མཚོ་སྔོན་གྱི་ཧུའུ་པེ་རུ་སྨན་བཅོས་རོགས་སྐྱོར་ལ་སོང་བའི་མི་སྣ་དང་ཁོ་ཚོའི་བུ་བུ་མོས་སློབ་གསོའི་དམིགས་བསལ་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་རྒྱུ་རེད།
2020.02.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་ཧུའུ་པེ་ས་ཆ་རུ་སྨན་བཅོས་རོགས་སྐྱོར་བྱེད་དུ་སོང་བའི་ལས་བྱེད་མི་སྣར་སེམས་ཁུར་བྱེད་པའི་རེ་བ་དངོས་འབེབ་དང་། སྨན་བཅོས་མྱུར་སྐྱོབ་བྱ་བ་སྒྲུབ་མཁན་གྱིས་སེམས་ལྷོད་ལ་བབས་ནས་བྱ་བ་སྒྲུབ་པ་དང་། ནུས་ཤུགས་ཡོད་དགུ་བཏོན་ནས་རྒུད་སྐྱོབ་བྱ་བ་སྤེལ་བ། སྨན་བཅོས་མི་སྣ་དང་ཁོ་ཚོའི་བུ་དང་བུ་མོའི་སློབ་གསོ་ཕྱོགས་ཀྱི་སེམས་ཁུར་ཐག་གཅོད་བཅས་བྱེད་ཆེད།ཞིང་ཆེན་སློབ་གསོ་ཐིན་གྱིས་ཟླ་གཉིས་པའི་ཚེས་བཅུ་ཉིན“རང་ཞིང་གི་ཧུའུ་པེ་ཡི་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་རུ་སྨན་བཅོས་རོགས་སྐྱོར་ལ་སོང་བའི་ལས་བྱེད་མི་སྣ་དང་ཁོ་ཚོའི་བུ་བུ་མོར་སློབ་གསོའི་དམིགས་བསལ་སྲིད་ཇུས་སྟེར་བའི་འབྲེལ་ཡོད་བརྡ་སྦྱོར”བཏང་བ་དང་། སློབ་གསོའི་དམིགས་བསལ་སྲིད་ཇུས་དེར་བསྡོམས་པས་དོན་ཚན་བརྒྱད་ཡོད་དེ།  

གཟིགས་སྐྱོང་སྲིད་ཇུས་དང་པོ།བུ་བུ་མོ་བྱིས་སྐྱོང་ཁང་དུ་སྐྱེལ་བཞིན་ཡོད་ན། ཁྱིམ་བདག་གི་རེ་འདོད་ལྟར།ས་གནས་སློབ་གསོ་སྡེ་ཁག་གིས་གང་ཉེ་གང་བདེའི་རྩ་དོན་ལྟར་གཞུང་སྒྲུབ་བྱིས་སྐྱོང་ཁང་ངམ་དམངས་ཕན་རང་བཞིན་གྱི་དམངས་སྒྲུབ་བྱིས་སྐྱོང་ཁང་དུ་ཐོག་མར་བཀོད་སྒྲིག་བྱ་དགོས།

གཟིགས་སྐྱོང་སྲིད་ཇུས་གཉིས་པ།  བུ་བུ་མོས་འོས་འགན་སློབ་གསོ་མྱོང་བཞིན་ཡོད་ན།ཁྱིམ་བདག་དང་སློབ་མའི་རེ་བ་ལྟར་དུ།ཕ་མ་དང་ཨ་མྱེས་ཨ་ཡེའི་ཁྱིམ་ཐོ་ཡོད་སའི་རྫོང་(ས་ཁུལ། གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང)དུ། ས་གནས་སློབ་གསོ་སྡེ་ཁག་གིས་གཅིག་གྱུར་བཀོད་འདོམས་དང་། ཁོངས་གཏོགས་དོ་དམ་དང་གང་ཉེ་སྟབས་བདེའི་རྩ་དོན་ལྟར། གཞུང་སྒྲུབ་འོས་འགན་སློབ་གསོའི་སློབ་གྲྭར་ཐོག་མར་བཀོད་སྒྲིག་བྱ་དགོས།
         གཟིགས་སྐྱོང་སྲིད་ཇུས་གསུམ་པ། བུ་བུ་མོ་ས་གནས་ཀྱི་མཐོ་འབྲིང་དུ་ཡོད་ན།སློབ་མའི་མཐོ་འབྲིང་ལ་རྒྱུགས་སྤྲད་པའི་རྒྱུགས་འབྲས་གཞིར་བཟུང་སྟེ། ཁྱིམ་བདག་དང་སློབ་མའི་རེ་འདོད་ལྟར། ས་གནས་སློབ་གསོ་སྡེ་ཁག་གིས་སྐོར་ཐེངས་དེའི་བསྡུ་ལེན་ཁྲོད་དམིགས་བསལ་སྟེར་དགོས།
          གཟིགས་སྐྱོང་སྲིད་ཇུས་བཞི་བ།  བུ་བུ་མོ་ཞིང་ཆེན་ནང་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭར་ཡོད་ན། ས་གནས་སློབ་གསོ་སྡེ་ཁག་གིས་འབྲེལ་ཡོད་འབྲིང་རིམ་ལས་རིགས་སློབ་གྲྭར་མཐུན་སྦྱོར་བྱས་ཏེ་ཁྱིམ་བདག་དང་སློབ་མའི་རེ་འདོད་ལྟར་ཐད་ཀར་བསྡུ་ལེན་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་ཆ་རྐྱེན་དང་མཐུན་པ་མ་ཟད་ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གྲྭར་རྒྱུགས་འཕྲོད་པ་ཡིན་ན།ཆ་རྐྱེན་གཅིག་མཚུངས་ཀྱི་གནས་ཚུལ་འོག་སློབ་མའི་རེ་འདུན་ལྟར་རྒྱུགས་མི་ལེན་པར་བསྡུ་ལེན་བྱེད་དགོས་པ་དང་སྔོན་ལ་ཆེད་ལས་བདམ་དུ་འཇུག་ཆོག
            གཟིགས་སྐྱོང་སྲིད་ཇུས་ལྔ་བ། བུ་བུ་མོ་ཞིང་ཆེན་གཞན་གྱི་སློབ་གྲྭར་ཡོད་ན། སློབ་མའི་སྐྱེས་ཡུལ་གྱི་ས་གནས་སློབ་གསོ་སྡེ་ཁག་གིས་ཐོག་མར་བཀོད་སྒྲིག་བྱེད་དགོས།
            གཟིགས་སྐྱོང་སྲིད་ཇུས་དྲུག་པ། བུ་བུ་མོས་སློབ་གྲྭ་ན་སློབ་གཉེར་བྱེད་པའི་རིང་། སློབ་གྲྭ་དེས་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱས་ཏེ་སློབ་མར་ཐུགས་ཁུར་དང་། སེམས་ཁམས་ཁྲིད་སྟོན།སློབ་ཚན་ཟུར་ཁྲིད་སོགས་ཀྱི་རོགས་སྐྱོར་བྱེད་དགོས་པ་མ་ཟད།སློབ་མའི་དགོས་མཁོ་ལྟར། རིན་མི་ལེན་པར་སློབ་ཁྲིད་རྗེས་སུ་ལྟ་སྐྱོང་བྱེད་པ་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།
             གཟིགས་སྐྱོང་སྲིད་ཇུས་བདུན་པ། བུ་བུ་མོ་མཐོ་རྒྱུགས་སུ་ཞུགས་ན།ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་དང་རྒྱུགས་ཁུལ་བསྡུ་ལེན་གཞུང་སྒྲུབ་ཁང་གིས་སྡོམ་རྩིས་ཐོ་འགོད་དང་། ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་མཐོ་འབྲིང་སློབ་གྲྭ་དེའི་རྒྱུགས་ལེན་གྲ་སྒྲིག་དང་།རྒྱུགས་ལེན།རེ་འདུན་ཡི་གེ་སྐོང་བའི་བྱ་བར་མཐུན་སྦྱོར་དང་།  སློབ་མ་བསྡུ་ལེན་སོགས་གོ་རིམ་ཧྲིལ་བོའི་ཞབས་ཞུ་མཁོ་འདོན་བྱེད་དགོས།དེ་མིན་ཞིང་ཆེན་ནང་ཁུལ་གྱི་དངོས་གཞི་སློབ་ཆེན་དུ་རྒྱུགས་འཕྲོད་པ་ཡིན་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་འབྲེལ་ཡོད་སྲིད་ཇུས་དང་མི་འགལ་བའི་གནས་ཚུལ་འོགསློབ་མའི་རེ་འདོད་ལྟར།ཆེད་ལས་བརྗེ་ཆོག
              གཟིགས་སྐྱོང་སྲིད་ཇུས་བརྒྱད་པ།ཉིས་སྟོང་ཉི་ཤུ་ལོར་ཞིབ་འཇུག་སློབ་མར་རྒྱུགས་བླངས་པའི་སྨན་བཅོས་མི་སྣས་ཞིང་ཆེན་རྒྱུགས་ལེན་ཁང་དང་འབྲེལ་ཡོད་བསྡུ་ལེན་ལས་ཁུངས་ལ་འབྲེལ་འདྲིས་མཐུན་སྦྱོར་གནང་སྟེ། བསྐྱར་རྒྱུགསདང་སློབ་གྲྭ་གཞན་བདམ་པ་སོགས་ཕྱོགས་ལ་ཤུགས་རྐྱེན་མེད་པ་ཁག་ཐེག་བྱེད་དགོས་པ་དང་། མཚོ་སྔོན་གྱི་མཐོ་རིམ་སློབ་ཆེན་ལ་རྒྱུགས་བླངས་པ་མ་ཟད་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་པའི་བསྐྱར་རྒྱུགས་ལ་ཞུགས་མཁན་ཡིན་ན།སློབ་མ་བསྡུ་ལེན་བྱེད་ཆོག་པའི་འཆར་གཞིའི་ཁྱབ་ཁོངས་སུ་ཐོག་མར་བསྡུ་ལེན་བྱས་ཆོག
གོང་གི་སྲིད་ཇུས་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར(ཞིབ་འཇུག་སློབ་མར་རྒྱུགས་ལེན་མཁན་དག2021ལོའི་ཟླ6པའི་ཚེས30བར་བསྲིང་ཆོག)ལག་བསྟར་བྱེད་ཆོག་པ་ཡིན། ཧུའུ་པེ་ལ་སྨན་བཅོས་རོགས་སྐྱོར་དུ་སོང་བའི་ལས་བྱེད་མི་སྣའི་མིང་ཐོ་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་མཁོ་འདོན་བྱེད་པ་དང་། ཞིང་ཆེན་སློབ་གསོ་ཐིན་གྱིས་ས་གནས་སོ་སོའི་སློབ་གསོ་ཅུའུ་ལ་བགོས་ནས་དངོས་འབེབ་བྱེད་དུ་འཇུག་རྒྱུ་ཡིན། མི་སྒེར་གང་རུང་གིས་སྤྲད་པའི་བདེན་དཔང་ཡིག་ཆ་སོགས་བརྡ་སྦྱོར་འདི་ལག་བསྟར་བྱེད་པའི་བདེན་ཡིག་ཏུ་མི་བྱེད། གལ་ཏེ་ལག་བསྟར་གོ་རིམ་ཁྲོད་བསམ་འཆར་ཡོད་ན།ཞིང་ཆེན་སློབ་གསོ་ཐིན་གྱིས་འགན་ཁུར་ཏེ་གསལ་བཤད་བྱེད་ངེས་ཡིན།

                                                                                                                    ལོ་ཙཱ།ཚེ་རིང་སྒྲོལ་མ།