2019ལོའི་མཚོ་སྔོན་གྱི་གསར་འགྱུར་ཆེན་པོ་བཅུ།
2020.01.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 66

1.ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོའི་སྟེང་རྟེན་འབྲེལ་ཞུ་ཡིག་སྤྲིངས་ཡོང་བ།

2019ལོའི་ཟླ8པའི་ཚེས19ཉིན། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་དེ་ཟི་ལིང་དུ་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་སྤྲིངས། 2019ལོའི་ཟླ8པའི་ཚེས20ཉིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བ་དང་། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི《ཟི་ལིང་གི་ངོས་འཛིན་གཅིག་མཐུན》ཞེས་པར་གྲོས་འཆམ་བྱུང་། །

2.ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ་ཟི་ལིང་དུ་འཚོགས་པ།

2019ལོའི་ཟླ7ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་བའི་ལས་དོན་གསར་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། རང་ཞིང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་བ་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བཀོད་སྒྲིག་བྱས།

2019ལོའི་ཟླ12ཚེས25ཉིན་ནས་ཚེས27ཉིན་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ་ཟི་ལིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་སྟེང་ད་ལོའི་བྱ་བར་ཕྱོགས་བསྡོམས་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་སང་ལོའི་བྱ་བ་བཀོད་སྒྲིག་བྱས། །

3.ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་བྱེད་སྒོ་པེ་ཅིན་དུ་འཚོགས་པ།

2019ལོའི་ཟླ11པའི་ཚེས26ཉིན།“དུས་རབས་གསར་པའི་ཀྲུང་གོ་སྟེ། རབ་མཛེས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་སྐྱོད་པ”ཞེས་པ་བརྗོད་དོན་དུ་བཟུང་བའི་ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་ཧྲིལ་པོར་འོས་སྦྱོར་བྱེད་པའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ། འཛམ་གླིང་ཧྲིལ་པོར་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ་བ་དེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70རིང་གི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་སྔར་བས་རྒྱ་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་སྟེང་གི་མཚོ་སྔོན་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། ཀྲུང་གོར་སྡོད་པའི་རྒྱལ་ཁབ་བརྒྱ་དང་བཞི་བཅུ་ལྷག་གི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚབ་བྱེད་མི་སྣ། བཟོ་ཚོང་ལས་རིགས་ཀྱི་འཐུས་མི། ཀྲུང་ཕྱིའི་ཆེད་མཁས་པ། སྨྱན་སྦྱོར་གསར་འགོད་པ་སོགས་མི་ལྔ་བརྒྱ་ལྷག་ཚོགས་འདུར་ཞུགས།

4.2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ500ཡི་རྩེ་གྲས་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

2019ལོའི་ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར། 2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ500ཡི་རྩེ་གྲས་ཚོགས་འདུ་ཟི་ལིང་དུ་འཚོགས། འདི་ནི་ཁེ་ལས་ཆེན་པོ500ཡི་རྩེ་གྲས་ཚོགས་འདུ་ནུབ་རྒྱུད་ཞིང་ཆེན་དུ་ཐེངས་དང་པོར་འཚོགས་པ་དང་། ཚོགས་འདུར་ཞུགས་པའི་ཁེ་ལས་ཆེན་པོ500ཡིས་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་གྱི་འཛུགས་སྐྲུན་ཐད་མ་དངུལ་གཏོང་རྒྱུའི་གྲོས་མོལ་སྣ་ཚོགས་བྱས། 2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ500ཡི་མིང་ཐོ་དང2019ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ500ཡི་དབྱེ་ཞིབ་སྙན་ཞུ་ཁྱབ་བསྒྲགས་བྱས། །

5.རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་རང་ཞིང་དུ་འཛུགས་སྐྲུན་བྱེད་མགོ་ཚུགས་པ།

2019ལོའི་ཟླ6པའི་ཚེས11ཉིན།“རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་འཛུགས་སྐྲུན་བྱེད”པ་མགོ་རྩོམ་ཚོགས་ཆེན་ཟི་ལིང་དུ་བསྡུས་ཤིང་། མཚོ་སྔོན་ནི་སྔོན་ལ་ཚོད་ལྟ་བྱེད་པའི་དཔེ་སྟོན་ཞིང་ཆེན་ཏུ་བརྩིས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་གོང་དུ་སྤེལ་བ་སོགས་ཀྱི་ཐད་འཚོལ་ཞིབ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས། །

6.རང་ཞིང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ།

2019ལོའི་ཟླ3པའི་ཚེས1ཉིན། རང་ཞིང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་གྱིས་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན་བཞག སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱ་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་ཞིང་གི་ཞིང་ལས་གོང་དུ་སྤེལ་བའི་ལོ་རྒྱུས་ཐོག་གི་ལག་རྩལ་དང་འཕེལ་རྒྱས་གཏོང་སྟངས་ཐད་ཀྱི་འཕོ་འགྱུར་གལ་ཆེན་ཞིག་ཀྱང་རེད། །

7.མཚོ་སྔོན་གྱི་ཟ་ལར་རིགས་དང་ཧོར་རིགས་ཀྱི་ས་ཁུལ་དབུལ་ཕོངས་ལས་ཐར་བ།

2019ལོའི་ཟླ5པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱིས་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་འཕྲིན་བཟང་བསྒྲགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཏེ་ཟ་ལར་རིགས་དང་ཧོར་རིགས་ཀྱི་ས་ཁུལ་དབུལ་ཕོངས་ལས་ཐར་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་རྒྱལ་ཡོངས་སུ་མི་འབོར་ཅུང་ཉུང་བའི་མི་རིགས་སུ་གཏོགས་པའི་ཟ་ལར་རིགས་རང་སྐྱོང་རྫོང་སྟེ་ཞུན་ཧྭ་རྫོང་གིས་སྔོན་ལ“དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ”དང་། 2019ལོའི་ཟླ5པར། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཡང་དབུལ་ཕོངས་རྫོང་ནས་ཕྱིར་འཐེན་པ་རེད། ཞིང་ཆེན་ཡོངས་སུ་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་དབུལ་ཕོངས་སྡེ་བ147དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི3.25དབུལ་ཕོངས་ལས་ཐར་བ་རེད། །

8.མཚོ་སྔོན་དུ་བསྟུད་མར་དུས་ཚོད360རིང་ནུས་ཁུངས་གཙང་མའི་གློག་འདོན་སྤྲོད་བྱས་པ་རེད།

2019ལོའི་ཟླ6པའི་ཚེས9ཉིན། མཚོ་སྔོན་ནས་བསྟུད་མར་ཉིན15ཡི་དུས་ཚོད360རིང་ནུས་ཁུངས་གཙང་མའི་གློག་འདོན་སྤྲོད་བྱེད་མགོ་ཚུགས། བྱེད་ཐབས་འདིས་ན་ནིང“གློག་ལྗང་ཉིན་དགུ”རིང་འདོན་སྤྲོད་བྱས་པའི་རྨང་གཞིའི་ཐོག་ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན་པ་རེད། “གློག་ལྗང་ཉིན་བཅོ་ལྔ”དང་དུས་མཉམ་དུ་ཁྱབ་བསྒྲགས་བྱས་པའི“གློག་ལྗང་སྟོན་གྲངས”ནི་རྒྱལ་སྤྱིའི་ཐོག་ཚན་རིག་ལ་བརྟེན་ནས་ལྗང་མདོག་གློག་ཤུགས་འཕེལ་རྒྱས་ཆུ་ཚད་ལ་གདེང་འཇོག་ཐེངས་དང་པོ་བྱེད་པའི་ཐབས་ཤེས་མ་ལག་ཡིན་ལ། རྒྱལ་ཁབ་ཀྱི་གློག་དྲ་ཀུང་སིས་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བར་ཞབས་ཞུ་སྒྲུབ་པའི་གསར་གཏོད་ཀྱི་ལག་ལེན་ཞིག་ཀྱང་རེད། །

9.རང་ཞིང་གིས་སློབ་སྔོན་སློབ་གསོའི“ལོ་ལྔའི་འཆར་གཞི་བཅུ་གསུམ”གྱི་འཆར་འགོད་དམིགས་འབེན་སྔ་སྣུར་སྒོས་མངོན་འགྱུར་བྱུང་བ།

2019ལོའི་ཟླ3པའི་ཚེས15ཉིན་བར། རང་ཞིང་དུ2013ལོའི་ལོ་མཇུག་ཏུ་བྱིས་སྙོར་ཁང་སྟོང་གཅིག་ཉིས་བརྒྱ་ཞེ་ལྔ་ཡོད་པ་ནས་སྟོང་གཅིག་བརྒྱད་བརྒྱ་བཞི་ལ་འཕར་ཞིང་། སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་སློབ་ཞུགས་ཚད2013ལོའི73.89%ནས89.4%བར་འཕར་ནས། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་དམིགས་འབེན་སྔ་སྣུར་སྒོས་ལེགས་གྲུབ་བྱུང་བ་རེད།

2019ལོའི་ཟླ10པའི་ཚེས14ཉིན། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཡོངས་འབུམ་རམས་པ་ཕྱི་མའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ཀྲུང་གོའི་ལོ་རྒྱུས་ཆེད་ལས་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ས་ཁམས་རིག་པའི་ཆེད་ལས། མཚོ་སྔོན་སློབ་ཆེན་ལོ་ཏོག་རིག་པའི་ཆེད་ལས་བཅས་ཀྱི་འབུམ་རམས་པ་ཕྱི་མའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས་གསུམ་ལ་ཆོག་མཆན་བཀོད་ནས། རང་ཞིང་དུ་འབུམ་རམས་པ་ཕྱི་མའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས་མེད་པའི་སྟོང་ཆ་བསྐངས་པ་རེད།

10.མཚོ་བོད་མཐོ་སྒང་དུ5Gཚོད་ལྟའི་རྟེན་གཞི་ས་ཚིགས་ཐོག་མ་བཙུགས་པ།

2019ལོའི་ཟླ་དང་པོའི་ཚེས23ཉིན། མཚོ་སྔོན་གྱི2.6GHzགློག་རྒྱུན5Gརྟེན་གཞི་ས་ཚིགས་ཐོག་མ་ཟི་ལིང་དུ་བཙུགས་ནས་ཤར་གཏོང་བྱས་པ་དེས་ཟི་ལིང་གྲོང་ཁྱེར་ལྟེ་བའི་ས་ཁུལ་ཁ་ཤས་སུ5Gདྲ་བ་ཁྱབ་པ་མངོན་འགྱུར་བྱུང་། འདི་ནི་མཚོ་བོད་མཐོ་སྒང་དུ་བཙུགས་པའི2.6GHz5Gས་ཚིགས་ཐོག་མ་རེད།

2019ལོའི་ཟླ5པའི་ཚེས13ཉིན།མཚོ་སྔོན་སྤོ་སྒུལ་ཀུང་སིས་མཚོ་བོད་མཐོ་སྒང་གི་ས་ཁོངས་ལས་བརྒལ་བའི5Gཁ་པར་བཏང་བ་དེས“འཛམ་གླིང་གི་ཡང་རྩེ”རུ་འབོད་པའི་མཚོ་བོད་མཐོ་སྒང་དུ5Gདྲ་བ་སྐས་རིམ་གསར་པ་ཞིག་ཏུ་སྤོས་པ་མཚོན་ཡོད། ཟླ5པའི་ཚེས17ཉིན། མཚོ་སྔོན་དུ5Gགཞི་གྲངས་ཅན་གྱི་ཐོན་ལས་མནའ་འབྲེལ་ཐོག་མ་དངོས་སུ་བཙུགས་པ་རེད།

                                                                                                                           རྩོམ་སྒྲིག་པ། ཤ་བོ་རིན་མཚོ།