ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་ཏང་འཛུགས་སྐྲུན་དམ་འཛིན་བྱས་ཏེ་དབུལ་ཐར་ལ་སྐུལ་སྤེལ་བྱས།
2020.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

 དབུལ་ཐར་གྱི་ལམ་དུ་མི་གཅིག་ཀྱང་ལུས་མི་རུང་། འདི་ནི་ཏང་ཀྲུང་དབྱང་གིས་བརྗིད་ཉམས་ཆེན་པོའི་ངང་བཞག་པའི་དམ་བཅའ་ཡིན་ལ། མང་ཚོགས་དུང་ཕྱུར་མང་པོའི་རེ་སྒུག་ཀྱང་ཡིན།

འཛམ་གླིང་གི་སྣེ་གསུམ་པའི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་དང་། གཙང་པོ་གསུམ་གྱི་དཀྱིལ་སྙིང་ས་ཁུལ་ཡིན་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནི། དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་བའི་ཁར་རང་བྱུང་གི་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། རྗེས་མཐུད་ཐོན་ལས་རྗེས་ལུས་ཡིན་པ། འཚོ་བའི་མ་གནས་མཐོ་བ་བཅས་ཀྱི་རྒྱུ་རྐྱེན་འོག  “དབུལ་ཐར”གྱི་དམིགས་འབེན་ནི་ཐོག་མཐའ་བར་གསུམ་དུ་ཐག་གཅོད་དཀའ་བའི“གནད་དོན་ཆེ་ཤོས”སུ་གྱུར་ཡོད།

ཏང་རྩ་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན། ཐོན་ཁུངས་ཀྱི་དགེ་མཚན་བཅས་འདོན་སྤེལ་བྱས་ཏེ། ཆུ་དམར་ལེབ་རྫོང་གིས་གླིང་སྣེའི་གཙང་པོའི་མགོ་ཁུངས་སུ་སྐྱེ་ཁམས་ཕྱུགས་ལས་རྨང་གཞི་ཡིན་པ་དང་། ཡུལ་གཞན་དུ་གནས་སྤོར་བ་གཙོ་གནད་ཡིན་པ། ནུས་རྩལ་གསོ་སྦྱོང་གཙོ་བོར་འཛིན་པ་དང་། ཁ་གཏད་རོགས་སྐྱོར་གཞོགས་འདེགས་ཡིན་པ་བཅས་ཀྱི་གནད་ཁེལ་དབུལ་སྐྱོར་གྱི་མ་ལག་བཙུགས་ཏེ། ཏང་འཛུགས་སྐྲུན་དམ་འཛིན་བྱས་ཏེ་དབུལ་སྐྱོར་སྐུལ་སྤེལ་བྱེད་པའི་རྒྱལ་ཁའི་ལམ་བུ་ཞིག་འཚོལ་ཞིབ་དང་ལག་བསྟར་བྱས།

ཚན་ཁག་གཅིག་ནི་དར་ཆ་གཅིག་ཡིན། དབུལ་ཐར་མཁྲེགས་གཏོར་ལ་སྐྱེ་སྟོབས་ཀྱིས་ཁེངས་ཡོད།

2018ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་ངོས་འཛིན་བྱས་པ་བརྒྱུད། ཆུ་དམར་ལེབ་རྫོང་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བསྡོམས་པས་སྟོང་གསུམ་དང་སུམ་བརྒྱ་རེ་ལྔ་དང་དབུལ་ཕོངས་མི་གྲངས་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་ཉེར་བརྒྱད་ཡོད་པ་རེད།

སྣ་གཅིག་རྐྱང་དང་ཉམས་ཞན། རྗེས་ལུས་བཅས་ཡིན་པའི་འཕེལ་རྒྱས་ཀྱི་གནས་བབ་ལ་ཁ་གཏད་དེ། དབུལ་ཐར་མཁྲེགས་གཏོར་ཐད་ཇི་ལྟར་རྒྱལ་ཁ་ལེན་དགོས་པ་ནི། ཆུ་དམར་ལེབ་རྫོང་གིས་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་ཡིན་པར་མ་ཟད། དབུལ་སྐྱོར་ལས་བྱེད་པའི་ནུས་པར་དཔྱད་ཞིབ་བྱེད་པའི་ཚད་ཐིག་ཀྱང་ཡིན།

གཡུ་དགེ་ཞང་ལུང་དམར་སྡེ་བ་ནི་གྲགས་ཆེ་བའི་དབུལ་ནག་སྡེ་བ་ཞིག་ཡིན་ལ། སྡེ་བའི་ཏང་ཀྲི་པུའུ་ནི་རྫོང་ཡོངས་ཀྱི་དཔེ་མཚོན་ཅན་གྱི་རྗེས་ལུས་ཏང་ཀྲི་པུའུ་ཤིག་རེད། ཏག་ཏག་དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་གི་དུས་ལ་བབས་ཡོད་སྟབས། སྡེ་བའི་ཏང་ཀྲི་པུའུ་ཡིས་ཡུལ་བབ་དང་བསྟུན་ནས“ཏང་འཛུགས+”བྱ་བའི་དཔེ་དབྱིབས་དང་། འཐུས་ཚང་དང་སྟོབས་ལྡན་གྱི་ཀྲི་པུའུ་ཧྲུའུ་ཅི་བཀོད་སྒྲིག་བྱས་ཏེ། གོང་རིམ་གྱིས་བཀོད་འདོམས་བྱེད་པ་དང་། མང་ཚོགས་ཀྱིས་བསམ་འཆར་འདོན་པ། རང་ཉིད་ཀྱིས་དབྱེ་ཞིབ་བྱེད་པ་བཅས་ཀྱི་བྱེད་སྟངས་སྤྱད་དེ། དམངས་ཀྱི་བློ་གྲོས་ཀུན་བསྡུ་དང་། རྒྱུན་མཐུད་ངང་དག་ཐེར་ལེགས་སྒྲིག་བྱས་པ་དང་། འཕེལ་རྒྱས་ཀྱི་རིག་ལམ་གསར་བོར་བྱས་ཏེ། ཏང་གི་འཛུགས་སྐྲུན་དང་ཐོན་སྐྱེད་འཚོ་བས་ཕན་ཚུན་སྐུལ་སྤེལ་བྱེད་དུ་བཅུག

ལོ་ངོ་གཉིས་རིང་ལ་འབད་བརྩོན་བྱས་པ་བརྒྱུད། “མང་ཚོགས་ཀྱིས་ཏང་ཡོན་ལ་མིག་དཔེར་ལྟ་བ་དང་། ཏང་ཡོན་གྱིས་སྔོན་ཐོན་ལ་མིག་དཔེར་ལྟ་བ་སྟེ། སྒུག་པ་དང་བརྟེན་པ་སློང་བ་བཅས་ཀྱི་བསམ་བློ་རྩ་བ་ནས་བསྒྱུར་བ་དང་། མི་ཀུན་གྱིས་དབུལ་ཐར་ལ་འབད་པ་དང་། ཚང་མས་མཉམ་དུ་དབུལ་ཐར་བྱེད་པའི” དར་སྲོལ་བཟང་བོ་ཞིག་ཆགས་ཏེ། 2017ལོར“དབུལ་ཕོངས་ལས་ཐར་བ”མངོན་འགྱུར་བྱས།

“ཏང་ཚན་ཆུང+”གི་དཔེ་དབྱིབས་འོག་མཉམ་ལས་ཁང་གིས་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་།

“སྐྱེ་ཁམས་ཉམས་ཞན་ཡིན་པ་དང་སྐྱེ་ཁམས་དམིགས་སུ་བཟུང་ནས་སྲུང་སྐྱོབ་བྱེད་པ་གཉིས་མཉམ་འདྲེས་མཉམ་གནས་ཡིན།

སྟོབས་ཤུགས་གང་ཡོད་བཏོན་ཏེ་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བ་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་བྱས་ཏེ། ནུས་ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་། ནུས་ལྡན་ངང་ཕྱུགས་ལས་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། སྐྱེ་ཁམས་ཅན་བཅས་སུ་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་པ”ནི་ཆུ་དམར་ལེབ་རྫོང་གི་འཕེལ་རྒྱས་ཀྱི་ཐབས་ལམ་ཡིན།

སྡེ་བ་སོ་སོའི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། མཉམ་ལས་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་དངོས་འབེབས་བྱས་པ་དང་། ཆེད་ལས་རང་བཞིན་ཆེན་པོ་ལྡན་ཞིང་། ས་གནས་འཕེལ་རྒྱས་དང་འཚམ་པའི་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གསར་འཛུགས་བྱས་པ་བརྒྱུད། འབྲོག་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་བཏང་བ་རེད།

ཆུ་དམར་ལེབ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་སྟེང་།  རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་གསར་སྐྲུན་དང་། ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞི་བཙུགས་པ་དང་། ལེགས་བསྡུས་ཞིབ་གཉེར་ཅན་གྱི་རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་དང་རྩྭ་ཕྱུགས་མཉམ་འགུལ་དང་། སྣ་མང་ཅན་གྱི་ཞབས་ཞུའི་ཐོན་ལས་བཅས་འཚོལ་ཞིབ་བྱས་པར་མ་ཟད། ད་དུང་ཆེད་དུ་ཆུ་དམར་ལེབ་རྫོང་གི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་སྐུལ་སྤེལ་མཐུན་ཚོགས་ཀྱང་བཙུགས་པ་རེད།

འབྲོག་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་དངོས་ཡོད་ཡིན་པ། ཆེས་རྒྱུན་མཐུད་ཅན་ཡིན་པའི་ཁེ་བཟང་འཚོ་ཚིས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། “ཏང་ཚན་ཆུང་དང་མཉམ་ལས་ཁང” གི་ཏང་འཛུགས་ཀྱིས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་དཔེ་དབྱིབས་འདིས།  རྒྱུན་ཆད་མེད་པར་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་ཁྲིད་པ་རེད། ད་ལྟ། ཆུ་དམར་ལེབ་རྫོང་ལ་མཉམ་ལས་ཁང65ཡོད་པ་དེས།  མང་ཚོགས་ལ་དཔལ་འབྱོར་གྱི་ཁེ་སྤོགས་དང་སྤྱི་ཚོགས་ཀྱི་ཕན་བདེ་ཁྱེར་ཡོང་སྟེ། ཁོར་ཡུག་སྲུང་སྐྱོབ་ལ་རོགས་སྐྱོར་ཆེན་པོ་བྱས་པ་རེད།

རྩལ་ནུས་གཅིག་འཛོམས་ན། ཟས་གོས་གཉིས་འཛོམས་ཡིན།

2015ལོར་ཆུ་དམར་ལེབ་རྫོང་གིས་མ་དངུལ་དང་མི་ཤུགས་འབོར་ཆེན་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་། སྒྲིག་ཆས་ཆེས་ཆ་ཚང་ཡིན་པ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གིས་དང་ལེན་བྱེད་སླ་བའི་འབྲོག་དམངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་རིགས་བསྒྱུར་འཕེལ་རྒྱས་གཏོང་བའི་ཞབས་ཞུའི་གསོ་སྦྱོང་རྟེན་གཞི་བཙུགས།

ཆུ་དམར་ལེབ་རྫོང་གི་གནས་ཚུལ་དང་བསྟུན་ནས། ཁོ་ཚོར་གཡོས་སྦྱོར་དང་། རླངས་འཁོར་ཞིག་གསོ། འཚེམ་བཟོ། མི་རིགས་གྱོན་གོས་ལས་སྣོན་བཅས་ཉེར་སྤྱོད་རང་བཞིན་གྱི་ལག་རྩལ་གསོ་སྦྱོང་བྱས་པ་དང་། ཆེད་ལས་ལག་རྩལ་མི་སྣ་གདན་ཞུ་བྱས་ཏེ་མཛུབ་སྟོན་བྱེད་དུ་བཅུག ད་ལྟའི་བར་དུ། ཆུ་དམར་ལེབ་རྫོང་གི་རྩལ་ནུས་གསོ་སྦྱོང་རྟེན་གཞི་ཡིས་མི་སྟོང་གཉིས་དང་ཆིག་བརྒྱ་དོན་གཉིས་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་ལེགས་འགྲུབ་བྱུང་སྟེ་སློབ་མཇུག་བསྒྲིལ་བའི་མི་ཁྲི་གཅིག་སྟོང་དྲུག་བཞི་བརྒྱ་ལྷག་ཡོད་པ་དང་།ཆུ་དམར་ལེབ་དང་ཡུལ་ཤུལ། ལྷ་ས་སོགས་སུ་ལས་སྐྲུན་བྱེད་པའི་མི་ཆིག་བརྒྱ་ཞེ་བཞི་ཡོད་ཅིང་། མི་རེར་ཟླ་རེར་ཆ་སྙོམས་ཀྱིས་སྒོར་སྟོང་བཞི་དང་ལྔ་བརྒྱ་ཡས་མས་ཀྱི་ཡོང་འབབ་ཡོད་པ་རེད། རྫོང་མཁར་དུ་གནས་སྤོར་བྱས་པའི་གནད་ཁེལ་དབུལ་སྐྱོར་ཁྱིམ་ཚང་ལ་རྩལ་ནུས་འཛོམས་སྟབས། དབུལ་ཕོངས་མི་གྲངས་སྔར་ལས་མང་པོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཡོད་ལ། རེ་བའང་མཐོང་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།