ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཏོག་གསར་གློ་ཚད་ཚོད་འཛིན་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་གཏིང་ཟབ་སྒོས་དངོས་འབེབ་བྱེད་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་འགོག་སྲུང་བྱ་བར་ཐེངས་གཉིས་པར་བྲེལ་མྱུར་ཞིབ་བཤེར་བྱེད་པའི་དགོས་མཁོར་དམིགས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དམིགས་ས་ཡོད་པ་དང་ཕན་འབྲས་ལྡན་པའི་རིམས་འགོག་བྱ་བར་སྐུལ་འདེད་བྱས་པ་དང་། སྡེ་བ་དང་།སྡོད་ཁུལ། ལས་དོན་ལས་ཁུངས། འཕྲོད་བསྟེན་བདེ་ཐང་མ་ལག སློབ་གྲྭ་ཆུང་འབྲིང་། “གསར་བ་གཉིས”རྩ་འཛུགས་སོགས་ཁྱབ་ཁོངས་མི་འདྲ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་བྱ་བའི་ལས་འགན་ལ་མཛུབ་སྟོན་བྱེད་པའི་ཞིབ་ཐོ་དྲུག་བཟོས་ནས། ཏང་གི་དར་ཆ་རིམས་འགོག་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོ་རུ་ལྷབ་ལྷུབ་དུ་བསྐྱོད་དུ་བཅུག
སྡེ་བའི་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཁག་བགོས་ནས་བྱ་བར་འགན་གཙང་ལེན་བྱེད་པའི་ལམ་ལུགས་དངོས་འབེབ་བྱས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། རིམས་ནད་འགོག་སྲུང་སྟོབས་ཤུགས་ཆེན་པོ་གཅིག་འདུས་ཀྱི་རྣམ་པ་ཞིག་མངོན། ཏང་ཡོན་གྱིས་རིམས་འགོག་གི“སྣེ་ཁྲིད་དྲུག”ནན་ཏན་གྱིས་དངོས་འབེབ་བྱས་པ་དང་། “ཏང་ཡོན་སྔོན་བསྐྱོད་རུ་ཁག”དང་། “ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག”བཙུགས་ཤིང་། ཏང་ཡོན་གྱི“སྔོན་བསྐྱོད་ལས་གནས”དང་། “དཔེ་སྟོན་ལས་གནས” “འགན་འཁྲི་ཁུལ”སོགས་བཙུགས་ཏེ། ལས་གནས་སུ་མེད་པའི་ཏང་ཡོན་དང་། ཏང་ཡོན་དང་བླངས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས། ལས་བཟོ་པ་དང་། ན་གཞོན། བུད་མེད་སོགས་ཚོགས་པར་མཐུན་སྒྲིལ་ལྡན་པའི་སྒོ་ནས་སྣེ་ཁྲིད་དེ། སྡེ་བར་སྡོད་པའི་དབུལ་སྐྱོར་ཧྲུའུ་ཅི་དང་པོ་དང་ལས་བྱེད་མི་སྣ་སྐུལ་སློང་བྱས་ནས། སྡེ་བའི་རྩ་འཛུགས་ཀྱི་ལས་བྱེད་པ་དང་། སྡེ་བའི་སྨན་པ། སྡེ་བའི་ཉེན་རྟོག་པ། དྲ་མིག་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མང་ཚོགས་སྐུལ་སློང་དང་། རྩ་འཛུགས།གཅིག་འདུས་བཅས་བྱས་ཏེ། དུས་ལྟར་གནས་ཚུལ་ཡང་དག་པ་ཡར་ཞུ་བྱས། “སྒྲ་དུང་”དང་།གྲོས་འདོན་ཡི་གེ ཁ་པར། སྐད་འཕྲིན་སོགས་ཀྱི་ལམ་ནས་དྲིལ་སྒྲོག་གང་ལེགས་བྱས་པ་དང་། འགོག་སྲུང་ཆ་འཕྲིན་ཡར་ཞུ་དང་འགོག་སྲུང་ཤེས་བྱ་དྲིལ་སྒྲོག་ལ་ཤུགས་སྣོན་བྱས་ཏེ། མང་ཚོགས་ཀྱི་བསམ་བློའི་བྱ་བ་བཟང་པོར་བསྒྲུབ་པ་དང་། མང་ཚོགས་ཚང་མས་མཉམ་འགོག་མཉམ་བཅོསབྱེད་པའི་རྣམ་པ་བཟང་པོ་ཞིག་མངོན།
སྡོད་ཁུལ་ཏང་རྩ་འཛུགས་ཀྱིས་སྡོད་ཁུལ་ཏང་རྩ་འཛུགས་དཀྱིལ་སྙིང་ཡིན་པའི་རིམས་འགོག་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། སྡོད་ཁུལ་གྱི་སྟོབས་ཤུགས་ཡོད་ཚད་གཅིག་བསྡུས་དང་། འགོག་སྲུང་སྲིད་ཇུས་དང་བྱེད་ཐབས་སོ་སོ་ཞིབ་ཚགས་ཀྱིས་དངོས་འབེབ་བྱེད་པར་ཁག་ཐེག་བྱས། ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་འབྲེལ་གཏུག་བྱས་ཏེ་ཞིབ་བཤེར་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ལྷག་པར་དུ“མེད་པ་གསུམ”གྱི་སྡོད་ཁུལ་ཆུང་བས་སྡོད་ཁུལ་གྱི་ཏང་ཡོན་དང་། སྡོད་ཁུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཐོག་ཁང་གི་འགོ་བ་སོགས་རིམས་འགོག་བྱ་བར་ཞུགས་སུ་བཅུག་ནས། ཁོངས་གཏོགས་སྡོད་དམངས་ཀྱི་བདེ་ཐང་གནས་ཚུལ་ལ་ཞིབ་བཤེར་བཟང་པོ་བྱས།སྡོད་དམངས་འདུས་སྡེའི་སྒོ་ཁ་དང་། ཚོང་ར་སོགས་ས་ཁོངས་གཙོ་བོ་དག་ཏུ་རིམས་ནད་འགོག་སྲུང་བྱེད་ས་བཙུགས་པ་དང་། གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ཏེ། རྩ་འཛུགས་ཁོངས་མི་དང་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འཐབ་ར་དང་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་ཧུར་ཐག་སྒོས་འདོན་སྤེལ་བྱས་ཤིང་། སྡོད་ཁུལ་སྡོད་དམངས་རྣམས་མཉམ་འདུས་བྱས་ནས་ཟ་མ་མི་ཟ་བ་དང་། འདུ་ཚོགས་ལ་མི་ཞུགས་པ། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་བརྗོད་པར་ཁྲིད་སྟོན་བྱས་ཏེ། སྤྱི་བའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱས་པ་དང་། ཏང་གི་དར་ཆ་རིམས་འགོག་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོ་རུ་བཙུགས།
ལས་དོན་ལས་ཁུངས་ཏང་རྩ་འཛུགས་ཀྱིས་རིམས་འགོག་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བྱས་པ་དང་། གོང་འོག་མཐུན་སྦྱོརལ་ཤུགས་བསྣོན་པ། རྣམ་པ་མང་པོའི་སློབ་སྦྱོང་བྱེད་ཐབས་བརྒྱུད་དེ་ཏོག་གསར་ནད་དུག་འགོག་པའི་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་དང་། སྐད་འཕྲིན་གྱི་སྤྱི་སྟེགས་དང་། སྐད་འཕྲིན་ཚོགས་པ། གློག་རྡུལ་འཆར་ཆས། སྦྱར་བྱང་དྲིལ་སྒྲོག་སོགས་ཀྱི་རྣམ་པའི་སྒོ་ནས་སློབ་སྦྱོང་བྱེད་ཐུབ་པ་བྱས། དུས་ལྟར་ཉེ་འགྲམ་གྱི་གཏམ་རྒྱུད་སྔོག་འདོན་བྱས་ཏེ། རིམས་འགོག་དྲིལསྒྲོག་བྱེད་པའི་ཁྲོད་དཀའ་ངལ་གདོང་གིས་བསུས་ཤིང་། འགན་འཁུར་ལྗིད་མོ་ཕྲག་ཏུ་ལེན་པ། བྱ་བ་འབུར་དུ་ཐོན་པའི་སྔོན་ཐོན་དཔེ་ལེགས་དང་། དཔེ་སྟོན་མི་སྣ། ཕུལ་བྱུང་གུང་ཁྲན་ཏང་ཡོན་སྐོར་ཞིག་གི་བྱ་བར་སྤྱི་བསྡོམས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་གི་ལས་གནས་སྲུང་བ་དང་། ཧུར་བརྩོན་བྱེད་པ། སྒེར་སེམས་མེད་པར་ཡོད་ཚད་ཕུལ་བར་སྐུལ་ལྕག་གནང་། འགོག་སྲུང་ལས་འགན་དངོས་འབེབ་བྱེད་ན། གཙོ་བོ་གནད་འགག་གི་མི་སྣ་དང་། ས་ཁོངས་གཙོ་བོ། གནས་ཚུལ་གཙོ་བོ་སོགས་ཀྱི་སྡོམ་རྩིས་ཡར་ཞུ་བྱ་བ་བཟང་པོར་བསྒྲུབ་པ་དང་། རིམས་འགོག་བྱ་བའི་ཡར་ཞུའི་ལམ་ལུགས་དང་ཉིན་རེའི་གནས་ཚུལ་སོགས་ཡར་ཞུ་བྱེད་པའི་ལམ་ལུགས་དངོས་འབེབ་བྱེད་དགོས། “ལས་གནས་སུ་ཡོད་པའི་ཏང་ཡོན་སྡོད་ཁུལ་དུ་སོང་ནས་མིང་ཐོ་འགོད་པ”སོགས་ཀྱི་འགུལ་སྐྱོད་གཏིང་ཟབ་སྒོས་སྤེལ་ཏེ། རང་འགུལ་གྱིས“དོ་དམ་རྣམ་པ་གཉིས་དང་ཕྱོགས་གཉིས་ཀྱི་ཞབས་ཞུའི”ནང་ཞུགས་ནས། རོགས་སྐྱོར་སྡེ་བའི་རིམས་འགོག་བྱ་བ་མཉམ་དུ་བསྒྲུབས།
འཕྲོད་བསྟེན་བདེ་ཐང་མ་ལག་གི་ཏང་རྩ་འཛུགས་རིམས་འགོག་འཐབ་རྩོད་ཁྲོད་སྔོན་ལ་རྒྱུགས་ཏེ། བདེ་ཐང་དྲིལ་སྒྲོག་སློབ་སྟོན་དང་། ཚན་རིག་ལྟར་རིམས་འགོག་ཁྲོད་ཞུགས་པ། དཀྲོག་གཏམ་ཁྱབ་པ་འགོག་པ། སྐྲག་སྣང་གི་སེམས་ཁམས་མེད་པར་གཏོང་བ། མཉམ་དུ་སྤྱི་ཚོགས་ཀྱི་སྤྱི་བའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པར་དཔེ་སྟོན་དང་སྣེ་ཁྲིད་བྱས། རིམས་འགོག་མྱུར་སྐྱོབ་བྱེད་ཐབས་དང་བྱ་བའི་བྱེད་ཐབས་འཐུས་སྒོ་ཚང་བའི་སྒོ་ནས་སྒྲིག་བཟོ་བྱས་ཏེ། ཕྱོགས་ཡོངས་ནས་ཉེན་ཁ་སྔོན་འགོག་བྱེད་པ་དང་། རིམས་ནད་ཡོད་མེད་ལ་བརྟག་པ། ཚ་བརྒྱབ་ན་སྟོན་སའི་སྒོ་བསྟེན་ཁང་། བདེ་འཇགས་འགོག་སྲུང་སོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་སྟེ། རིམས་ནད་འགོག་སྲུང་འབྲེལ་ཡོད་གཏན་འཁེལ་ལྟར་མི་ཚོགས་གཙོ་བོ་དང་། ས་ཁོངས་གཙོ་བོ། གནས་ཚུལ་གཙོ་བོ་སོགས་ཀྱི་རིམས་འགོག་བྱ་བ་སྒྲུབ་སྟེ། སྔ་མོ་ནས་རྩད་ཆོད་པ་དང་། སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་བརྟག་དཔྱད་བྱེད་པ། སྔ་མོ་ནས་ལོགས་སུ་འགར་བ། སྔ་མོ་ནས་སྨན་བཅོས་བྱེད་ཐུབ་པ་བཅས་བྱས། གནད་དོན་དང་དཀའ་ངལ་ཐད་ཀར་ཞུ་སའི་རྐྱེན་སྲོལ་བཙུགས་ཏེ། དམིགས་གཏད་རང་བཞིན་གྱིས་སེམས་ཁམས་ལ་ཁྲིད་སྟོན་བྱས་པ་དང་། རྨང་གཞིའི་འགན་སྲུང་སོ་སོ་དངོས་འབེབ་བྱེད་པར་མཐུན་སྦྱོར་གང་ལེགས་བྱས། དུས་ལྟར་ཉེ་འགྲམ་གྱི་དཔེ་མཚོན་མི་སྣ་སྔོག་འདོན་དང་། རིམས་འགོག་དྲིལ་སྒྲོག་ཁྲོད་ཀྱི་སྔོན་ཐོན་མི་སྣ་དང་དཔེ་ལེགས་མི་སྣ་བཙལ་ཏེ། དཔེ་ལེགས་མི་སྣའི་དཔེར་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།
སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་ཀྱིས་དགེ་སློབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་སྡོམ་རྩིས་ཡར་ཞུ་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་པ་དང་། སློབ་གྲྭའི་ཁུལ་ཁོངས་གཙོ་བོར་དོ་དམ་དང་། སློབ་གྲྭའི་ནང་ཡོང་བའི་མི་སྣ་འགོག་སྲུང་བྱ་བའི་རེ་བ་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། རིམས་ནད་བྱུང་བའི་ས་ཁུལ་ནས་ཕར་འགྲོ་ཚུར་ཡོང་བྱས་མྱོང་བ་དང་། ཏོག་གསར་ནད་དུག་གི་གློ་ཚད་བྱུང་བའི་ནད་པར་འབྲེལ་འདྲིས་བྱས་མྱོང་མཁན་གྱི་དགེ་སློབ་ཚོས་ཐོ་འགོད་བྱེད་པ་དང་། ལོགས་སུ་དགར་ཏེ་ལྟ་རྟོག་བྱེད་དགོས་པ་སོགས་ཀྱི་རེ་བ་ལྟར། རིམས་ནད་སློབ་རའི་ནང་ཁྱབ་པ་གཏན་འགོག་བྱས། ཏང་ཡོན་དགེ་རྒན་གྱིས་སྣེ་ཁྲིད་དེ་འགོག་སྲུང་ཤེས་བྱ་དྲིལ་སྒྲོག་མཁན་དང་། རིམས་ནད་ཀྱི་དཀྲོག་གཏམ་འགོག་མཁན། བདེ་ཐང་སློབ་རའི་སྲུང་སྐྱོབ་མཁན་བྱེད་དགོས། རིམས་འགོག་རེ་བ་ལྟར་ལོགས་སུ་དགར་བ་དང་སྨན་བཅོས་ལྟ་ཞིབ་བྱེད་པའི་དགེ་སློབ་དང་འགོག་སྲུང་ལས་རེས་མི་སྣ་སོགས་ལ་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སེམས་ཁམས་ཁྲིད་སྟོན་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་དགོས་པ་དང་། ཧུར་ཐག་གིས་དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས།
“གསར་བ་གཉིས”ཀྱི་རྩ་འཛུགས་དང་ཏང་རྩ་འཛུགས་ཀྱིས་དངུལ་གཏོང་མཁན་དང་། ལས་གཉེར་མཁན། ཁྲིམས་མིའི་འཐུས་ཚབ་སོགས་ཀྱིས་འགོག་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་བྱས་པ་དང་། འགོག་སྲུང་ལས་འགན་དངོས་འབེབ་བྱས་ཏེ། སྟོབས་ཤུགས་ཆེན་པོ་མཉམ་འདུས་ཀྱི་རྣམ་པ་ཞིག་གྲུབ། ཁེ་ལས་ཀྱིས་སྤྱི་ཚོགས་ལ་འགན་ཁུར་བར་ཁྲིད་སྟོན་བྱས་པ་དང་། ཐོན་སྐྱེད་འཚོ་བའི་དངོས་རྫས་མཁོ་འདོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དངོས་པོའི་རིན་གོང་ཇེ་མཐོར་མི་གཏོང་བ། དངོས་རྫས་འཕྲོག་རེས་མི་བྱེད་པ་བཅས་བྱས་ཏེ། ཚོང་རའི་སྒྲིག་གཞིའི་བརྟན་འཇགས་ལ་འགན་སྲུང་བྱས། ཁེ་ལས་ཀྱིས་ཐོན་སྐྱེད་ལས་གཉེར་དང་རིམས་ནད་འགོག་སྲུང་བྱ་བ་གཉིས་ཟུང་འབྲེལ་བྱས་ཏེ། གོ་རིམ་ཡོད་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་ཐོན་སྐྱེད་ལས་གཉེར་བྱས་པ་དང་། “གསར་བ་གཉིས”ཀྱི་རྩ་འཛུགས་ཀྱི་ཐོན་ཁུངས་དང་། མ་དངུལ་སོགས་ཕྱོགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རིམས་ནད་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་པའི་ཐད་དངོས་རྫས་མཁོ་སྤྲོད་བྱས་པ་དང་། རིམས་ནད་འགོག་སྲུང་བྱ་བའི་ཁྲོད་་ཧུར་བརྩོན་བྱེད་པ་དང་། འགན་ཁུར་ཕྲག་ཏུ་ལེན་ཐུབ་པར་ཁག་ཐེག་བྱས།
དུས་མཚུངས་སུ། ཁྱབ་ཁོངས་གཞན་པའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ལངས་གནས་ཇེ་མཐོར་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཏང་ཨུ་སོགས་ཀྱི་རིམས་ནད་འགོག་སྲུང་བྱ་བའི་བཀོད་སྒྲིག་གི་རེ་བ་ནན་ཏན་གྱིས་དངོས་འབེབ་བྱེད་པ་དང་། ལས་རིགས་ཁྱབ་ཁོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་རིམས་ནད་འགོག་པའི་བྱ་བའི་བྱེད་ཐབས་གནད་ལ་འཁེལ་བ་བཟོ་བ་དང་དེར་ཞབས་ཞུ་བསྒྲུབ་དགོས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་ནད་འགོག་སྲུང་ཁྲོད་ཐོག་མའི་འགན་འཁྲི་ལག་བསྟར་བྱེད་པ་དང་། འགན་འཁྲི་ཁུར་ཕོད་པ་བྱས་ཏེ། རང་ས་སྲུང་བར་འགན་འཁུར་ཡོད་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁུར་སྒྲུབ་པ་བཅས་བྱས་ནས། རིམས་ནད་འགོག་སྲུང་ལ་རྒྱལ་ཁ་ལེན་པར་རྩ་འཛུགས་ཀྱི་འགན་སྲུང་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས།
ལོ་ཙཱ། ཚེ་རིང་སྒྲོལ་མ།