ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་བྱ་འགུལ་པེ་ཅིན་དུ་སྤེལ་བ།
2019.12.03 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 6

 དུས་རབས་གསར་པའི་ཀྲུང་གོ་སྟེ། མཛེས་སྡུག་གི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་སྐྱོད་པ།

ཉེ་ལམ“དུས་རབས་གསར་པའི་ཀྲུང་གོ་སྟེ། མཛེས་སྡུག་གི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་སྐྱོད་པ”བརྗོད་དོན་དུ་བྱས་པའི་ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་བྱ་འགུལ་ཕྱི་འབྲེལ་པུའུ་ཡི་ལན་ཐིན་ཚོམས་ཁང་དུ་སྤེལ། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་བརྗོད་དོན་འོས་སྦྱོར་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ་བ་དང་། ཕྱི་འབྲེལ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ཆི་ཡུས་གྲོས་ཚོགས་སུ་ཞུགས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་འོས་སྦྱོར་བྱས།

ཐེངས་འདིའི་འཛམ་གླིང་ཡོངས་ལ་འོས་སྦྱོར་བྱེད་པའི་བྱ་འགུལ་གྱིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལོན་པའི་རིང་ལ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པ་དང་མཚོ་སྔོན་གྱིས་རྒྱལ་སྤྱིར་ཐེབས་པའི་ཤུགས་རྐྱེན་ནུས་པ་མཐོར་འདེགས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ140ལྷག་གི་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཀྲུང་གོར་སྡོད་པའི་འཐུས་མི། དེ་མིན་བཟོ་ཚོང་ལས་རིགས་ཀྱི་འཐུས་མི། ཀྲུང་ཕྱིའི་ཆེད་མཁས་ཤེས་ཡོན་པ་དང་སྨྱན་བྱད་གསར་འགོད་པ་སོགས་མི500ལྷག་ཚོགས་འདུར་ཞུགས།

ཝང་དབྱི་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། “འཛམ་གླིང་གི་ཡང་རྩེར”གནས་པའི་མཚོ་སྔོན་ཞིང་ཆེན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ངང་འཚོ་བའི་དག་གཙང་གི་ཞིང་ཁམས་ཤིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ཆར་པ་ཆུ་གྲོགས་བཞིན་ཡོད་པའི་ཡིད་སེམས་འགུལ་བའི་ཀྲུང་གོའི་གཏམ་རྒྱུད་མང་པོ་བརྩམས་དང་རྩོམ་མུས་སུ་མཆིས། མཚོ་སྔོན་ནི་ཀྲུང་གོའི་སྐྱེ་ཁམས་ཐོན་ཁུངས་ཀྱི་བང་མཛོད་ཡིན་ལ། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་སྲུང་ཡོལ་དང་དར་གོས་གནའ་ལམ་གྱི་དཔལ་འབྱོར་མུ་རྒྱུད་དུ་ཆགས་པའི་འགག་སྒོ་གཙོ་བོ་ཞིག་ཀྱང་ཡིན། མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་ཆེན་པོ་ནི་ཀྲུང་གོ་དར་ཞིང་འཕེལ་བའི་བསྡུས་གཟུགས་ཤིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་སྤེལ་བྱེད་པར་རྒྱལ་ཁ་བླངས་པའི་འདྲ་གཟུགས་ཡིན། འཛམ་གླིང་སྟེང་བཅོས་སྐྱོང་བྱེད་སྟངས་སྣ་ཚོགས་དང་འཕེལ་རྒྱས་བགྲོད་ལམ་འདྲ་མིན་ཡོད་ཅིང་། ཀྲུང་གོས་གནའ་ནས་བཟུང་རྒྱལ་ཁབ་སོ་སོས་རང་ཕྱོགས་ཀྱི་གནས་ཚུལ་ལྟར་རང་ཉིད་ལ་ཆེས་འཚམ་པའི་གདམ་གསེས་ཤིག་གནང་རྒྱུའི་ལངས་ཕྱོགས་བཟུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་རྒྱལ་ཁ་ཆེན་པོ་བླངས་ཡོད་ལ། ཉེན་ཁ་དང་འགྲན་སློང་ཅི་ལྟ་བུ་ཞིག་ལ་གདོང་གཏོད་དགོས་ཀྱང་། ང་ཚོ་ཡང་དག་པའི་བགྲོད་ལམ་འདིར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པར་མ་ཟད། བགྲོད་ལམ་འདི་སྔར་ལས་ཇེ་བརྟན་དང་ཇེ་རྒྱས་ཇེ་ཡངས་སུ་འགྲོ་ངེས་ཡིན།

ཝང་དབྱི་ཡིས་བཤད་རྒྱུར། 2019ལོར་ཕྱིར་ལྟ་ཞིག་བྱས་ཚེ། ཀྲུང་གོའི་ཕྱི་འབྲེལ་གྱིས་དུས་བབ་ཀྱི་འགྱུར་ལྡོག་ཁྲོད་མཐོན་པོར་འཛེགས་ནས་རྒྱང་གཟིགས་གནང་ཐོག མིའི་རིགས་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་ཧུར་ཐག་གིས་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོས་མུ་མཐུད་དུ་མཐའ་མང་རིང་ལུགས་སྲུང་སྐྱོང་བརྟན་པོ་དང་། མཐའ་རྐྱང་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ། མཉམ་ལས་མཉམ་རྒྱལ་ལ་མཐའ་གཅིག་ཏུ་སྐུལ་སྤེལ་བཅས་བྱས་ནས། འཛམ་གླིང་རོགས་ཟླའི་འབྲེལ་བ་གོང་དུ་སྤེལ་བ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་མཐའ་དག་གཏན་འགོག་བཅས་བྱ་རྒྱུ། ཀྲུང་གོ་ནི་ནམ་ཡང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་བརྟན་པོ་དེ་ཡིན། 2020ལོར། ཀྲུང་གོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཀྲུང་གོའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་སྟེང་གི་དབུལ་ཕོངས་རྣམ་པ་རྩ་མེད་དུ་བཏང་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ། ཕྱི་འབྲེལ་པུའུ་ཡིས་ཁྱོན་ཡོངས་ནས་དབུལ་ཐར་འཕེལ་རྒྱས་དང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ལས་འགན་གཙོ་བོར་དམ་པོར་དམིགས་ཐོག ཀྲུང་གོའི་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་མང་པོར་མུ་མཐུད་དུ་འོས་སྦྱོར་བྱ་འགུལ་སྤེལ་ནས། རྒྱལ་ནང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྔར་ལས་ནུས་ཤུགས་ལྡན་པའི་སྒུལ་ཤུགས་འདོན་པ་དང་། ས་གནས་སོ་སོས་འཛམ་གླིང་དང་མཉམ་དུ་གཉིས་ཕན་མཉམ་ལས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཡངས་པའི་སྟེགས་བུ་བསྐྲུན་རྒྱུ།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་བའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དར་སྤེལ་དང་། མིའི་རིགས་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བྱས་ནས། འཛམ་གླིང་འཕེལ་རྒྱས་ཀྱི་གཟི་འོད་འབར་བའི་མ་འོངས་པ་བཞེངས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་ནི་མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐབས་ལམ་གལ་ཆེན་ཡིན་ལ། མཚོ་སྔོན་ནི“རྒྱུད་གཅིག་ལམ་གཅིག”གི་འགག་སྒོ་གཙོ་བོ་ཞིག་ཡིན་པའི་ཆ་ནས། འཛམ་གླིང་དང་འགྲོ་འོང་ཟབ་མོ་དང་ལག་གདང་མཉམ་འབྲེལ་བྱེད་པར་རེ་ལྟོས་བྱས་ཡོད། ཝང་ཅན་ཅུན་གྱིས“མིང་བྱང་བཞི”ཡི་ཐོག་ནས་འོས་སྦྱོར་ཤིས་ཚིག་ཕུལ་ཞིང་། མིང་བྱང་དང་པོ་གཙང་གསུམ་འབྱུང་ཡུལ་དང་། མིང་བྱང་གཉིས་པ་སྐྱེ་ཁམས་སྲུང་ཡོལ། མིང་བྱང་གསུམ་པ་རྒྱལ་ཁབ་སྤྱི་གླིང་། མིང་བྱང་བཞི་པ་ཐོན་ཁུངས་ནུས་ཁུངས་བཅས་རེད།

ལིའུ་ཉིང་གིས་གསོན་ཉམས་ལྡན་པའི་སྒོ་ནས་འོས་སྦྱོར་བྱེད་སྐབས་བཤད་རྒྱུར། མཚོ་སྔོན་ནི“ཀྲུང་ཧྭའི་ཆུ་མཛོད”ཡིན་ལ། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་གང་ཡོད་འདོན་གྱིན་ཡོད། རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་ལ་བརྩི་འཇོག་གནང་བ་དང་། “སའི་གོ་ལའི་སྣེ་གསུམ་པ”ཡི་རང་བྱུང་སྐྱེ་ཁམས་ལ་དོ་ཁུར་དང་སྲུང་སྐྱོབ་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་བཅོས་སྐྱོང་རབ་དང་རིམ་པ་བྱེད་པ་བཅས་ཀྱིས། རང་བྱུང་སྐྱེ་ཁམས་ཀྱི་ཚན་པ་དང་མིའི་རིགས་སྤྱི་ཚོགས་ཀྱི་དོ་དམ་ཚན་པ་ཕན་ཚུན་མཐུན་སྦྱོར་ཡོང་བ་དང་། རང་བྱུང་སྐྱེ་ཁམས་ཀྱི་ཐེག་ནུས་དང་མིའི་རིགས་འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་པ་ཕན་ཚུན་མཐུན་སྦྱོར་ཡོང་བ་མངོན་འགྱུར་གང་ཐུབ་བྱས་དང་བྱེད་བཞིན་ཡོད། མཚོ་སྔོན་ནི“རེ་བའི་བྱང་ཐང”ཡིན་ལ། ང་ཚོས་ལྗང་མདོག་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཤུགས་གང་ཡོད་འདོན་གྱིན་ཡོད། རྒྱལ་ཁབ་སྤྱི་གླིང་དང་ནུས་ཁུངས་གཙང་མ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐོ་སྒང་གི་མཛེས་པའི་མཁར་གྲོང་བཅས“དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་དང་འཁོར་རྒྱུག  གྲངས་ཀ་དང་མྱུར་ཚད་བཅས“དཔལ་འབྱོར་རྣམ་པ་བཞི”ཡིས་སྣེ་འདྲེན་པའི་གྲུབ་ཚུལ་བསྒྱུར་སྟངས་ལ་སྐུལ་སྤེལ་བྱས་ནས། བློ་བརྟན་འགྱུར་མེད་སྒོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་ལེགས་པོར་བསྐྱོད་དང་སྐྱོད་ཀྱིན་ཡོད། མཚོ་སྔོན་ནི“ལས་སྐྲུན་ལ་འཚམ་པའི་སྟེགས་བུ”ཡིན་ལ། ང་ཚོས་སྒོ་འབྱེད་མཉམ་ལས་དང་མཉམ་རྒྱལ་ལ་ཤུགས་གང་ཡོད་འདོན་གྱིན་ཡོད། རང་འགུལ་གྱིས“རྒྱུད་གཅིག་ལམ་གཅིག”དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་འཐབ་ཇུས་ཆེན་པོ་དང་འདྲེས་ནས། ཚོང་རར་ཞུགས་འཐུས་ཀྱི་ཚད་རྒྱ་སྐྱེད་པ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱིས། མཐོང་རྒྱ་ཡངས་པའི་མི་བུ་ཀུན་ལ་དངུལ་གཏོང་ལས་སྐྲུན་དང་ཚོང་གཉེར་གྱི་གོ་སྐབས་བསྐྲུན་ཡོད། མཚོ་སྔོན་ནི“འཆམ་མཐུན་གྱི་ཁྱིམ་གཞིས”ཡིན་ལ། ང་ཚོས་མཉམ་གནས་མཉམ་སྐྱོད་ལ་ཤུགས་གང་ཡོད་ཀྱིས་འགན་སྲུང་བྱེད་ཀྱིན་ཡོད། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལོན་པར་ཤུགས་གང་ཡོད་འདོན་པ་དང་། སློབ་གསོ་དང་སྨན་བཅོས་སོགས་ལས་དོན་འཕེལ་རྒྱས་ལ་ཤུགས་གང་ཡོད་བཏོན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་མི་རིགས་མཐུན་སྒྲིལ་མཐུན་འགྲིག་མཉམ་གནས་ཡོང་བར་སྐུལ་འདེད་བཏང་དང་གཏོང་ཀྱིན་ཡོད།

འོས་སྦྱོར་ཡུལ་དངོས་སུ། ལིག་ཉིང་གིས་ད་དུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བ་ཇི་ལྟར་ཐག་གཅོད་ལེགས་པོ་བྱེད་པ་དང་། མཚོ་སྔོན་གྱི་དབུལ་ཕོངས་ཇེ་ཉུང་དུ་བཏང་བའི་ཉམས་མྱོང་། ཕྱོགས་གཉིས་མཉམ་ལས་ཀྱི་སྦས་ཤུགས་སོགས་གནད་དོན་ཐད་ནས་ཀྲུང་གོར་སྡོད་པའི་ནེ་པ་ལའི་གཞུང་ཚབ་པ་ལི་ལ•མ་ཉི•པའོ་ཏེ་ཨེར་སོགས་ཀྱི་དྲི་བར་ལན་བཏབ།

བརྗོད་དོན་འོས་སྦྱོར་ཚོགས་འདུའི་སྟེང་། བརྗོད་དོན་དྲིལ་སྒྲོག་བརྙན་རིས་བསྟན་པ་དང་། སའེ་ཨེར་ཝེ་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་སྨི་ལན•པ་ཆེ་ཝེ་ཆི་དང་ཁེན་ནི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ས་ལ•སའེ་ལེ་མུའུ། མོ་ཞི་ཁོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཧོ་སའེ•ལུའུ་དབྱི་སི•པེ་ཨེར་ན་ཨེར་བཅས་ཀྱིས་ཤིས་ཚིག་ཕུལ།

འོས་སྦྱོར་བྱ་འགུལ་ཁྲོད། ཝང་དབྱི་དང་ཆི་ཡིས། ཝང་ཅན་ཅུན། ལིག་ཉིང་བཅས་དང་། དེ་མིན་བྱ་འགུལ་ནང་ཞུགས་པའི་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཁ་ཤས་ཀྱིས་མཉམ་དུ་མཚོ་སྔོན་བརྗོད་དོན་འགྲེམ་སྟོན་ལ་བལྟས། བརྗོད་དོན་ཚོགས་འདུའི་སྔོན་དུ། ཝང་ཅན་ཅུན་དང་ལིག་ཉིང་གིས་ཨ་མེ་རི་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཐེ་ལི•པུའུ་ལན་སི་ཐ་ཏེ་ལ་ཐུག་འཕྲད་བྱས། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མ་ཁྲའོ་ཞུས་ཀྱིས་མཚོ་སྔོན་ཚོང་དོན་འོས་སྦྱོར་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།