མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་ལྔ་པ།
2020.02.03 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 75

ལོ་སར་གྱི་གུང་གསེང་མཇུག་རྫོགས་ལ་ཉེ་བ་དང་། ས་ཆ་སོ་སོའི་མི་སྣ་སྔ་གཞུག་ཏུ་ཕྱིར་མཚོ་སྔོན་ལ་ལོག་བཞིན་པའི་སྐབས་འདིར། ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་ཕན་ནུས་ལྡན་པར་འགོག་བཅོས་ཚོད་འཛིན་བྱེད་ཆེད། འབྲེལ་ཡོད་དོན་དག་སྐོར་ནས་གཤམ་གྱི་བརྡ་ཁྱབ་འདི་བཏང་བ་ཡིན།

གཅིག ཞིང་ཆེན་གཞན་པ་ནས་ཕྱིར་མཚོ་སྔོན་ལ་ལོག་པའི་མི་ཚང་མས་རང་གི་འགྲུལ་བཞུད་ཀྱི་འབྲེལ་ཡོད་ཆ་འཕྲིན་ཏེ་འགྲིམ་འགྲུལ་ཡོ་བྱད་ཀྱི་རིགས་དང་། མེ་འཁོར་གྱི་ཨང་རྟགས། གནམ་གྲུའི་ཨང་རྟགས། རླངས་འཁོར་གྱི་ཨང་གྲངས་སོགས་བསྡུ་ཉར་ལེགས་པོ་བྱ་དགོས་པ་དང་། མཚོ་སྔོན་དུ་ཐོན་མ་ཐག་མྱུར་དུ་རང་ཉིད་ཀྱི་ལས་ཁུངས་ལ་འབྲེལ་འདྲིས་བྱས་ཏེ་ཐོ་འགོད་བྱ་དགོས་པར་མ་ཟད། འདུག་སའི་སྡོད་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་འབུལ་དགོས།

གཉིས། ཕྱིར་མཚོ་སྔོན་ལ་ལོག་རྗེས་ངེས་པར་དུ་རང་འགུལ་གྱིས་ཁྱིམ་ནས་བསྡད་དེ་གཟའ་འཁོར་གཉིས་ཀྱི་རིང་སྨན་བཅོས་ལྟ་ཞིབ་བྱ་དགོས་པ་དང་། ཉིན་རེའི་ནངས་དགོང་ལ་རང་གི་ལུས་དྲོད་ཐེངས་གཉིས་ལ་བརྟག་དགོས་པར་མ་ཟད། མཇུག་འབྲས་རང་འདུག་སའི་སྡོད་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་རང་གི་ལས་ཁུངས་བཅས་ལ་སྙན་ཞུ་འབུལ་དགོས་པ་དང་། སྡོད་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤྱི་སྡོམ་བྱས་རྗེས་མངའ་ཁུལ་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་སྙན་ཞུ་འབུལ་དགོས།

གསུམ། གལ་ཏེ་ཚ་རྒྱག་པ་དང་ཤུགས་ཟད་པ། སྐམ་ལུ་བྱེད་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། དེ་མ་ཐག་ཏུ་འདུག་སའི་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་དང་སྡེ་བའི་འཕྲོད་བསྟེན་ཁང་ལ་བཤད་དགོས་པར་མ་ཟད། མྱུར་དུ་ཐག་ཉེ་སའི་སྨན་བཅོས་ལས་ཁུངས་ཀྱི་ཚ་ནད་སྒོ་བསྟེན་ཁང་དུ་སོང་ནས་སྨན་པར་བསྟེན་ཏེ། སྔ་མོ་ནས་ཤེས་པར་བྱེད་པ་དང་། སྔ་མོ་ནས་སྙན་ཞུ་འབུལ་བ། སྔ་མོ་ནས་ལོགས་སུ་འགར་བ། སྔ་མོ་ནས་ནད་ངོས་འཛིན་པ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་བྱ་དགོས།

བཞི། རྫོང་དང་ཆུའུ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣའི་བདེ་ཐང་དོ་དམ་ལ་འགན་འཁུར་དགོས་ལ། སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་། སྡེ་བའི་འཕྲོད་བསྟེན་ཁང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། རྫོང་དང་ཆུའུ་ཡི་ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་ཀྱིས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣར་དྲ་མིག་ཅན་གྱི་བདེ་ཐང་དོ་དམ་བྱ་དགོས།

ལྔ། ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣས་ཁྱིམ་དུ་ལོགས་སུ་བསྡད་དེ་སྨན་བཅོས་ལྟ་ཞིབ་བྱེད་པའི་སྐབས་སུ་ཤ་ཉེ་དང་གྲོགས་པོར་སྐོར་རྒྱག་མི་ཉན་པ་དང་། འདུ་འཛོམས་བྱ་མི་ཉན་ལ། མི་མང་པོ་འདུ་སར་ཡང་འགྲོ་མི་རུང་། གལ་ཏེ་ངེས་པར་དུ་ཕྱི་རུ་འགྲོ་དགོས་བྱུང་ཚེ། རྐང་ཐང་དང་ཡང་ན་ལྕགས་རྟར་ཞོན་ནས་འགྲོ་དགོས་པ་ལས། སྤྱི་སྤྱོད་འགྲིམ་འགྲུལ་འཕྲུལ་ཆས་ལ་འདུག་མི་རུང་བ་དང་། རང་གི་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་དགོས།

དྲུག ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣས་ཁྱིམ་དུ་ལོགས་སུ་བསྡད་དེ་སྨན་བཅོས་ལྟ་ཞིབ་བྱེད་པའི་སྐབས་སུ་རང་གི་འཕྲོད་བསྟེན་ལེགས་པོ་བྱེད་པ་དང་། ལུགས་མཐུན་གྱིས་ཟས་སྤྱོད་པ། བདེ་ཐང་གིས་ངལ་གསོ་བ། སེམས་ཁམས་ལེགས་བཅོས་བྱེད་པ་བཅས་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བར་གཞོགས་འདེགས་ལེགས་པོ་བྱ་དགོས།