ཡོད། རྫ་ཆུ་ནི་ཀྲུང་གོ་དང་འབར་མ། ལའོ་ཡོའེ། ཐེ་གོ ཅན་ཕུའུ་ཀྲེ། ཡའོ་ནན་བཅས་རྒྱལ་ཁབ6ཏུ་བཞུར་ཡོད་ལ། མཐའ་མར་ཀྲུང་གོའི་ལྷོ་མཚོར་བབས་ནས། འཛམ་གླིང་གི་ཆུ་བོའི་མ་ལག་ཏུ་ཞུགས་ཏེ། ཁྱིམ་མཚེས་རྒྱལ་ཁབ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། མཚོ་སྔོན་གྱི་ཆུ་མགོའི་གཙང་ཆབ་ཀྱིས་མཚོ་སྔོན་བསྐྲུན་ཡོད་ལ། ཀྲུང་གོར་འགྱུར་ལྡོག་བཏང་ཞིང་། འཛམ་གླིང་ལ་ཤན་ཤུགས་ཐེབས་ཀྱིན་ཡོད། ང་ཚོས་གཙང་གསུམ་འབྱུང་ཡུལ་གྱི་མཚན་བྱང་འཁྱེར་ནས་འཛམ་གླིང་དུ་འགྲོ།
མཚོ་སྔོན་འཛམ་གླིང་གི་ཡང་རྩེར་གནས་ཡོད་ལ། སའི་གོ་ལའི་ཕྱེད་གླིང་བྱང་མའི་གནམ་གཤིས་ཀྱི་ཚོར་བ་སྐྱེན་ས་དང་འབྱུང་ཁུངས་ས་ཁུལ་ཡིན་ཞིང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་གི་སྙོམ་སྒྲིག་བྱེད་ཆས་དང་བརྟན་བརླིང་བྱེད་ཆས་རེད། མཚོ་བོད་མཐོ་སྒང་གནམ་སྔོ་ས་ལྗང་དང་། སྐྱེ་ཁམས་མཛེས་སྡུག་ལྡན་པས། འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་གྲང་ངར་ཆེ་བའི་བརླན་ས་དང་། རྩྭ་ཐང་། ནགས་ཚལ་སོགས་ཀྱི་སྐྱེ་ཁམས་མ་ལག་ལྡན་ལ། ཆུ་བོ་དང་བརླན་ས། ནགས་རྩྭའི་སྔོ་ཁེབས་ཚད70%ལས་བརྒལ་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་གི་དག་གཙང་ས་ཁུལ་བཞིའི་ཡ་གྱལ་དུ་བགྲངས་ཡོད། མཚོ་སྔོན་ནི་ད་དུང་འཛམ་གླིང་སྟེང་ས་བབ་མཐོ་བའི་ས་ཁུལ་དུ་སྐྱེ་དངོས་སྣ་ཚོགས་ལྡན་ཞིང་། དངོས་རིགས་སྣ་ཚོགས་ལྡན་པ། གཞི་རྒྱུ་སྣ་ཚོགས་ལྡན་པ། རྒྱུད་འཛིན་སྣ་ཚོགས་ལྡན་པ་ཆེས་གཅིག་འདུས་ཀྱི་ས་ཁུལ་ཡིན་ཞིང་། མཐོ་སྒང་གི་རང་བྱུང་སྐྱེ་དངོས་རིགས་ཀྱི་འབྱུང་ཁུངས་ཀྱི་བང་མཛོད་ཡིན། སྐྱེ་ཁམས་མཛེས་པ་ནི་ཆེས་མཛེས་པའི་མཛེས་སྡུག་ཡིན་ཞིང་། སྐྱེ་ཁམས་བདེ་འཇགས་ནི་ཆེས་ཆེ་བའི་བདེ་འཇགས་ཡིན། མཛེས་སྡུག་གི་མཚོ་སྔོན་དང་། མཛེས་སྡུག་གི་ཀྲུང་གོ མཛེས་སྡུག་གི་འཛམ་གླིང་བསྐྲུན་པ་ལ། ང་ཚོས་སྐྱེ་ཁམས་སྲུང་ཡོལ་གྱི་མཚན་བྱང་འཁྱེར་ནས་འཛམ་གླིང་དུ་འགྲོ།
2015ལོར། ཀྲུང་གོའི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དུ་གཏན་ཁེལ་བྱས་ནས། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་དུས་རབས་གསར་བ་ཞིག་གི་དབུ་ཁྱུད་བྲིས། ད་ལོར། ང་ཚོས་ཀྲུང་གོའི་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལེགས་སྒྲུབ་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་ཡིག་བསྐུར་ནས། ང་ཚོར་ལག་ཟུང་དམ་པོར་སྦྲེལ་ནས་འཛམ་གླིང་སྐྱེ་ཁམས་རིག་གནས་ཀྱི་མཛེས་སྡུག་གི་མ་འོངས་པ་བསྐྲུན་པར་མངག་བཅོལ་བྱས། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་དུ་ལེགས་སྒྲུབ་བྱས་པ་ལས། མཚོ་སྔོན་རྒྱལ་ཡོངས་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་བསྐྱོད་པའི་སྒོ་མོ་ཡངས་པོར་ཕྱེས་ཡོད། རྒྱལ་ཁབ་སྤྱི་གླིང་ནི་མཚོ་སྔོན་གྱི་ཡིན་ལ། ཀྲུང་གོའི་ཡིན་ཞིང་། འཛམ་གླིང་གིའང་ཡིན་པས། ང་ཚོས་རྒྱལ་ཁབ་སྤྱི་གླིང་གི་མཚན་བྱང་འཁྱེར་ནས་འཛམ་གླིང་དུ་འགྲོ།
མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཐོན་ཁུངས་ནུས་ཁུངས་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་ནི་ཐོན་ཁུངས་ཀྱི་འཇིག་རྟེན་དང་། ནུས་ཁུངས་ཀྱི་ཕྱུག་པའི་ས་ཁུལ་ཡིན་ཞིང་། ཚྭ་མཚོའི་ཐོན་ཁུངས་སྲིད་ན་འགྲན་ཟླ་བྲལ་ཞིང་། ལྕགས་རིགས་གཏེར་ཁ་དང་། རྡོ་སྣུམ། གནམ་གཤིས་དྲོད། རྡོ་གཡམ་རླངས་པ་སོགས་གསོག་གྲངས་ཧ་ཅང་འཛོམས་ལ། གཏེར་ཁའི་ཐོན་ཁུངས་རྩད་ཆོད་བྱུང་བའི་རིན་ཐང་སྒོར་དུང་ཕྱུར་ས་ཡ་གཅིག་ལྷག་ལ་སླེབས། ཚ་ཧར་ཚྭ་མཚོ་ནི་ཀྲུང་གོའི་ཆེས་ཆེ་བ་དང་། འཛམ་གླིང་གི་ཨང་གཉིས་པའི་ཚྭ་མཚོ་ཡིན་ཞིང་། གསོག་ཚད་ཏུན་དུང་ཕྱུར་དྲུག་བརྒྱ་ལྷག་ལ་སླེབས། མཚོ་སྔོན་དུ་རྩད་ཆོད་བྱུང་བའི་ལིའི་ཐོན་ཁུངས་གསོག་ཚད་ཏུན་བྱེ་བ་གཅིག་ས་ཡ་བདུན་འབུམ་གཉིས་ཁྲི་བཞི་ལ་སླེབས་ཤིང་། ཀྲུང་གོའི་ལིའི་ཐོན་ཁུངས་གསོག་ཚད་ཀྱི83%ཟིན་ལ། གོ་ལ་ཧྲིལ་པོའི་ལིའི་ཐོན་ཁུངས་གསོག་ཚད་ཀྱི60%ཡན་ཟིན་པས། འཛམ་གླིང་ནུས་ཁུངས་གསར་པ་གོང་འཕེལ་གཏོང་བའི་རྒྱུན་མཐུད་ས་ཁུལ་གཙོ་བོ་རེད། མཚོ་སྔོན་ནི་ཀྲུང་གོའི་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་ཡིན་ཏེ། ཉི་མའི་ནུས་པའི་ཐོན་ཁུངས་སྟོང་ཝ་དུང་ཕྱུར་བཅུ་ཡོད་ལ། རླུང་ནུས་གསོག་ཚད་སྟོང་ཝ་དུང་ཕྱུར་བཞི་ལས་བརྒལ་ཞིང་། ཆུ་ནུས་ཐོན་ཁུངས་སྤྱིའི་གསོག་ཚད་སྟོང་ཝ་བྱེ་བ་གཉིས་ས་ཡ་བཞི་ལ་སླེབས། ཆུ་འོད་རོགས་གསབ་གློག་འདོན་ལས་གཞི་ནི་འཛམ་གླིང་གི་ཆེས་ཆེ་བ་ཡིན་ཞིང་། བསྟུད་མར་ཉིན་བཅོ་ལྔར་ཆུ་ཚོད་སུམ་བརྒྱ་དྲུག་ཅུ་ལ་དག་གཙང་ནུས་ཁུངས་གློག་འདོན་བྱས་པ་རྒྱུན་འཁྱོངས་བྱས་པའི་འཛམ་གླིང་ཟིན་ཐོ་བསྐྲུན་ཡོད། ཐོན་ཁུངས་ནུས་ཁུངས་ནི་མཚོ་སྔོན་གྱི་མ་འོངས་པ་དང་། ཀྲུང་གོའི་མ་འོངས་པ་ཡིན་ལ། འཛམ་གླིང་གི་མ་འོངས་པའང་ཡིན་པས། ང་ཚོས་ཐོན་ཁུངས་ནུས་ཁུངས་ཀྱི་མཚན་བྱང་འཁྱེར་ནས་འཛམ་གླིང་དུ་འགྲོ།
མཚོ་སྔོན་ནི་གནའ་ནས་བཟུང་དར་གོས་ཚོང་ལམ་དང་ཐང་བོད་གནའ་ལམ། ཨེ་ཤ་ཡ་ལྷོ་མའི་བགྲོད་ལམ། ཇ་རྟའི་གནའ་ལམ་བཅས་ཀྱི་འགག་སྒོ་གལ་ཆེན་ཞིག་ཡིན། ལོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། མཚོ་སྔོན་གྱི་འཐབ་ཇུས་རྗེས་མ་དེ་ནུབ་ཕྱོགས་གསར་སྤེལ་ལས་མདུན་གྲས་ཀྱི་གནས་སུ་སླེབས་ཤིང་། སྐམ་སའི་དར་གོས་ཚོང་ལམ་དེ་རང་རྒྱལ་ནུབ་རྒྱུད་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར། གཞུང་ལམ་དང་ལྕགས་ལམ། དེ་བཞིན་མཁའ་འགྲུལ་བཅས་ཀྱིས་ཕྱོགས་ཀུན་གྱི་འགྲིམ་འགྲུལ་དྲ་རྒྱ་མཚམས་མི་ཆད་པར་འཐུས་ཚང་དུ་བཏང་ནས། གཏིང་ཟབ་ལ་རྫོངས་མཐུག་པའི་སྣ་མང་རིག་གནས་དང་། ལྷད་མེད་བབ་ཆགས་ཀྱི་མི་རིགས་སོ་སོའི་རང་གཤིས་ཀྱིས་ཡུལ་ཕྱོགས་སོ་སོའི་ཡུལ་སྐོར་བ་མང་པོ་ཞིག་འགུག་བཞིན་ཡོད། མཚོ་སྔོན་གྱི་རྣམ་པ་གསར་བ་དེ་ཀུན་གྱིས་ཤེས་པ་ནས་ཀུན་ལ་ཁྱབ་པའི་ཕྱོགས་སུ་བསྐྱོད་པ་རེད།
མཚོ་སྔོན་ནི་མཐོ་སྒང་གི་ས་བབ་མཐོ་ས་རུ་ཡོད་ན་ཡང་། གསར་སྤེལ་གྱི་གོམ་སྟབས་ནམ་ཡང་མཚམས་བཞག་མ་མྱོང་།
ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40འགོར་བ། ནང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་ཀྱི་རྒྱུན་འཁྱོངས་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་། མཚོ་སྔོན་ནི་དབུལ་ཕོངས་ནས་འབྱོར་འབྲིང་དང་རྗེས་ལུས་ནས་དར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོས་པ་རེད།
དུས་རབས་གསར་བར་ཞུགས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་ནས། ཏན་ཏིག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོར་མཚོ་སྔོན་དུ་གཟིགས་ཞིབ་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་དོན་འཁྱོལ་བྱས་ནས། “ངོ་བོ་གཅིག་ཅན་གྱི་རྣམ་པ་ལྔའི”སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་བྱས། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་དང་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོན་པའི་འཚོ་བ་གསར་གཏོད་བཅས་ལག་བསྟར་དངོས་འབེབས་བཅས་ཀྱི་ནང་དོན་འདུས་པའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལས། སྐྱེ་ཁམས་དང་འཁོར་སྐྱོད། གཞི་གྲངས། བར་སྟོང་བཅས་ཀྱི་དཔལ་འབྱོར་གནས་བབ་ལེགས་པོ་ཞིག་གསོ་སྐྱོང་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་གན་རྒྱ་བཞག་སྟེ། ཐུན་མོང་གི་ཧུར་བརྩོན་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ནུས་ཁུངས་གཙང་སེལ། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་དཔེ་སྟོན་ཞིང་ཆེན་བཙུགས་ཏེ། མཐོ་སྒང་གི་ས་གཞི་ཆེན་པོར་གསོན་ཤུགས་གསར་བ་བསྩལ།
མདོ་དབུས་མཐོ་སྒང་དུ་བྱུང་བའི་གཏམ་རྒྱུད་ལས་དུས་རབས་གསར་བའི་མཚོ་སྔོན་གྱི་འབུར་དུ་ཐོན་པའི་འགྱུར་ལྡོག་གསར་བ་དེ་ཕྱིར་མངོན་ཞིང་། དུས་རབས་གསར་བའི་ཀྲུང་གོ་ནི་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པའི་དཔེ་རིས་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན། ད་ལྟའི་དུས་ནི་རྦབ་རྡོ་གྱེན་ལ་འགྲིལ་བ་དང་རི་སྒང་རྡོག་པས་བརྫི་བ། དཀའ་ཁག་ཁྱད་གསོད་བྱེད་པ་བཅས་ཀྱི་ཆེས་གནད་འགག་གི་དུས་རིམ་ཤིག་ཀྱང་ཡིན་པས། མཚོ་སྔོན་གྱིས་སྔོན་ཆད་ནང་བཞིན་གོ་སྐབས་དམ་འཛིན་སྒོས་གསོན་ཉམས་ལྡན་པའི་ལེའུ་གསར་བ་ཞིག་འབྲི་བར་བརྩོན་ལེན་བྱེད་བཞིན་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་ཡེས་ཀྱིས་འོས་སྦྱོར་བྱེད་སྐབས་བཤད་པ་ནང་བཞིན། “མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་ཆེན་པོ་དེ་ནི་ཀྲུང་གོ་འཕེལ་རྒྱས་དང་དར་རྒྱས་སུ་འགྲོ་བའི་བསྡུས་གཟུགས་ཤིག་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་བཅོས་སྐྱོང་བྱེད་པ་ལེགས་འགྲུབ་བྱུང་བའི་སྐུལ་འདེད་ཀྱི་དཔེ་རིས་ཤིག་ཀྱང་ཡིན། འཛམ་གླིང་སྟེང་དུ་བཅོས་སྐྱོང་རྣམ་པ་འདྲ་མིན་མང་པོ་ཞིག་ཡོད་ལ། འཕེལ་རྒྱས་ཀྱི་བགྲོད་ལམ་མི་འདྲ་བ་ལས་ཀྲུང་གོའི་ལོ་རབས་སོ་སོའི་ནང་རྒྱལ་ཁབ་མི་འདྲ་བ་དག་གི་གནས་ཚུལ་གཞིར་བཟུང་སྟེ་བདམ་པའི་རང་ཉིད་ལ་འཚམ་པའི་བགྲོད་ལམ་ཞིག་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ལ་ཡང་རྒྱལ་ཁ་ཆེན་པོ་ཞིག་བླངས་ཡོད་པས། རླབས་རྒྱུན་དང་དྲག་རླུང་ཇི་འདྲ་ཞིག་ལ་ཁ་གཏད་གཅོག་དགོས་ན་ཡང་ང་ཚོས་ཡང་དག་པའི་བགྲོད་ལམ་གྱི་ལམ་ཕྱོགས་རྒྱུན་འཁྱོངས་སྒོས་བློ་བརྟན་འགྱུར་མེད་ངང་མུ་མཐུད་དུ་མར་འགྲོ་དགོས། དེའི་མི་ཚད་གོམ་སྟབས་སྔར་ལས་ཇེ་བརྟན་དང་གོམ་བགྲོད་གཞི་རྒྱ་སྔར་ལས་ཁོད་ཡངས་ཅན་ཏུ་གཏོང་དགོས”ཟེར།
གོ་སྐབས་གསར་བ་དང་འགན་འཁྲི་གསར་བ་སྟེ། མཛེས་སྡུག་མཚོ་སྔོན་འཛམ་གླིང་ལ་ཁ་ཕྱོགས་པ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།