དར་ལག་རྩྭ་ཐང་དུ་འཆམ་མཐུན་དཔལ་ཡོན་གྱི་མེ་ཏོག་རྣམ་པར་བཞད།
2019.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ།  “ཆེས་མཛེས་པའི་དར་ལག་པར”བྱ་དགའ་སྟེར་བའི་མཛད་སྒོ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་ཚོམས་ཆེན་དུ་བསྡུས་པ་དང་དར་ལག་རྫོང་གི་ལས་ཁུངས་དང་མི་སྒེར་སྐོར་ཞིག་ལ་གཟེངས་བསྟོད་ཐོབ།

ལོ་འདི་དག་གི་རིང་ལ་དར་ལག་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དཔལ་ཡོན་གསར་སྐྲུན་གྱིས་སྣེ་ཁྲིད་བྱས་ཏེ། རིགས་སྣ་ཚོགས་ཀྱི་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་ནན་ཏན་སྒོས་སྤེལ་བ་དང་སྲོལ་བཟང་དར་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་པས། དཔལ་ཡོན་གསར་སྐྲུན་གྱི་གྲུབ་འབྲས་སྣ་ཚོགས་ཀུན་གྱིས་མཐོང་ལ་བཤད་མི་ཚར་བའི་དཔལ་ཡོན་ལྡན་པའི་གཏམ་རྒྱུད་སྣ་ཚོགས་རྒྱུན་ཆད་མེད་ཅིང་། འབྲོག་པ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་མངོན་གསལ་སྒོས་མཐོར་འདེགས་བྱུང་བས་དཔལ་ཡོན་རྨང་གཞི་ཡིན་པའི་འཆམ་མཐུན་འཕེལ་རྒྱས་ཀྱི་མཛེས་རིས་ཤིག་མུ་ནས་མུ་རུ་འབྲི་ཞིང་མཆིས།

དར་ལག་རྫོང་གི་སྲང་ལམ་ཆེ་ཆུང་ཀུན་དང་སྤྱི་ཚོགས་ཞབས་ཞུའི་སྒེའུ་ཁུངས་བཅས་སུ་ཡིག་འབྲུ་ཉེར་བཞིས་མཚོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་སྒྲོ་སྦྱར་བྱང་རེ་རེ་མི་རྣམས་ཀྱི་མིག་ལ་མངོན་པར་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མི་མི་དམངས་མང་ཚོགས་ཀྱི་སེམས་སུ་སིམ་ཞིང་འཚོ་བ་དངོས་དང་འདྲེས་པར་བྱས་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསལ་བོར་ཤེས་པར་བྱེད་པའི་ཆེད་དུ་དར་ལག་རྫོང་གིས་མི་དམངས་མང་ཚོགས་སྤྲོ་སྣང་ལྡན་ལ་ལྟ་འདོད་ཆེ་བའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། བརྗོད་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་རེ་རེ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་མི་དམངས་མང་ཚོགས་ཀྱི་སེམས་ལ་འབབ་ཅིང་ལག་ཏུ་བསྟར་ཐུབ་པར་སྐུལ་འདེད་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྔར་ལས་སྣང་བརྙན་ཅན་དང་བྱེ་བྲག་ཅན་དུ་བསྒྱུར་ཏེ།  དཔལ་ཡོན་དང་འཕྲོད་བསྟེན། ཚན་རིག  སྣང་བརྙན་གསར་བ་བསྐྲུན་པ་བཅས་ཀྱི་ཀུན་སྤྱོད་ལེགས་པའི་རྣམ་པ་ཞིག་རིམ་བཞིན་གྲུབ་པར་བྱས།

ད་ལོ།  དར་ལག་རྫོང་གིས་དཔལ་ཡོན་གྲོང་སྡེ་དང་དཔལ་ཡོན་སློབ་གྲྭ     དཔལ་ཡོན་ཁྱིམ་ཚང་། དཔལ་ཡོན་ལས་ཁུངས་སོགས་དཔལ་ཡོན་གསར་སྐྲུན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། ཐེངས་རེ་རེའི་དོན་དངོས་ལ་རྐང་བཙུགས་པའི་ལག་ལེན་བྱ་འགུལ་རེ་རེས་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པ་དེ་སློབ་གྲྭ་དང་ལས་ཁུངས། ཁེ་ལས། འབྲོག་ཁུལ། འབྲོག་ཁྱིམ་རེ་རེར་བསྐྱོད་པར་གཟབ་ནན་སྒོས་སྒུལ་འདེད་བཏང་།

དེ་མིན་དར་ལག་རྫོང་གིས་བརྙན་འཕྲིན་ཁང་དང་དར་ལག་རྫོང་གི་གསར་འགྱུར་དྲྭ་བ། རྨ་ཡུལ་དར་ལག་གི་ཏང་འཛུགས་དྲིལ་སྒྲོག་སོགས་སྟེགས་བུ་བརྒྱུད་ནས། རྣམ་པ་རྒྱ་ཆེ་བའི་སྒོ་ནས་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱིས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ལས་རིགས་སོ་སོའི་དོན་དངོས་ཀྱི་བྱ་བའི་ཁྲོད་འདྲེས་པར་བྱེད་པ་དང་། སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་མི་རྣམས་ཀྱི་བསམ་བློའི་འཚོལ་སྙེག་དང་རང་རྟོགས་ཀྱི་འགུལ་སྐྱོད་དུ་བསྒྱུར།

“ཞིང་སྡེའི་དཔལ་ཡོན་དར་སྤེལ་བྱེད་དགོས་ན་མི་དམངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་དུ་འཇུག་དགོས་པ་ལས་གཞན།  མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་དང་བདེ་ཐང་གི་བསམ་བློ་དར་སྤེལ་བྱེད་དགོས།”ཞེས་འོད་ཟེར་ཞང་གཡུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་པདྨ་རྒྱལ་གྱིས་བཤད།

ད་ལོ་ནས་བཟུང་སྟེ། དར་ལག་རྫོང་གིས་གོམས་སྲོལ་བསྒྱུར་ཏེ་སྣང་བརྙན་གསར་བ་བསྐྲུན་པའི་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་ཞིང་། དངོས་པོའི་དབུལ་ཐར་དང་བསམ་བློའི་དབུལ་ཐར་ཟུང་དུ་སྦྲེལ་བ། བསམ་བློའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་མཉམ་དུ་མཐོར་འདེགས་བྱེད་པ་བཅས་མངོན་འགྱུར་བྱས་ཏེ། ཤུགས་ཆེན་པོས་ཞིང་སྡེའི་དཔལ་ཡོན་འཛུགས་སྐྲུན་བྱས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་སྐྱོར་བྱས།

དར་ལག་རྫོང་གིས་སྔ་གཞུག་ཏུ་དབུལ་ཐར་མཁྲེགས་གཏོར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་རྩ་འཛུགས་བྱས་པར། པདྨ་རྒྱལ་སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས་སྐོར་ཞིབ་དྲིལ་སྒྲོག་བྱ་བ་ནན་ཏན་གྱིས་སྤེལ་ཏེ།  དབུལ་ཐར་ཕྱུག་འགྱུར་སྐོར་གྱི་བརྒྱུད་རིམ་གསལ་བོར་བསྒྲགས་ནས། གཞི་རིམ་ལས་བྱེད་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ“བདེ་སྐྱིད་ནི་འབད་བརྩོན་ལ་བརྟེན་ནས་བྱུང་བའི”ངེས་ཤེས་གསལ་བོར་འདྲོངས་སུ་བཅུག

“ཏང་གི་སྲིད་ཇུས་བཟང་པས་རང་ཉིད་ཀྱིས་ཀྱང་འབད་བརྩོན་བྱས་ན་ད་གཟོད་འགྲིག་འདུག” པདྨ་རྒྱལ་གྱི་སྒྲོག་བཤད་ལ་ཉན་རྗེས་སུ་གཡུ་ལུང་སྡེ་བའི་སྡེ་མི་སྨན་ལྷས་དེ་ལྟར་བཤད། པདྨ་རྒྱལ་གྱིས་སྡེ་སྡོད་ཧྲུའུ་ཅིའི་འགན་ཁུར་ནས་ལོ་ངོ་བཞི་འགོར་བའི་རིང་དུ་གཡུ་ལུང་སྡེ་བའི་ཕྱུག་འགྱུར་གྱི་སྒོ་མོ་སྔ་ས་ནས་ཕྱེས་ཡོད་པ་སྟེ། ས་ནག་ཐང་ཡོད་ཚད་གཟན་རྩྭ་འདེབས་འཛུགས་བྱེད་པའི་རྟེན་གཞིར་བསྒྱུར་ཡོད་པས་སྡེ་མི་རྣམས་ཉིན་གཅིག་ལའང་ཁོམ་ལོང་མེད་པར་རྩྭ་འདེབས་པ་དང་རྩྭ་འབྲེག་པ། རྩྭ་འབྲེག་འཕྲུལ་འཁོར་བསྐོར་སྟངས་སློབ་པ་སོགས་ཀྱི་ལག་རྩལ་སྣ་ཚོགས་ལ་སྦྱངས་ནས་འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱེད་པའི་ཕྱོགས་ལ་གོམ་པ་སྤོ་བཞིན་ཡོད།

ལག་རྩལ་དེ་དག་སྦྱངས་པའི་ཞོར་དུ་པདྨ་རྒྱལ་གྱིས་ད་དུང་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་གཞུང་ལམ་འགྲམ་རྒྱུད་དུ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་པོར་སྤེལ་ཞིང་། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་སྤེལ་ནས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ཁོར་ཡུག་དག་གཙང་དང་གད་སྙིགས་གཙང་སེལ་བྱེད་པའི་བྱ་བས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས། འབྲོག་པ་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།

                                                                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།