ཀྲུང་གོའི་ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར་མང་པོའི་སྔར་སོང་དཀའ་སྡུག་གི་འཚོ་བར་ཕྱིར་དྲན་ཞིག་བྱས་ཚེ། ད་གཟོད་ཀྲུང་གོས་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་བཏང་བའི་གྲུབ་འབྲས་འབོར་ཆེན་ལ་རྒྱུས་ལོན་གསལ་པོ་ཞིག་བྱེད་ཐུབ།
ཀྲུང་གོས་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བར་དཀའ་ཁག་ཅི་འདྲ་ཞིག་འདུག་གམ།
ཆིག་སྟོང་དགུ་བརྒྱ་དོན་བརྒྱད་ལོའི་བཅོས་བསྒྱུར་སྒོ་འབྱེད་མ་བྱས་པའི་སྔ་རོལ་དུ། རང་རྒྱལ་གྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ་བརྒྱ་དང་ལྔ་བཅུའི་མན་ཡིན་ན་དབུལ་ཕོངས་ཁྱིམ་ཚང་དུ་གཏོགས་པའི་ཚད་ཐིག་ལྟར་ན། རྒྱལ་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལས་བརྒལ་བ་དེས་ཞིང་སྡེའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་སོ་གསུམ་ཟིན་ཡོད།
ཀྲུང་གོས་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བར་འབད་པ་ཅི་འདྲ་ཞིག་བྱས་ཡོད་དམ།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མི་འདང་ས་གཙོ་བོ་དང་མ་མཐའི་དམིགས་འབེན་དུ་བརྩིས་ཏེ། སྔ་ན་མེད་པའི་ནུས་ཤུགས་བཏོན་ནས་སྐུལ་སྤེལ་བྱས། ཀྲུང་དབྱང་གིས་ཉིས་སྟོང་ཉི་ཤུ་ལོར་སླེབས་དུས་རང་རྒྱལ་གྱིས་ད་ལྟའི་ཚད་ཐིག་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས་པ་དང་། དབུལ་ཕོངས་རྫོང་ཡོངས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དགོས་པ་དང་། ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་པོ་ཐག་གཅོད་པ་བཅས་གཏན་འབེབས་གསལ་པོ་བྱས་ཡོད།
དུས་བཅད་ལྟར་དབུལ་ཐར་བྱེད་དགོས་ན་གནད་འཁེལ་གྱི་གནད་དོན་ངེས་པར་དུ་ཐག་གཅོད་དགོས། གནས་ཚུལ་གསལ་པོར་ཤེས་ཆེད། ཉིས་སྟོང་བཅུ་བཞི་ལོར། རྒྱལ་ཡོངས་ནས་མི་འབུམ་བརྒྱད་ལྷག་རྩ་འཛུགས་བྱས་ཏེ། སྡེ་བའི་ཁྱིམ་ཚང་སོ་སོར་དབུལ་ཕོངས་ངོས་འཛིན་དབྱེ་འབྱེད་བྱེད་དུ་སོང་།
ལོ་ངོ་གཅིག་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཡོངས་ནས་བསྡོམས་པས་དབུལ་ཕོངས་སྡེ་བ་འབུམ་གཅིག་ཁྲི་གཉིས་སྟོང་བརྒྱད་དང་། དབུལ་ཕོངས་ཁྱིམ་ཚང་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བཞི་ཁྲི་བརྒྱད་དང་། དབུལ་ཕོངས་མི་གྲངས་བྱེ་བ་བརྒྱད་དང་ས་ཡ་དགུ་འབུམ་དྲུག་ཁྲི་གཉིས་བཅས་ངོས་འཛིན་དབྱེ་འབྱེད་བྱས་ཏེ། གཞི་རྩའི་ཐོག་དབུལ་ཕོངས་མི་གྲངས་ཀྱི་ཁྱབ་ཚུལ་དང་། དབུལ་པོར་གྱུར་པའི་རྒྱུ་རྐྱེན། དབུར་ཐར་དགོས་མཁོ་བཅས་ཀྱི་ཆ་འཕྲིན་རྒྱུས་ལོན་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་དབུལ་སྐྱོར་གསར་སྤེལ་གྱི་ཆ་འཕྲིན་མ་ལག་བཙུགས་པ་རེད། དེའི་རྗེས་སུ་བྱང་བུ་དང་ཡིག་ཚགས་བཟོས་ནས“ཕྱིར་མིག་ལྟ་བ”ཡི་བྱེད་སྒོ་སྤེལ་ཏེ། དབུལ་ཕོངས་མི་གྲངས་ཁ་གསབ་དང་། ངོས་འཛིན་དབྱེ་འབྱེད་ནོར་འཆུག་བྱུང་བ་ཕྱིར་འབུད་བཅས་བྱས་ཏེ། ཀྲུང་དབྱང་གིས་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་། ཆེས་གཟབ་ནན་ཡིན་པའི་དཔྱད་ཞིབ་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། དབུལ་ཐར་རྒྱུ་སྤུས་ལ་ཁག་ཐེག་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་རྗེས། གོ་རིམ་རྗེས་མ་ནི་ཇི་ལྟར་རོགས་སྐྱོར་བྱེད་རྒྱུ་དེ་ཡིན། རྒྱལ་ཡོངས་ཀྱི་ཕུལ་བྱུང་ལས་བྱེད་པ་འབུམ་བཞི་དང་ཁྲི་གསུམ་སྟོང་ལྔ་དབུལ་ཕོངས་སྡེ་བ་དང་གཞི་རིམ་ཏང་རྩ་འཛུགས་ཞན་སར་སོང་ནས་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་བཞེས་པ་དང་། ལས་བྱེད་པ་ས་ཡ་གཉིས་དང་འབུམ་བདུན་ཁྲི་བདུན་སྟོང་བརྒྱད་སྡེ་བར་བསྡད་དེ་རོགས་སྐྱོར་བྱེད་བཞིན་ཡོད།
དབུལ་ཕོངས་མང་ཚོགས་དབུལ་ཐར་ཇི་ལྟར་བྱེད་དགོས་སམ་ཞེ་ན། བྱེད་ཐབས་ནི་འདི་ལྟ་སྟེ། ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་སྐོར་ཞིག་དབུལ་ཐར་བྱེད་པ། དབུལ་སྐྱོར་གནས་སྤོར་བྱས་ཏེ་སྐོར་ཞིག་དབུལ་ཐར་བྱེད་པ། སྐྱེ་ཁམས་ཁ་གསབ་བྱས་ཏེ་སྐོར་ཞིག་དབུལ་ཐར་བྱེད་པ། སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ་སྐོར་ཞིག་དབུལ་ཐར་བྱེད་པ། སྤྱི་ཚོགས་ཀྱིས་འགན་སྲུང་བྱས་ཏེ་སྐོར་ཞིག་མཐིལ་བརྟོལ་བྱེད་དགོས།
ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ལ་སླེབས་དུས། དབུལ་ཕོངས་རྫོང་གིས་དོན་དངོས་ཐོག་ཧྲག་སྡེབ་དང་བེད་སྤྱད་པའི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་སྟོང་བརྒྱད་དང་ཉིས་བརྒྱར་སླེབས་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་འབོར་ཉུང་ཡིད་རྟོན་དངུལ་བུན་སྒོར་མོ་དུང་ཕྱུར་སྟོང་ལྔ་དང་དྲུག་བརྒྱར་སླེབས་ཡོད། རྒྱལ་ཡོངས་སུ་བསྡོམས་པས་དབུལ་སྐྱོར་ཐོན་ལས་ལས་གཞི་འབུམ་དགུ་དང་ཁྲི་བརྒྱད་ལྷག་ལག་བསྟར་བྱས་པ་དང་། རིམ་བསགས་བྱས་ན་རིགས་མི་གཅིག་པའི་ཐོན་ལས་རྟེན་གཞི་འབུམ་གཅིག་ལྷག་ལེགས་འཛུགས་བྱས། ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་ཡོངས་ཀྱི་དབུལ་ཐར་བྱས་པའི་དབུལ་ཕོངས་ཁྱིམ་ཚང་ས་ཡ་བཞི་དང་འབུམ་བདུན་ཁྲི་ལྔ་ཡི་ཁྲོད་དུ། ཐོན་ལས་དབུལ་སྐྱོར་ཐོབ་པའི་ཁྱིམ་ཚང་ས་ཡ་གསུམ་དང་འབུམ་ལྔ་ཁྲི་གསུམ་ཡོད་པ་དང་། དེས་བརྒྱ་ཆའི་དོན་བཞི་ལྷག་ཟིན་ཡོད་པ་རེད། ཐོན་ལས་དབུལ་སྐྱོར་གྱིས་དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེན་ལས་དོན་ལ་རོགས་སྐྱོར་ནུས་ལྡན་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོའི་ཚུན་དུ། རྒྱལ་ཡོངས་སུ་དབུལ་ཐར་འགག་སྒྲོལ་གྱི་གཡུལ་སའི་སྟེང་ལུས་སྲོག་བློས་བཏང་བའི་ལས་བྱེད་པ་བདུན་བརྒྱ་ལྷག་ཡོད་པ་རེད། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་སྟོབས་ཤུགས་གང་ཡོད་ཀྱིས་འབད་འཐབ་བྱས་ཏེ། རང་ཉིད་ཀྱི་ཚེ་སྲོག་ཕུལ་བར་བརྟེན་ནས་དབུལ་ཕོངས་མང་ཚོགས་ཕྱུག་པོར་འགྱུར་བའི་བགྲོད་ལམ་ལ་འོད་སྣང་བསྩལ།
ཀྲུང་གོས་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་བཏང་བ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་ཡིན།
“ཀྲུང་གོས་དབུལ་ཐར་བྱས་པའི་གཞི་རྒྱ་ནི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ས་ཡིན་ལ། དབུལ་ཐར་བྱས་པའི་མྱུར་ཚད་ནི་ཀྲུང་གོ་རུ་མ་གཏོགས་མེད”ཅེས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་མགོ་ཁྲིད་ཟུར་པ་ཧའེ་ལུན་ཁོ་ལ་ཁོ་ཡིས་སེམས་གཏིང་ནས་བསྟོད་བསྔགས་བྱས།
ཧའེ་ལུན་ཁོ་ལ་ཁོ་ཡིས་སེམས་གཏིང་ནས་བསྟོད་བསྔགས་བྱེད་དོན་ནི། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གོས་འཛམ་གླིང་གི་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བར་བྱས་རྗེས་བཞག་ཚད་ནི་བརྒྱ་ཆའི་བདུན་ཅུ་ལས་བརྒལ་བ་དང་། མིའི་རིགས་ལོ་རྒྱུས་ཀྱི་ཟིན་ཐོ་བྲིས་ཚུན་གྱི་གཞི་ཁྱོན་ཆེས་ཆེ་བ་དང་། རྒྱུན་མཐུད་དུས་ཡུན་ཆེན་རིང་བ། གཟིགས་སྐྱོང་མི་གྲངས་ཆེས་མང་བའི་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་རྣམ་པ་གསར་སྐྲུན་བྱས།
ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་དྲུག་ཇེ་ཉུང་དུ་སོང་བ་དང་། དབུལ་ཕོངས་འབྱུང་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་བདུན་ལ་ཇེ་དམའ་རུ་སོང་། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེས་སྤྱད་ཆོག་པའི་ཆ་སྙོམས་ཀྱི་ཡོང་འབབ་ནི་སྒོར་མོ་ཁྲི་གཅིག་དང་སུམ་བརྒྱ་ལྷག་ལ་སླེབས་པ་དེས། རྒྱལ་ཡོངས་ཞིང་པའི་ཆ་སྙོམས་ཀྱིས་སྤྱད་ཆོག་པའི་ཡོང་འབབ་ཀྱི་བརྒྱ་ཆའི་དོན་གཅིག་ཟིན། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་བརྒྱད་བརྒྱ་སོ་གཉིས་ལས་རྫོང་བཞི་བརྒྱ་དང་སོ་དྲུག་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། རྒྱལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་ལས་སྡེ་བ་འབུམ་གཅིག་ལྷག་དབུལ་ཐར་བྱས་པ་དང་། ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་མངོན་གསལ་གྱིས་ཞི་འཇགས་སུ་བཏང་། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ། རིམ་བསགས་བྱས་ན་རྒྱལ་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་རིམ་རྩིས་བྱས་ན་དུང་ཕྱུར་བརྒྱད་ལྷག་ཇེ་ཉུང་དུ་བཏང་།
ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རིམ་བསགས་བྱས་ན་རྒྱལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དགུ་ཇེ་ཉུང་དུ་བཏང་ལ། ལོ་རེར་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ཡན་ཇེ་ཉུང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཡོད།
ལྷག་ཏུ་དགའ་འོས་པ་ཞིག་ལ། རྒྱལ་ཡོངས་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཐད་མ་དངུལ་བཏང་བ་ཇེ་མང་དུ་སོང་བ་དང་། འཕེལ་ནུས་མངོན་གསལ་གྱིས་ཇེ་ཆེར་སོང་བ། ཁྱད་ལྡན་དགེ་མཚན་ཐོན་ལས་གང་མགྱོགས་ཀྱིས་འཕེལ་རྒྱས་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་མངོན་སུམ་གྱིས་ལེགས་བཅོས་བྱུང་ཡོད། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་བརྟན་འཇགས་ངང་མཐོར་འདེགས་བྱུང་། དབུལ་ཕོངས་རྫོང་གི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་ནི་རྒྱལ་ཡོངས་ཆ་སྙོམས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་ཆ་གཉིས་ཀྱིས་མཐོ་བ་དང་། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སྡོད་དམངས་ཀྱིས་ཆ་སྙོམས་སུ་སྤྱད་ཆོག་པའི་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་ནི་རྒྱལ་ཡོངས་ཞིང་སྡེའི་ཆ་སྙོམས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་ཆ་གཉིས་དང་གྲངས་ཆུང་གསུམ་གྱིས་མཐོ་ལ། འཕེལ་རྒྱས་ཀྱི་ཧེ་བག་ནི་རིམ་གྱིས་ཇེ་ཆུང་དུ་སོང་།
གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་རླབས་ཆེའི་ལག་ལེན་ཁྲོད། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་མངོན་སུམ་གྱིས་ཇེ་དྲག་ཏུ་སོང་བ་དང་། ཞིང་སྡེའི་གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་དོ་དམ་ཆུ་ཚད་མངོན་སུམ་གྱིས་མཐོར་འདེགས་བྱུང་ལ། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཇེ་ཆེར་སོང་སྟེ། ཏང་གིས་ཞིང་སྡེ་རུ་སྲིད་འཛིན་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་།
ཀྲུང་གོའི་བུ་དང་བུ་མོ་དུང་ཕྱུར་མང་པོར་ཆེས་སྤོབས་པ་སྩོལ་བ་ནི། ཀྲུང་གོས་རྩ་འཛུགས་ཡོད་པ་དང་། འཆར་གཞི་ལྡན་པ། གཞི་ཁྱོན་ཆེན་པོའི་སྒོ་ནས་དབུལ་སྐྱོར་གསར་སྤེལ་བྱས་པ་དང་། ལྷག་པར་དུ་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་གྱི་ཇུས་ཆེན་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་ཞིག་བཏོད་དེ། འཛམ་གླིང་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་པ་ཆེས་སྔ་བའི་འཕེལ་རྒྱུས་འབྱུང་བཞིན་པའི་རྒྱལ་ཁབ་ཏུ་གྱུར་པ་དང་། འཛམ་གླིང་གིས་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་འཕེལ་ཚད་ཇེ་མགྱོགས་སུ་བཏང་ལ། འཛམ་གླིང་ཡོངས་ཀྱིས་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བར་ཀྲུང་གོའི་ཤེས་རབ་དང་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།