གཙང་གསུམ་འབྱུང་ཡུལ་དུ་མི་སེམས་འགུལ་བའི་གཟུགས་བརྙན་འདི་དག་མཐོང་རྒྱུ་ཡོད།
2020.02.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

དུ་སྨུག་མེད་པའི་དམག་འཐབ་འདིའི་ཁྲོད། མི་ལ་ལས་རང་འགུལ་ངང་རེ་ཞུ་བྱས་ཏེ་རིམས་ནད་ཚབས་ཆེ་བའི་གནས་སུ་བསྐྱོད་པ་དང་། མི་མང་པོ་རང་འགུལ་ངང་ཁྱིམ་དུ་བསྡད་ནས་ཕྱིར་མི་འབུད་པར་ཞིབ་བཤེར་དང་ལེན་བྱེད་པ། མི་ལ་ལས་ལས་ཡུལ་དང་པོ་རུ་ལས་གནས་བརྟན་སྲུང་བྱེད་པ། མི་ལ་ལས“ཁྱོད་ཀྱི་ངོ་གདོང་མི་མཐོང་མོད། འོན་ཀྱང་ཁྱོད་ཀྱི་དྲོད་སྐྱིད་ཚོར་ཐུབ”པའི་གཅེས་སེམས་འབུལ་བཞིན་ཡོད་ལ། ཞལ་འདེབས་ཕུལ་བ་སོགས་ཚང་མ་རིམས་ནད་རྒྱ་ཆེར་འགྲོ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱ་ཆེད་གཙང་གསུམ་འབྱུང་ཡུལ་གྱི་དག་ཞིང་གི་གནས་དེ་ཧུར་ཐག་གིས་སྲུང་སྐྱོབ་བྱེད་བཞིན་ཡོད།

ཡུལ་ཤུལ་དཔལ་ཐང་གནམ་གྲུ་ཐང་བདེ་ལེགས་ངང་འཁོར་སྐྱོད་བྱེད་མགོ་བརྩམས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ཁྲོད། མི་སེམས་འགུལ་བའི་གཟུགས་བརྙན་དེ་དག་རྒྱུན་ཆད་མེད་པར་ང་ཚོའི་མིག་ལམ་དུ་གསལ་ལེར་མངོན་བཞིན་ཡོད། ཁོ་ཚོ་ནི་བློ་རྩ་བརྟན་པའི་འཐབ་འཛིང་པ་ཞིག་ཡིན་པས་སྐྲག་སྣང་སྤུ་ཙམ་ཡང་མེད་པར་མདུན་ཕྱོགས་སུ་བསྐྱོད་ཀྱིན་ཡོད་ལ། ཁོ་ཚོ་ནི་ཆེས་བཀྲག་མདངས་འཚེར་བའི་འོད་ཟེར་ཞིག་ཀྱང་ཡིན་པས་མི་སེམས་ལ་དྲོད་སྐྱིད་སྦྱིན་ལ། སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད། 

མི་གཅིག་ནས་མི་ཚོགས་ཤིག

“ཁྱོད་བདེ་མོ་ཡིན་ནམ། ཉེ་ལམ་ཝུའུ་ཧན་དུ་བསྐྱོད་མྱོང་ངམ། ལུས་ཀྱི་དྲོད་ཚད་ལ་ཞིབ་བཤེར་བྱེད་རོགས།”

གྲང་རླུང་ལྡང་ཚེ་གདོང་ལ་གྲིས་གཞོག་པ་ལྟ་བུའི་ཚོར་བ་བསྟེར་ཅིང་། ས་བབ་མཚོ་ངོས་ལས་རྨིད་བཞི་སྟོང་བཞི་བརྒྱ་ཡོད་ལ། གནམ་གཤིས་དྲོད་གྲངས་གོར་ཐིག་མན་གྱི་སུམ་ཅུ་ཡིན་པའི། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་གྱི་ཏོག་དབྱིབས་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་གི་འགོག་སྲུང་ས་ཚིགས་སུ། ལུས་སུ་གཅིག་གྱུར་གྱི་ལྭ་བ་གྱོན་པ་དང་ཁ་ཐུམ་བརྒྱབ་ཡོད་པའི་ལས་བཟོ་བས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་དུག་སེལ་བྱེད་ཀྱིན་ཡོད་པར་མ་ཟད། མི་རྣམས་ལ་མིག་སྔར་རིམས་ནད་ཀྱི་གནས་བབ་ཛ་དྲག་ཆེ་བ་དང་ཕྱི་རུ་འགྲོ་སྐབས་ཁ་ཐུམ་ཡང་དག་པར་རྒྱག་ཐབས། མི་མང་འདུ་འཛོམས་མི་བྱེད་པ་སོགས་ཀྱི་སྐད་ཆ་ནན་བཤད་བྱེད་ཀྱིན་ཡོད། 

རྫ་དམར་སྡེ་བའི་ཏང་ཡོན། སྡེ་བའི་སྨན་པ་བསོད་ཐར་ནི་རིམས་ནད་འགོག་སྲུང་ས་ཚིགས་ཀྱི་ལས་བཟོ་བ་ཞིག་རེད། ང་ཚོའི་ཁོ་རང་མཐོང་སྐབས། ཁོའི་སྐྲ་དང་སྨིན་མ། ལྭ་བའི་གོང་བ་སོགས་ཚང་མར་བ་མོ་དཀར་བོ་ཆགས་ཡོད་ལ་དམག་མི་ཞིག་དང་འདྲ། ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་ལ་ཁོས་རང་འགུལ་ངང་ནང་མི་མཉམ་འཛོམས་བྱེད་པའི་གོ་སྐབས་དོར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་བརྟན་སྲུང་བྱས་ཏེ། རིམས་ནད་མི་འགོ་བ་དང་རང་ཉིད་ཀྱི་ཁྱིམ་གཞིས་ནད་དུག་གིས་གནོད་འཚེ་མི་ཕོག་པ་ཁག་ཐེག་བྱས། 

བསོད་ནམས་ཐར་ཕྱིན་གྱིས་སྤྲད་པའི་དམིགས་བསལ་ཏང་དངུལ།

“རིམས་ནད་ཀྱི་མདུན་དུ་ང་ཚོ་མདུན་བསྐྱོད་བྱེད་དགོས་ལ། རིམས་ནད་མ་ལྷོད་ན་ང་ཚོ་ཏང་ཡོན་རྣམས་ཀྱིས་ནམ་ཡང་ལས་གནས་བརྟན་སྲུང་བྱེད་དགོས།”འདི་ནི་བསོད་ཐར་དང་འདྲ་བའི་གུང་ཁྲན་ཏང་ཡོན་གྱིས་རིམས་ནད་ལ་ཁ་གཏད་ནས་བཞག་པའི་དམ་བཅའ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་དེ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི”བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་ཞིབ་དཔྱད་ཚད་གཞི་ཞིག་ཏུ་བརྩིས་ནས། རིམས་ནད་གང་དུ་ཡོད་ཚེ་ཁོ་ཚོས་དེ་གར་འབད་འཐབ་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཙང་གསུམ་འབྱུང་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་ཏང་གི་དར་ཆ་ལྷབ་ལྷུབ་ཏུ་བསྐྱོད་ཐུབ་པ་བྱེད་དགོས། 

  དེ་དང་འདྲ་བར“རྨ་ཆུའི་མགོ་ཁུངས”ཀྱི་ཆུ་དམར་ལེབ་རྫོང་དུ་རྫོང་དང་། ཞང་། སྡེ་བ་བཅས་རིམ་པ་གསུམ་གྱིས་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚན་ཆུང་བཙུགས་ནས། ཕར་འགྲོ་ཚུར་འོང་གི་རླངས་འཁོར་དང་མི་སྣ་ཐོ་འགོད་དང་དུག་སེལ་བྱེད་བཞིན་ཡོད། ལས་སྒྲུབ་མི་སྣས་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པ་དང་། དངོས་ཟོག་དཀོན་པ། མི་ཤུགས་མི་འདང་བ་བཅས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། དུས་ཚོད་ཉེར་བཞིའི་རིང་རེས་བསྐོར་ལས་རེས་བྱས་ནས་འགོག་སྲུང་ནན་མོ་བྱས་པ་རེད། འགྲོ་འོང་རླངས་འཁོར་དང་མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ལ་སྐད་གཉིས་ཀྱི་ལམ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་དེབ་སྟེར་བ་དང་འགྲེལ་བཤད་བྱ་ཆེད། གྲང་ངར་ཆེ་བའི་ཁ་བའི་ཁྲོད་དུ་ཏང་ཡོན་ལས་བྱེད་པ་ཚང་མས་མཉམ་དུ་འབད་པ་དང་། དཀའ་ངལ་ཁྱད་བསད། ཁ་བ་བུ་ཡུག་འཚུབ་རུང་སྙིང་སྟོབས་ཞུམ་མེད་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་ནས་འབད་བརྩོན་བྱས་པས། མང་ཚོགས་ཚོས་བྱམས་བརྩེའི་ངང་ཁུ་ནུ་རི་བོའི་འདབས་ཀྱི“ཆེས་མཛེས་པའི་སྲུང་སྐྱོང་བྱེད་མཁན”ཞེས་འབོད་ཀྱིན་ཡོད། 

 ཏང་ཡོན་གཅིག་ནི་དར་ཆ་རེ་དང་། ཀྲི་པུའུ་གཅིག་ནི་འཐབ་འཛིང་གི་བཙན་རྫོང་རེ་ཡིན། “ཀྲི་པུའུ་ནི་བཙན་རྫོང་ཡིན་པ་དང་། སྡོད་ཁུལ་ནི་གཡུལ་ས་ཡིན་པ། ཏང་ཡོན་ནི་རྐང་འཛིན་པ་ཡིན་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ནས། རིམས་ནད་བྱུང་རྗེས། ཡུལ་ཤུལ་ཁུལ་གྱིས་ཐོག་མའི་དུས་ཚོད་ནང་གནས་སྐབས་ཏང་ཀྲི་པུའུ་ཞེ་བདུན་བཙུགས་པ་དང་། ཏང་ཡོན་འཕྲལ་སྒྲུབ་རུ་ཁག  ཏང་ཡོན་གྱི་འགན་འཁྲི་ལས་གནས་བཙུགས་ཏེ། ཏང་ཡོན་ལྔ་སྟོང་ཉིས་བརྒྱ་བཅུ་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་འབད་འཐབ་བྱེད་བཞིན་ཡོད། མི་རྣམས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་ཏེ་ཏང་དར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་ལྷབ་ལྷུབ་ཏུ་སྐྱོད་པ་དང་། ཁོ་ཚོའི་བརྟན་བརླིང་གི་གཟུགས་གཞི་ནད་གདོན་དང་ཁྱིམ་གཞིས་དབར་འགྱིངས་ཏེ། རིམས་ནད་ཀྱི་མདུན་དུ་བསམ་པའི་སྙིང་སྟོབས་ཀྱི་བར་གྱང་མཐོན་པོ་ཞིག་བརྩིགས་ཡོད། 

གཅེས་སེམས་ཕྲན་བུ་ལས་མི་བརྒྱ་སེམས་གཅིག་ཏུ་གྱུར་ཡོད།

རིམས་ནད་ཀྱི་མདུན་དུ་ཚང་མར་ཉམས་སད་གལ་ཆེན་ཐེངས་གཅིག་བྱས་ཡོད། 

ཉེ་ལམ། གསར་འགོད་པས་ཡང་བསྐྱར“དམིགས་བསལ་ཏང་དངུལ”གྱི་གཏམ་རྒྱུད་ཅིག་ཐོས་བྱུང་། ཡུལ་ཤུལ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པར་ཏང་ཡོན་བསོད་ནམས་ཐར་ཕྱིན་གྱིས་སྤྲད་པའི“དམིགས་བསལ་ཏང་དངུལ”སྒོར་སྟོང་གསུམ་དང་ལྔ་བརྒྱ་རེ་བདུན་འབྱོར་བྱུང་། “ང་ལ་ཡོང་སྒོ་མང་པོ་མེད་མོད་རང་ཉིད་ལ་བཀོལ་སྤྱོད་བྱེད་རྒྱུར་འདང་བས། རིམས་ནད་སྔོན་འགོག་གི་ཐད་ལ་རང་ཉིད་ཀྱི་ནུས་པ་ཙམ་འབུལ་བའི་ཆེད་ཡིན། ང་ནི་ཁ་ལོ་བ་ཞིག་ཡིན་པས་རླངས་འཁོར་བསྐོར་ཤེས། གལ་ཏེ་དགོས་མཁོ་ཡོད་ན་ང་རང་ནམ་བོས་ན་ནམ་ཐོན་ཡོང་ངེས།”འདི་ནི་ཤོག་བུ་ཞིག་གི་སྟེང་དུ་བྲིས་པའི་བབ་ཆགས་ཀྱི་བརྩེ་སེམས་རྣལ་མ་དེ་ཡིན་ལ། དེས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་སེམས་འདུན་དེར་འགྲེལ་བཤད་བྱས་ཡོད།

བསོད་ནམས་ཐར་ཕྱིན་ལ་ཟླ་རེར་སྒོར་སྟོང་གསུམ་དང་བཞི་བརྒྱའི་གླ་ཕོགས་ཡོད་ལ། ཟླ་གཅིག་གི་གླ་ཕོགས་སྟེང་བྱིས་པ་གཉིས་ལ་ལོ་གསར་སྐབས་བྱིན་པའི་ལོ་སྐལ་བསྣན་ཏེ་ཚང་མ་དམིགས་བསལ་ཏང་དངུལ་ཏུ་སྤྲད་པ་རེད། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། བསོད་ནམས་ཐར་ཕྱིན་གྱིས་སྐད་ཆ་གཅིག་མ་གཏོགས་མ་བཤད། “ཏང་ཡོན་ཞིག་ཡིན་པའི་ཆ་ནས་རིམས་ནད་སྔོན་འགོག་གི་ཐད་རང་ཉིད་ཀྱི་ནུས་ཤུགས་ཙམ་འབུལ་བར་འོས་འགན་དང་འགན་འཁྲི་ཡོད”ཅེས་བཤད། ཁོ་རང་ཐག་རིང་དུ་ཕྱིན་པའི་བློ་བརྟན་འགྱུར་མེད་ཀྱི་གཟུགས་བརྙན་ལ་བལྟས་ཚེ། ང་ཚོར་དགའ་མགུ་ཡི་རང་གི་བསམ་པ་དེ་སླར་ཡང་སྐྱེས་བྱུང་། 

ནང་ཆེན་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས།

འདི་ནི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་རེད། ཁྲི་འདུ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ལ་འདམ་མདའ་གྲོང་རྡལ་གྱི་ཏང་ཡོན་ཉིས་བརྒྱ་དོན་གསུམ་གྱི་དམིགས་བསལ་ཏང་དངུལ་འབྱོར་བ་དང་། བསྡོམས་པས་སྒོར་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱ་གོ་དགུ་ཡོད། ཁོ་ཚོས་ལས་ཡུལ་དང་པོའི་སྨན་བཅོས་མི་སྣར་མགྱོགས་མྱུར་སྒོས་རོགས་སྐྱོར་བྱེད་ཐུབ་པར་རེ་ཞུ་བྱས་ཡོད། ཞལ་འདེབས་སུ་ཕུལ་བའི་ཁྲོད་སྒོར་ཉི་ཤུ་དང་སུམ་ཅུ། ལྔ་བརྒྱ། སྟོང་གཅིག་བཅས་གྲངས་ཀ་མི་གཅིག་པ་མང་པོ་ཡོད་ལ། དེ་དག་ལས་མི་རེ་རེའི་གཅེས་སེམས་མངོན་ཐུབ།

 “ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིན་ལ། ང་ཚོས་འབྱོར་ཕྱུག་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱུང་། སྐབས་འདིར་ངས་ཀྱང་རྒྱལ་ཁབ་ལ་རང་ཉིད་ཀྱི་ནུས་ཤུགས་ཙམ་འབུལ་བའི་དུས་སུ་སླེབས་བྱུང་། འདམ་མདའ་གྲོང་རྡལ་རྫ་དམར་སྡེ་བའི་ཏང་ཡོན་རྒན་པ་ཐུབ་བསྟན་མགོན་པོ་ཡིས་རང་ཉིད་ཀྱི་ཚ་བོར་རྩེད་ཆས་ཉོ་རྒྱུ་ཁས་ལེན་བྱས་ཡོད་པའི་དངུལ་དེ་དམིགས་བསལ་ཏང་དངུལ་དུ་སྤྲད་པ་རེད།

“ངས་ད་ལྟ་ད་དུང་ན་ནིང་ཡུལ་ཤུལ་གྱི་ཁངས་ཆག་ལྷུང་དུས་སུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་གཟན་རྩྭ་དང་། སྨན་རྫས། རས་གུར་སོགས་གནོད་སེལ་དངོས་རྫས་ཡུལ་ཤུལ་དུ་དྲུད་པའི་གནས་ཚུལ་དེ་དྲན་གྱིན་འདུག  རྒྱལ་ཁབ་ལ་དཀའ་ཁག་ཡོད་ཚེ་ངས་ཅང་མ་ཤེས་པ་བྱས་ཏེ་འདུག་ག་ལ་རུང་།”འབྲི་སྟོད་རྫོང་བྲག་གུར་ཞང་མ་སེ་སྡེ་བའི་ཏང་ཡོན་རྒན་པ་བཀྲ་ཤིས་ཕུན་ཚོགས་ད་ལྟ་ཕྱི་རུ་ཡོད་པ་དང་། ཁྱིམ་དུ“ལོགས་སུ་བཀར”པའི་གནས་ཚུལ་འོག  ཁོས་རྩ་འཛུགས་ལ་སྒོར་སྟོང་གཅིག་གི་དམིགས་བསལ་ཏང་དངུལ་སྤྲད་པ་རེད། 

ཁྱོད་ཀྱི་ངོ་གདོང་མི་མཐོང་མོད། འོན་ཀྱང་ཁྱོད་ཀྱི་གཅེས་སེམས་ཚོར་ཐུབ། གལ་ཏེ་འདི་ནི“གཟུགས་ལྡན”གྱི་དམིགས་བསལ་ཏང་དངུལ་ཞིག་ཡིན་ན། ད་དུང“གཟུགས་མེད”ཀྱི་ལེགས་སྐྱེས་ཀྱང་ཡོད། མིག་སྔའི་བར་དུ། ཡུལ་ཤུལ་ཁུལ་གྱིས་ཁུལ་ནང་ཁུལ་གྱི་རོལ་རྩེད་རང་བཞིན་གྱི་ཚོང་གཉེར་ཁང་དང་། ལུས་རྩལ་ཁང་། མཛེས་ལྗོངས་ཁུལ། ཡུལ་སྐོར་སྣེ་ལེན་ས་ཚིགས་སོགས197ཡི་སྒོ་བརྒྱབ་པ་དང་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་ཐེངས་ལྔ་ཡོད་པའང་མཚམས་བཞག  ཆོས་ལུགས་ལས་རིགས་དང་བཟོ་ཚོང་ལས་རིགས། བཟོ་ཚོགས་དང་གཞོན་ནུ། བུད་མེད་ལྷན་ཚོགས་སོགས་ཀྱིས་ཕྱོགས་ཡོངས་ནས་ནུས་ཤུགས་བཏོན་ཏེ། ཐོག་མའི་དུས་ཚོད་ནང་རང་སོ་སོའི་ཁྱབ་ཁོངས་སུ་གྲོས་འདོན་ཡི་གེ་ཁྱབ་བསྒྲགས་བྱས་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་པས་ཇུས་ཤུགས་མཉམ་འདོན་དང་མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས། 

སྟོབས་ཤུགས་བཏོན་ནས་མ་འོངས་པའི་རྒྱལ་ཁ་བརྩོན་ལེན་བྱེད།

 རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་གྱི་གནད་དོན་ཙམ་མིན་པར་ཕྱོགས་ཡོངས་ཀྱི་ལས་དོན་ཞིག་ཡིན་པས། བྱ་བ་ཚང་མ་ལས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་བྱེད་དགོས། 

“སྡེ་མིའི་བདེ་འཇགས་དང་བདེ་ཐང་ནི་དོན་དག་ཆེས་ཆེ་བ་ཞིག་རེད། སྡེ་བའི་ནང་གི་གནས་ཚུལ་ང་ལ་ཆ་རྒྱུས་ཆེན་པོ་ཡོད་པ་དང་། རིམས་ནད་སེལ་བའི་བར་དུ་ང་ཉིན་གཅིག་ལ་ལས་གནས་དང་ཁ་གཏན་ནས་འབྲལ་མི་རུང་། རིམས་ནད་ཀྱི་གནས་ཚུལ་ཇེ་ལྷོད་དུ་སོང་ཚེ། ང་སླར་ཡང་སྨན་ཁང་དུ་ལུས་པོར་བརྟག་དཔྱད་བྱེད་དུ་འགྲོ”ཅེས་མཚོ་སྔོན་གྱི“ལྷོ་སྒོ་ཆེན་མོ”རུ་གནས་པའི་ནང་ཆེན་རྫོང་ཉག་ལ་ཞང་ཉག་སྨད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་དབང་རྒྱལ་གྱིས་ན་ཚ་བཟོད་པ་དང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མཚམས་བཞག་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དངོས་སུ་བརྟན་སྲུང་བྱེད་ཀྱིན་ཡོད། 

ཞིབ་བཤེར་མི་སྣས་ཡུལ་ཤུལ་དུ་བསྐྱོད་པའི་མི་གྲངས་ཁྲི་གཉིས་དང་སྟོང་གསུམ་ལྔ་བརྒྱ་ལྷག་ལ་ཞིབ་བཤེར་ཐོ་འགོད་བྱས

བཀྲ་ཤིས་དབང་རྒྱལ་གྱིས་སྣེ་ཁྲིད་དེ་བཙུགས་པའི་ཏང་ཡོན་དང་། དམངས་དམག  ནགས་སྲུང་བ། རྩྭ་སའི་དོ་དམ་མི་སྣ། སྡེ་བ་དང་རུ་ཁག་གི་ལས་བྱེད་མི་སྣ་བཅས་ཀྱིས་གྲུབ་པའི་རིམས་ནད་མཉམ་འགོག་མཉམ་སྡོམ་རུ་ཁག་གིས་ཉིན་ལྟར་དཔུང་རྟགས་གྱོན་པ་དང་། ཐོབ་ཐང་གསལ་བ། གདོང་མཆོང་སྔོན་ལ་བྱེད་པ་བཅས་བྱས་ནས་ཁྱིམ་ཚང་རེ་རེར་དྲིལ་བསྒྲགས་ཁྲིད་སྟོན་དང་། མཐིལ་རྟོགས་གྲལ་བཤེར། ལུས་དྲོད་ལྟ་ཞིབ་ཚད་ལེན། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སྒྲོག་འགྲེལ། གཙོ་གནད་མི་ཚོགས་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་པ་རེད། 

རིམས་ནད་སྔོན་འགོག་ཚོད་འཛིན་ནི་འགོག་རྒོལ་དམག་འཐབ་ཅིག་ཡིན་ལ་སྤྱི་ཡོངས་ཀྱི་དམག་འཐབ་ཅིག་ཀྱང་ཡིན་པས། ལས་བྱེད་མི་སྣ་ཚང་མས་རིམས་ནད་འགོག་རྒོལ་ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕམ་མི་རུང་བའི་དུ་བ་མེད་པའི་དམག་འཐབ་དེའི་མདུན་དུ་ཡུལ་ཤུལ་གྱི་གྲོང་ཁྱེར་དང་རྫོང་། སྡེ་ཁག་སོ་སོས་རང་རྟོགས་སྒོས་སྤྱི་ཡོངས་ནས་གནད་དོན་ལ་ལྟ་ཞིབ་དང་། སྤྱི་ཡོངས་ལ་བསམ་གཞིགས། གནས་གཏན་འཁེལ་དང་བཀོད་སྒྲིག་བཅས་བྱེད་ཀྱིན་ཡོད། ནུས་ཤུགས་ཡོད་རྒུས་བྱེད་ཐབས་སྤྱད་དེ་ཚོང་རའི་ཉིན་རེའི་བརྟག་ཞིབ་ལམ་སྲོལ་འཛུགས་པ་དང་། ཚོང་རའི་མཁོ་སྤྲོད་གནས་ཚུལ་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་བྱེད་པ། ཆ་འཕྲིན་དུས་ཐོག་ཏུ་གནད་ལ་འཁེལ་བའི་ངང་བསྐུར་བ། ཚོང་རའི་རྗེས་འདེད་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། འཕྲལ་སྒྲུབ་ཐག་གཅོད་བྱེད་པ་བཅས་བྱས་ནས། ནུས་ཤུགས་ཡོད་དགུས་འཚོ་བའི་ཉེར་མཁོའི་དངོས་རྫོས་ཀྱི་ཚོང་རའི་འདོན་སྤྲོད་བརྟན་འཇགས་ཡིན་པ་འགན་སྲུང་བྱས།

  གོང་འོག་གཅིག་ཏུ་དྲིལ་ན་རྒྱལ་ཁ་ཐོབ། ཕྱར་བ་གྲུ་འདེགས་མཁན་ལ་རྒྱལ་ཁ་ཐོབ། སྨན་བཅོས་འགོག་སྲུང་དངོས་རྫས་མཁོ་འདོན་ལ་ཤུགས་སྣོན་རྒྱག་པ་ནས་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་ཁྱོན་ཡོངས་ནས་འགན་ལེན་བྱེད་པ། སྡོད་དམངས་ཀྱི་འཚོ་བའི་མཁོ་ཆས་འདོན་སྤྲོད་འགན་ལེན་བྱེད་པ་ནས་དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོར་བསྒྲུབ་པ། ཕྱོགས་ཡོངས་ནས་རིམས་ནད་འགོག་པའི་སྐབས་སུ། ཡུལ་ཤུལ་ཁུལ་གྱི་རིམ་གཉིས་ཡན་གྱི་སྨན་ཁང་དུ་བསྡོམས་པས་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་གནས་བདུན་བཙུགས་ནས་ཆུ་ཚོད་ཉེར་བཞིའི་རིང་ལས་རེས་ལམ་ལུགས་ལག་ལེན་བསྟར་ནས། རིམ་རྩིས་བྱས་ན་ཡུལ་ཤུལ་དུ་ལོག་མཁན་མི་ཐེངས་སྟོང་གཉིས་དང་ལྔ་བརྒྱ་བཅུ་བཞི་ལ་བདེ་ཐང་ཞིབ་བཤེར་བྱས་པ་རེད། སྨན་བཅོས་འཕྲལ་སྒྲུབ་དངོས་རྫས་སྣ་ཚོགས་ཁྲི་གཅིག་སྟོང་གཉིས་ཉིས་བརྒྱ་དང་ལྔ་བྱིན་པ་དང་། རང་འགུལ་སྒོས་རིམས་འགོག་བྱེད་པ་དང་ཚན་རིག་དང་མཐུན་པའི་རིམས་འགོག་བྱེད་པ། མཉམ་འགོག་མཉམ་སྡོམ་བཅས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གིས་བཏོད་ཅིང་། འཕྲལ་སྒྲུབ་དངོས་རྫས་མཁོ་སྤྲོད་འགན་ལེན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་དྲུག་དོན་འཁྱོལ་བྱས། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་གྲབས་གསོག་འབྲུ་མཛོད་དུ་འབྲུ་རིགས་སྣ་ཚོགས་ཏུན་སྟོང་བརྒྱད་དང་བརྒྱད་བརྒྱ་ཉི་ཤུ་ཡོད་པ་དང་། གྲབས་གསོག་བྱས་པའི་འཚོ་བ་དང་འཕྲལ་སྒྲུབ་དངོས་རྫས་སྣ་ཚོགས་ཀྱིས་ཁྲོམ་རའི་དགོས་མཁོ་བསྐོང་ཐུབ་པ་དང་། དངོས་པོའི་རིན་གོང་རྒྱུན་མཐུད་བརྟན་འཇགས་བྱུང་ཡོད།

མིག་སྔའི་བར་དུ། ཡུལ་ཤུལ་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་དོགས་ཡོད་ནད་རྟགས་དང་ནད་རྟགས་གཏན་འཁེལ་གྱི་ནད་པ་གཅིག་ཀྱང་མེད་པ་ནི་གོང་འོག་ཚང་མས་འབད་པ་བྱས་པའི་འབྲས་བུ་རེད། མི་སེམས་འགུལ་བའི་སྣང་བརྙན་དེ་དག་གི་རྒྱབ་ཏུ་མཐུན་སྦྱོར་གྱི་ལས་རིམ་རབ་དང་རིམ་པ་དང་། ཞིབ་ཚགས་ཀྱི་བྱེད་སྒོ་སྤེལ་ཡོད་པས་རོང་འབྲོག་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་བ་ཆེ་རུ་ཕྱིན་པ་མ་ཟད། རིམས་ནད་འགོག་པའི་ཡིད་ཆེས་ཀྱང་ཇེ་བརྟན་སོང་ཡོད། 

ལོ་ཙཱ་བ། ཤ་བོ་རིན་མཚོ།