གནས་རི་དང་བླ་མཚོའི་བར་ནས་ས་མཐོའི་རི་དྭགས་འཚོལ་བ།
2019.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

དགུན་གྱི་དུས་སུ་གཙང་གསུམ་འབྱུང་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་ཁ་བ་བབས་ནས་ས་གཞིས་དངུལ་དཀར་གྱི་ལྭ་བ་བཀླུབས་པས།     རི་སྐྱེས་སྲོག་ཆགས་རྣམས་ཁ་བས་གཡོགས་པའི་རི་མགོ་ནས་མར་བབས་ཏེ་གཟན་ཆས་འཚོལ་བཞིན་འདུག ཞོགས་པར།   གསར་འགོད་པ་ཨ་མྱེས་རྨ་ཆེན་གྱི་རི་འདབས་བརྒྱུད་ནས་ནུབ་ཕྱོགས་སུ་བསྐྱོད་པར།     ལམ་བར་དུ་སྨུག་ལོང་ཁྲོད་ཀྱི་ཆུ་ཕྲན་དང་འཁྱགས་རོམ་དག་གསལ་ལ་མི་གསལ་བར་མཐོང་ཞིང་།  བརླན་ཞིང་གཙང་བའི་མཁའ་དབུགས་གསར་པ་རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་འོངས་དུས་སེམས་ཁམས་དྭངས་བར་བྱེད་པའི་སྣང་བ་ཞིག་དབང་མེད་དུ་སྟེར།    རྩེ་མོ་མཁའ་ལ་རེག་པའི་རི་རྩེ་དང་བྲག་ལྡེབས་སུ་རྒྱུ་བའི་རི་དྭགས་གནའ་བ་དག་ཀྱང་རི་ལས་བབས་ཏེ་གཟན་ཆས་འཚོལ་བཞིན་ཡོད་པ་དང་།  གནའ་བ་དེ་དག་གིས་གསར་འགོད་པ་སྡོད་པའི་རླངས་འཁོར་མཐོང་དུས་རྨིད་ཁ་ཤས་ཀྱིས་ཆོད་པའི་ལམ་འགྲམ་ནས་རླངས་འཁོར་ལ་འགྲན་པའི་ཚུལ་གྱིས་བང་རྒྱུག་བྱེད་ཀྱི་འདུག  དེ་ལྟར་ཡུད་ཙམ་རྒྱུག་མཆོང་བྱས་རྗེས།   གནའ་བ་ཁྱུ་དེའི་སྣེ་ཁྲིད་པའི་གནའ་བ་ཕོ་དེས་གོམ་པ་སྤོ་མཚམས་བཞག་ནས་རྭ་ཅོ་རིང་པོ་སྐྱེས་པའི་མགོ་བོ་དགྱེ་དགྱེ་བྱས་ནས་ང་ཚོར་ལྟ་བཞིན་འདུག    སྐབས་དེར་རླུང་བུའི་རྒྱུ་བ་དང་བསྟུན་ནས་རི་མགོའི་སྨུག་པ་སྟུག་པོ་དེ་ཡང་རང་སར་མཆེད་ཀྱིན་འདུག་པས་རྨ་ཆེན་གངས་རིའི་རང་མདངས་ཡང་རིམ་གྱིས་ཇེ་གསལ་དུ་འགྲོ་བཞིན་འདུག      བོད་ཀྱི་ངག་རྒྱུན་རིག་གནས་ཁྲོད་དུ་ཨ་མྱེས་རྨ་ཆེན་གངས་རིའི་ལོ་རིས་ནི་རྟ་ཡིན་པར་ངོས་འཛིན་བྱེད་ཅིང་།   མཐོ་སྒང་འདིའི་གཞི་འཛིན་སྔོན་མ་རྣམས་ཀྱིས་རང་བྱུང་གི་གངས་རི་དེ་མི་གཤིས་ཅན་དུ་བསྒྱུར་ཏེ།    དེ་ལ་ཚེ་སྲོག་སྦྱིན་པ་དང་ཁྱད་མཚར་བའི་གཏམ་རྒྱུད་ཀྱིས་རབ་ཏུ་ཕྱུག་པར་བྱས་ཏེ།  ཁོ་ཚོའི་ཆེས་བབ་ཆགས་པའི་རང་བྱུང་ཁམས་ལ་ངོས་འཛིན་བྱེད་པའི་ལྟ་བ་དང་འདྲེས་པར་བྱས་ནས་མི་རབས་ནས་མི་རབས་བར་བརྒྱུད་ཡོང་ཡོད་ཅིང་།  རྩྭ་ཐང་གང་འདོད་དུ་སློག་མི་རུང་པ་དང་འཁྱགས་ཀླུང་ལ་གཏོར་བཤིག་གཏང་མི་རུང་པ།  ཆུ་མགོ་ལ་སྦགས་བཙོག་བཟོ་མི་རུང་པ་སོགས་རང་བྱུང་ཁམས་ལ་བསྟུན་པ་དང་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་དགོས་པའི་བསླབ་བྱ་དང་གནས་ལུགས་དེ་དག་ཡུལ་དེའི་རྒན་རྒོན་རྣམས་ཀྱིས་རང་གི་བྱིས་པ་དང་ཕྱི་རབས་པ་རྣམས་ལ་གོ་སླ་ཞིང་ཉན་སྤྲོ་ལ་གནས་ལུགས་ལྡན་པའི་གཏམ་རྒྱུད་ཀྱི་ལམ་ནས་འཆད་ཀྱིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས།ས་གནས་དེ་གའི་བོད་རིགས་འབྲོག་པ་རྣམས་ཀྱི་སྣོད་བཅུད་ལྟ་བ་དེ་ཡང་ཚན་རིག་དང་མཐུན་པ་དང་གནད་སྨིན་འཐུས་ཚང་དུ་ཕྱིན་ཡོད།  འབྲོག་པ་མང་པོས་ནོར་ལུག་འཚོ་མཚམས་བཞག་ནས་སྲིད་གཞུང་གི་བཀོད་སྒྲིག་ལྟར་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་གྱུར་ཏེ།རང་བྱུང་ཁམས་ལ་གོང་བཀུར་སྲུང་སྐྱོང་བཅས་བྱས་ཏེ།     ཕ་ཡུལ་གྱི་རི་ར་བ་ཁང་ཁྱིམ་དང་རི་སྐྱེས་སྲོག་ཆགས་སོགས་སེམས་ཅན་དང་བཅས་པར་ལྟ་སྐྱོང་ལེགས་པོ་བྱེད་ཀྱི་ཡོད། ཨ་མྱེས་རྨ་ཆེན་དང་དེ་བཞིན་མཐའ་འཁོར་དུ་གནས་པའི་རྨ་ཆུའི་མགོ་ཁུངས་ས་ཁུལ་དུ།  གསར་འགོད་པ་གད་སྙིགས་གཙང་སེལ་བྱེད་མཁན་གྱི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་དང་འཕྲད་པར་མ་ཟད། ཁངས་སྐྱོན་ཕོག་པའི་སྐབས་སུ་ཡུལ་དེའི་འབྲོག་པ་རྣམས་ཀྱིས་རྩྭ་སྐམ་པོ་ཁུར་ནས་བཀྲེས་ཤིང་ལྟོགས་པའི་རི་སྐྱེས་སྲོག་ཆགས་ལ་གཟན་ཆས་སྟེར་བར་འགྲོ་བའི་གནས་ཚུལ་ཡང་མཐོང་།

གོང་རིམ་སྲིད་གཞུང་དང་ས་གནས་འབྲོག་པའི་ཐུན་མོང་འབད་བརྩོན་འོག ཡུལ་དེ་གའི་རི་སྐྱེས་སྲོག་ཆགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།   ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་།  ཚན་རིག་ཞིབ་འཇུག་མི་སྣས་ཨ་མྱེས་རྨ་ཆེན་གྱི་མཐའ་འཁོར་དུ།  རྗེས་ཤུལ་འཚོལ་དཀའ་བའི་སྲོག་ཆགས་རིགས་བཅུ་ལྷག་ཙམ་སྔ་རྗེས་སུ་རྙེད་པ་དང་། གསའ་ཡི་པར་དང་བརྙན་བརྒྱ་ཕྲག་ལྷག་བླངས་ཡོད།

ཆེད་མཁས་པས་ཨ་མྱེས་རྨ་ཆེན་སོགས་ས་ཆར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པར་གཞིགས་ན།  སྔོན་ཆད་རི་བོ་དང་མཚོ་མོ་དེ་དག་གནས་རི་དང་བླ་མཚོར་ངོས་འཛིན་བྱེད་པའི་འབྲོག་པ་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་ལྟ་བ་དེ་དེང་རབས་ཀྱི་སྣོད་བཅུད་ལྟ་བར་འདྲེས་ཤིང་། གཙང་གསུམ་འབྱུང་ཁུངས་ས་ཁུལ་དེ་རིམ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་གྱི་ ས་ཁོངས་ཆེ་ཤོས་ཤིག་ཏུ་འགྱུར་བཞིན་ཡོད།  ཐེངས་འདིར་གསར་འགོད་པ་ཨ་མྱེས་རྨ་ཆེན་གངས་འདབས་སུ་བསྐྱོད་སྐབས་ཀྱང་ས་མཐོའི་སྲོག་ཆགས་རྩ་ཆེན་རིགས་མང་པོ་པར་དུ་ལེན་ཐུབ་ཡོད་པ་སྟེ།   ཉིན་གཅིག་གི་དུས་ཚོད་ནང་ཁྱུ་དང་ཁྱུ་བྱས་ནས་འགྲོ་བའི་གནའ་བ་དང་ཤྭ་བ་སེར་ཆེན་སོགས་རྩྭ་གཟན་སྲོག་ཆགས་ཀྱི་རིགས་དང་།དེ་བཞིན་ཝ་དམར་དང་སྦྲེ། ཁྲ་སོགས་མང་པོ་པར་དུ་ལེན་ཐུབ་པ་བྱུང་ཞིང་།  དྭངས་གཙང་གི་ཆུ་མོ་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་ཁ་ཞེང་། མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་བཅས་ཀྱིས་གསར་འགོད་པ་རྣམས་ཀྱི་སེམས་སུ་དགའ་སྤྲོའི་ཚོར་སྣང་ཞིག་དབང་མེད་དུ་སྦྱིན་བྱུང་།

རྣམ་པ་དེ་ནི་ས་གནས་དེ་གའི་མི་དམངས་མང་ཚོགས་དང་རི་སྐྱེས་སྲོག་ཆགས་རྣམས་ཡུན་རིང་འཆམ་མཐུན་མཉམ་གནས་བྱས་པའི་གྲུབ་འབྲས་རེད།      གསར་འགོད་པས་བཅར་འདྲི་བྱེད་སྐབས་སུ།   ཐག་མི་རིང་ས་ན་ཕྱུགས་རྫི་རྣམས་ཀྱིས་ནོར་གནག་དེད་ནས་འགྲོ་བཞིན་ཡོད་ཅིང་། དེའི་འགྲམ་དུ་དགོ་བ་རྣམས་ཁྱུ་དང་ཁྱུ་བྱས་ནས་དོགས་ཟོན་ཅི་ཡང་མེད་པར་རང་དགར་རྩྭ་ཆུར་རོལ་ཞིང་རྒྱུ་བའི་རྣམ་པ་མཐོང་ཐུབ།

ས་སྲོད་དུ་གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུང་དཀར་མཚོ་ནག་ཏུ་འབྱོར་ཞིང་།   ལ་ཁའི་ཉི་ཟེར་དང་འགྲོགས་ཏེ་དུང་དཀར་མཚོ་ནག་གི་ངོས་སུ་སྔོ་ཐིང་ཐིང་གི་འོད་སྣང་ཞིག་མཛེས་པར་མངོན་པས་ནམ་མཁའ་དང་གཞི་གཅིག་ཏུ་འདྲེས་པའི་སྣང་བ་སྟེར་ལ་དེ་ནི་རི་ཚོགས་ཀྱིས་བསྐོར་བའི་གཡུ་ཡི་མེ་ལོང་མེ་ལོང་ཞིག་དང་ཡང་ཀུན་ནས་མཚུངས།

                                                                                                            ལོ་ཙཱ་བ། གཡང་འབུམ་རྒྱལ།