རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བ་ལེགས་པོར་བསྒྲུབས།
2020.02.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

 “ནད་ཡམས་ནི་བཀའ་རྒྱ་ཡིན་ལ་འགོག་སྲུང་ཚོད་འཛིན་ནི་འགན་འཁྲི་ཡིན།”ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐད་ལ་བཏོན་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་ལག་ལེན་དང་། ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཚོད་འཛིན་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱས་ཏེ། རིམས་ནད་འགོག་སྲུང་ཚོད་འཛིན་དེ་མིག་སྔའི་ཡོད་ཚད་ལས་རྣམ་པར་རྒྱལ་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཏུ་བརྩིས་ནས། རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཤིང་། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་སྐུལ་སློང་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ། སྟོབས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་། རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ཐག་གཅོད་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་ལེགས་པོར་སྤེལ།

རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་བཀོད་སྒྲིག་གཟབ་ནན་བྱས། ཁུལ་ཡོངས་ཀྱི་འཐབ་ཕྱོགས་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱིས་དོན་ངོ་མའི་ཐོག་ནས་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བའི་དགོས་གཏུག་རང་བཞིན་དང་ཛ་དྲག་རང་བཞིན་གྱི་ངོས་ཟིན་ཇེ་མཐོར་བཏང་ཏེ། རིམ་པ་རེ་རེ་བཞིན་དུ་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བའི་ཆེད་དོན་གྲོས་ཚོགས་འཚོགས་པ་དང་། རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བར་བཀོད་སྒྲིག་ཞིབ་རྒྱས་བྱས། ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དུས་ཐོག་ཏུ《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཉེན་ཁའི་མི་མངོན་པའི་གནོད་རྐྱེན་རྩད་ཞིབ་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ》གཏན་ཁེལ་འགྲེམ་སྤེལ་བྱས་པ་དང་། ཁུལ་ནང་བསྟན་ཆོས་ལུགས་མཐུན་ཚོགས་དང་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་ཆོས་ལུགས་བྱ་འགུལ་སྤེལ་སར《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ》འགྲེམ་སྤེལ་བྱས་ཏེ། ཁུལ་ཡོངས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་ཚང་མས་གནས་སྐབས་སུ་ཕྱི་ཕྱོགས་སུ་སྒོ་མི་འབྱེད་པ་དང་། ཆོས་ལུགས་བྱ་འགུལ་ཡོད་ཚད་གནས་སྐབས་སུ་སྤེལ་མཚམས་འཇོག་པ། འགོག་སྲུང་ཚོད་འཛིན་བྱེད་སྐབས་བླ་སྤྲུལ་དང་གྲྭ་བཙུན་ཚང་མས་དགོན་པར་བསྡད་ནས་ཕྱི་རོལ་མི་འགྲོ་བ། ཕྱི་ནས་ཕྱིར་དགོན་པར་ལོག་པའི་གྲྭ་བཙུན་ལ་ཡོངས་ཁྱབ་ཏུ་ཞིབ་བཤེར་ཐོ་འགོད་བྱེད་པ། རིམས་འགོག་ཤེས་བྱ་དང་བྱེ་བྲག་གི་བྱེད་ཐབས་དྲིལ་སྒྲོག་བྱེད་པ། སྐྱ་སེར་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་ལེགས་པོར་སྒྲུབ་པ། འཕྲོད་བསྟེན་རིམས་འགོག་སྡེ་ཁག་གི་འགོག་སྲུང་ཚོད་འཛིན་བྱ་བར་རང་འགུལ་ངང་གཞོགས་འདེགས་བྱེད་པ། དཀྲོག་གཏམ་བཤད་པ་དང་དེ་ལ་ཡིད་ཆེས་བྱེད་པ། གཞན་ལ་སྒྲོག་པ་བཅས་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་སོགས་ཕྱོགས་བརྒྱད་ཀྱི་ཐད་ལ་བཀོད་སྒྲིག་ཞིབ་རྒྱས་བྱས།

བྱེད་ཐབས་ནུས་ལྡན་སྤྱད་དེ་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ།  འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་རང་འགུལ་ངང་འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་དམ་པོ་བྱས་ཏེ། རང་མི་དང་རང་གི་འདུག་གནས་དོ་དམ་ལེགས་པོ་བྱེད་པ་དང་། ཁ་གཏད་གཅོག་པའི་འབྲེལ་ཡོད་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ནས།  རིམས་ནད་མ་བྱུང་གོང་འགོག་སྲུང་ཚོད་འཛིན་བྱས།

གཅིག་ནི་རྫོང་སོ་སོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་མགྱོགས་མྱུར་ངང་མཉམ་སྲུང་མཉམ་འགོག་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་སྣེ་ཁྲིད་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར། ཞང་གྲོང་ཏང་ཨུ་དང་སྲིད་གཞུང་གིས་གཞོགས་འདེགས། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ཧུར་ཐག་གིས་ཞུགས་པ། དགོན་པའི་བཅའ་སྡོད་ལས་བྱེད་པ་ཚང་མ་དགོན་པར་སྡོད་པའི་དགོན་པའི་དོ་དམ་འགོག་སྲུང་ཚོད་འཛིན་དང་རྩད་ཞིབ་དཔེ་དབྱིབས་བཙུགས་ཤིང་། དུས་ཐོག་ཏུ་རྐང་འཛིན་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཆོས་ལུགས་བྱ་འགུལ་སྤེལ་ས་སོ་སོར་སོང་ནས་རྩད་ཞིབ་དང་འགོག་སྲུང་ཚོད་འཛིན་བྱས། མིག་སྔའི་བར་དུ་རྫོང་སོ་སོས་ཆོས་ལུགས་བྱ་འགུལ་སྤེལ་ས་ཆིག་བརྒྱ་བཅུ་གཉིས་ལ་སོང་ནས། དགོན་པའི་ལས་བྱེད་མི་སྣ་དང་གྲྭ་བཙུན་སྟོང་གཉིས་དྲུག་བརྒྱ་ང་དྲུག་ལ་རྩད་ཞིབ་བྱས་པ་དང་། ས་གཞན་དུ་སོང་བའི་མི་སྣ་བཅུ་བདུན་གཏན་ལ་ཕབ། དེའི་ནང་ཧི་ནན་རྫོང་གི་ས་གཞན་དུ་སོང་བའི་གྲྭ་བཙུན་བཅུ་བཞི་ཡོད་པ་དང་ཐུན་རིན་རྫོང་གི་ས་གཞན་དུ་སོང་བའི་གྲྭ་བཙུན་གསུམ་ཡོད་ལ། དེ་ཚང་མ་ནི་ལོ་གསར་གྱི་སྔོན་ལ་ལྷ་སར་མཇལ་སྐོར་དུ་སོང་བ་ཡིན་ཞིང་། གོང་གི་མི་སྣ་དེ་དག་ལ་ལྟ་ཞིབ་དང་ཚ་གྲངས་ལ་བརྟག་པ། བདེ་ཐང་གནས་ཚུལ་སོགས་ཀྱི་ཉེན་ཁ་རྩད་ཞིབ་བྱས་རྗེས། ཚང་མའི་ལུས་ཕུང་བདེ་ཐང་ཡིན་པས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་རྟགས་ཅི་ཡང་མེད་པ་རེད། གཉིས་ནི་ལོ་གསར་སྐབས་སུ་ཆོས་ལུགས་བྱ་འགུལ་སྤེལ་ས་དང་ཆོས་ལུགས་བྱ་འགུལ་ཁྲོད་མི་མང་པོ་འདུ་འཛོམས་མི་བྱེད་པ་དང་། རིམས་ནད་མཆེད་པ་སྔོན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་མཐའ་གཅིག་ཏུ་ཁག་ཐེག་བྱེད་ཆེད། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་དུས་ཐོག་ཏུ་ཉེ་དུས་སྤེལ་རྩིས་ཡོད་པའི་ཆོས་ལུགས་བྱ་འགུལ་སྣ་ཚོགས་ལ་བྱེ་བྲག་ཏུ་བཀོད་སྒྲིག་བྱས་པར་མ་ཟད། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་བདག་བླ་སྤྲུལ་ལ་གསུངས་མོལ་བྱས་པ་བརྒྱུད་དེ། ཁུལ་ཡོངས་ཀྱི་ཆོས་ལུགས་ཆོ་ག་སྤེལ་ས་དང་ཆོས་ལུགས་གནས་སྐོར་ལྗོངས་ཁུལ་གྱིས་གནས་སྐབས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད་མཚམས་འཇོག་པ་དང་། མང་ཚོགས་རང་བཞིན་གྱི་གཅིག་བསྡུས་རྣམ་པའི་ཆོས་ལུགས་བྱ་འགུལ་ཡོད་ཚད་མཚམས་འཇོག་དགོས་པའི་བླང་བྱ་གསལ་བོ་བཏོན་ལ། དགོན་པ་སོ་སོའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་འབོད་སྐུལ་དང་ལེན་བྱས་ཏེ། དགོན་པ་སོ་སོས་རང་འགུལ་སྒོས་གནས་སྐབས་སུ་ཕྱི་ཕྱོགས་སུ་སྒོ་མི་འབྱེད་པ་དང་ཆོས་ལུགས་བྱ་འགུལ་སྤེལ་མཚམས་འཇོག་པའི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས་པའི་དུས་མཚུངས་སུ། ཧུར་ཐག་གིས་ཆོས་དད་མང་ཚོགས་ལ་ཡང་དག་པའི་སྒོ་ནས་ཁྲིད་སྟོན་བྱས་པ་དང་། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་རམ་འདེགས་བྱས་ཏེ་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བ་དང་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་སྒྲུབ་པ་དང་། དགོན་པ་སོ་སོའི་བླ་སྤྲུལ་གྱིས་དགོན་བདག་དགོན་པར་སྡོད་པའི་ལམ་ལུགས་དང་གྲྭ་བཙུན་ས་གཞན་དུ་འགྲོ་བར་གནང་ཞུ་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཕྱི་ནས་ཡོང་བའི་མི་སྣ་ཐོ་འགོད་དང་ཆོས་ལུགས་ལས་བྱེད་མི་སྣ་དང་ལས་བཟོ་བ་ཕྱི་ཕྱོགས་སུ་འགྲོ་བར་དངོས་འབེབས་ནན་མོ་བྱས་ཏེ། དམིགས་བསལ་གྱི་གནས་ཚུལ་མེད་ཚེ་མི་གཅིག་ཀྱང་ཕྱིར་མི་འགྲོ་བའི་བླང་བྱ་གསལ་བོ་བཏོན།

ཆོས་ལུགས་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ལ་དྲང་ཕྱོགས་ཀྱི་སློབ་གསོ་གཏོང་དགོས། ཁུལ་ནང་བསྟན་ཆོས་ལུགས་མཐུན་ཚོགས་དང་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་དུས་ཐོག་ཏུ་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ཏེ། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་མཉམ་འབྲེལ་སྒོས་གྲོས་འགོ་བཏོན་ཏེ། ཆོས་ལུགས་བྱ་འགུལ་སྤེལ་ས་སོ་སོས་གནས་སྐབས་སུ་ཕྱི་ལ་སྒོ་མི་འབྱེད་པ་དང་། ཆོས་དད་མང་ཚོགས་ཀྱི་སྲོལ་རྒྱུན་རང་བཞིན་དང་སྲོལ་རྒྱུན་རང་བཞིན་མིན་པའི་ཆོས་ལུགས་བྱ་འགུལ་དང་དམངས་ཁྲོད་ཀྱི་ཆོས་དད་བྱ་འགུལ་ཡོད་ཚད་གནས་སྐབས་སུ་མཚམས་འཇོག་པར་ཁྲིད་སྟོན་བྱས་ཤིང་། བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་དད་མང་ཚོགས་དང་དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་དད་མང་ཚོགས་ཀྱིས་རང་ཁྱིམ་ནས་ཆོས་ལུགས་ཆོ་ག་སྤེལ་བར་ཁྲིད་སྟོན་བྱས། ཆོས་དད་མང་ཚོགས་ཀྱིས་ཏང་ཨུ་དང་སྲིད་གཞུང་དང་ཚད་མཐོན་པོས་གཅིག་གྱུར་བྱས་ཏེ་ཧུར་ཐག་གིས་ཁུལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཚོད་འཛིན་བྱ་བའི་ཁྲོད་ཞུགས་པར་ཡང་དག་པས་ཁྲིད་སྟོན་བྱས།

ཁུལ་ཡོངས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་སོ་སོས་འབོད་སྐུལ་དང་དུ་བླངས་ཏེ། ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ནས་བཟུང་ཁུལ་ཡོངས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་ཆིག་བརྒྱ་བཅུ་གཉིས་དང་དམངས་ཁྲོད་ཀྱི་ཆོས་དད་བྱ་འགུལ་སྤེལ་ས་ལྔ་བཅུ་ང་བརྒྱད་ཀྱིས་གནས་སྐབས་སུ་སྒོ་འབྱེད་མཚམས་བཞག་པ་དང་། ཆོས་ལུགས་བྱ་འགུལ་དང་དམངས་ཁྲོད་ཀྱི་ཆོས་དད་བྱ་འགུལ་སྣ་ཚོགས་མཚམས་བཞག   ཐོག་མའི་སྡོམ་རྩིས་ལྟར་ན། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ནས་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་བར་དུ་རྨ་ལྷོ་ཁུལ་གྱིས་ཆོས་ལུགས་བྱ་འགུལ་སྣ་ཚོགས་ཐེངས་བཞི་བརྒྱ་གོ་བརྒྱད་གནས་སྐབས་སུ་སྤེལ་མཚམས་འཇོག་པ་དང་ཆབས་ཅིག  རྨ་ལྷོ་ཁུལ་ཐུན་རིན་རྫོང་རོང་བོ་དགོན་པས་དུས་ཐོག་ཏུ་སྐད་འཕྲིན་བརྒྱུད་ནས་གནས་སྐབས་སུ་ཕྱི་ཕྱོགས་སུ་སྒོ་མི་འབྱེད་པ་དང་ཆོས་ལུགས་བྱ་འགུལ་ཡོད་ཚད་སྤེལ་མཚམས་འཇོག་པའི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས་པར་མ་ཟད། དགོན་པའི་གྲྭ་བཙུན་ཐར་ཐོར་དུ་ཆོས་འདོན་པར་རྩ་འཛུགས་བྱས་པ་དང་། བུའུ་ཧན་གྱི་རིམས་ནད་ཐད་ལ་དམིགས་བསལ་གྱི་གསོལ་འདེབས་བྱ་འགུལ་སྤེལ་བ་དང་ཆབས་ཅིག་རོང་བོ་དགོན་པའི་བོད་སྨན་ཁང་གིས་རིམས་ནད་སྔོན་འགོག་གི་བོད་སྨན་ཞིབ་འཇུག་གསར་བཟོ་བྱས་ནས་རིན་མི་ལེན་པར་མང་ཚོགས་ལ་བྱིན།

དྲིལ་སྒྲོག་སློབ་གསོ་གཏིང་ཟབ་བྱས་ཏེ་ཧུར་ཐག་གིས་གླེང་ཕྱོགས་ལ་ཁྲིད་སྟོན་བྱས། རྫོང་སོ་སོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་བྱ་བའི་སྐོར་གྱི་མཛུབ་སྟོན་མཆན་འགོད་ཀྱི་དགོངས་དོན་དང་རྨ་ལྷོ་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང་དང་པོ། རིམས་ནད་སྔོན་འགོག་གི་འཚོ་བའི་རྒྱུན་ཤེས། རང་ཉིད་ཀྱི་གཙང་སྦྲའི་གཟབ་བྱ་སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྣམ་པས་སྐད་འཕྲིན་དང་སྤྱི་སྟེགས་བརྒྱུད་ནས་དྲིལ་སྒྲོག་ཁྱབ་སྤེལ་བྱས་པར་མ་ཟད། ཆོས་ལུགས་བྱ་འགུལ་སྤེལ་ས་སོ་སོའི་གྱང་ངོས་སུ་་སྦྱར་བ་དང་། རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ། བྱ་བའི་ཚན་ཆུང་སོ་སོ་དང་དགོན་པར་སྡོད་པའི་ལས་བྱེད་པས་ཆོས་ལུགས་ལས་རིགས་དང་ཆོས་དད་མང་ཚོགས་ཀྱི་དྲང་ཕྱོགས་ཀྱི་དྲིལ་སྒྲོག་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ཏེ། རང་འགུལ་སྒོས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་ཆོས་ལུགས་ལས་བྱེད་མི་སྣའི་དྲིལ་སྒྲོག་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་སློག་པ་དང་། གླེང་ཕྱོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་བྱེད་པར་ཤུགས་བསྣན་པ་དང་། མི་བདེན་པའི་གཏམ་བརྗོད་སྣ་ཚོགས་དུས་ཐོག་ཏུ་གཙང་སེལ་བྱས་ནས། རྨ་ལྷོ་ཁུལ་གྱི་མི་རིགས་ཆོས་ལུགས་ཁྱབ་ཁོངས་སུ་དཀྲོག་གཏམ་མི་བཤད་པ་དང་ཡིད་ཆེས་མི་བྱེད་པ། གཞན་ལ་མི་སྒྲོག་པ་བཅས་ཀྱི་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཁག་ཐེག་བྱས། ཁུལ་དང་རྫོང་གི་ནང་བསྟན་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་ཚོགས་པས་གྲོས་འདོན་ཡི་གེ་སྤེལ་ཏེ། ཆོས་དད་མང་ཚོགས་ཀྱིས་རང་གིས་རྩ་འཛུགས་བྱས་པའི་ཚོགས་སྤྱི་རང་བཞིན་གྱི་ཆོས་ལུགས་བྱ་འགུལ་དང་དམངས་ཁྲོད་ཀྱི་ཆོས་དད་བྱ་འགུལ་མི་སྤེལ་བ་དང་།  གཉེན་ཉེར་ཐུག་འཕྲད་དུ་འགྲོ་བ་དང་མཉམ་དུ་འདུ་འཛོམས་བྱེད་པ་ཇེ་ཉུང་དུ་བཏང་ཏེ། ཕན་འབྲས་མངོན་གསལ་བླངས།

འཕྲིན་གསར་གྱི་ཐབས་ལམ་རྒྱ་བསྐྱེད་དེ་དུས་ཐོག་ཏུ་གནས་ཚུལ་ལ་རྒྱུས་ལོན་བྱས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་འཕྲིན་གསར་ཁྱབ་བསྒྲགས་བྱ་བར་ཤུགས་སྣོན་བྱས་ཏེ། ཆོས་ལུགས་བྱ་འགུལ་སྤེལ་ས་སོ་སོའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རིམས་ནད་འགོག་སྲུང་ཚོད་འཛིན་འབྲེལ་གཏུག་པར་གཏན་འཁེལ་བྱས་ཏེ། རང་འགུལ་ངང་རིམས་ནད་ཀྱི་གླེང་ཕྱོགས་གནས་ཚུལ་འཚོལ་སྡུད་དང་ཞིབ་འཇུག་བརྡར་གཅོད་བྱ་བ་སྤེལ་བ་དང་། རིམས་ནད་ཉིན་རེར་ཡར་ཞུ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་ཀྱི་ཆ་འཕྲིན་འགོར་འགྱངས་བྱས་ནས་ཡར་ཞུ་མི་བྱེད་པ་དང་སྦ་གསང་བྱེད་པ་སོགས་གཏན་འགོག་བྱས་ནས། དུས་ལྟར་ཆོས་ལུགས་བྱ་འགུལ་སྤེལ་ས་སོ་སོའི་རིམས་ནད་འགོག་སྲུང་ཚོད་འཛིན་གནས་ཚུལ་ལ་རྒྱུས་ལོན་བྱས། ཁུལ་དང་རྫོང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་དང་དགོན་པ་སོ་སོའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། དགོན་པར་སྡོད་པའི་ལས་བྱེད་པས་དུས་ཚོད་ཉེར་བཞིར་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་། འགན་འཁྲི་མཉམ་འཁུར་དང་དང་མཉམ་འཛིན་དོ་དམ་གྱི་བྱ་བའི་རྣམ་པ་གྲུབ།

ལྟ་ཞིབ་མཛུབ་སྟོན་ལ་ཤུགས་བསྣན་ཏེ་བྱ་བའི་འགན་འཁྲི་ཇེ་དྲག་ཏུ་བཏང་། ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྐར་མ་ཕུན་ཚོགས་དང་། ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལྷ་ལུང་དོན་གྲུབ་ཀྱིས་སོ་སོར་རུ་ཁག་ཁྲིད་དེ་རྫོང་བཞིའི་ཆོས་ལུགས་བྱ་འགུལ་སྤེལ་སར་སོང་ནས་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། བྱ་བའི་ཁྲོད་གནས་པའི་གནད་དོན་ལ་ཤུགས་སྣོན་དང་མཛུབ་སྟོན་བྱས་པར་མ་ཟད། རྫོང་སོ་སོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཚོད་འཛིན་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན་གྱི་ལོ་སྐྱིད་པོ་ཞིག་སར་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན། གཞི་རིམ་ནས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། སྐར་མ་ཕུན་ཚོགས་ཀྱིས་ཁུལ་ཏང་ཨུའི་ཚབ་བྱས་ཏེ་ལས་རྐང་བརྟན་སྲུང་བྱེད་ཀྱིན་པའི་སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག  སྨན་བཅོས་མི་སྣ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། ལས་བྱེད་མི་སྣ་ཡོངས་ཀྱིས་ངེས་པར་དུ་རིམས་ནད་འགོག་སྲུང་བྱ་བ་དམ་འཛིན་བྱེད་དགོས་པ་ནན་གྱིས་བསྟན་པ་དང་། ལས་ཡུལ་དང་པོའི་ལས་བྱེད་མི་སྣས་ལས་རྐང་བརྟན་སྲུང་བྱས་ནས་རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པ་དང་ཆབས་ཅིག་ངེས་པར་དུ་རང་ཉིད་ཀྱི་འགོག་སྲུང་ཀྱང་ལེགས་པོར་སྒྲུབ་དགོས་པ་ནན་བཤད་བྱས།།

ལོ་ཙཱ།སྒྲོལ་མ་སྐྱིད།