མཚོ་ནུབ་ཁུལ་གྱིས་ཐབས་བརྒྱ་ཇུས་སྟོང་གིས་དཔྱིད་འདེབས་གྲ་སྒྲིག་བྱ་བ་ཡག་པོར་བསྒྲུབས།
ལོ་གཅིག་གི་དཔྱིད་ཀའི་རྨོ་འདེབས་དུས་སུ་ཐོན་ལ་ཉེ་བའི་དུས་འདིར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་ཆབས་ཅིག་ལག་རྩལ་ཞབས་ཞུ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གསོག་ཉར། འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་སོགས་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་ཐོན་སྐྱེད་བྱ་བ་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་སྐབས་ཀྱི་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབས།
རྒྱུས་ལོན་བྱུང་བ་ལྟར་ན། ནུས་ཤུགས་ཡོད་རྒུས་རོང་འབྲོག་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག མཚོ་ནུབ་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ཞིང་འབྲེལ་ཁེ་ལས་དང་མཉམ་ལས་ཁང་སོགས་ཀྱི་མི་སྣ་སྒྲིག་འཛུགས་ལེགས་པོ་བྱས་ནས། དུས་ཐོག་ཏུ་དམིགས་སར་འབྱོར་བ་དང་འབྲེལ་ཡོད་ལག་རྩལ་མི་སྣ་སྡེ་བ་དང་སྡོད་ཁུལ་དུ་བསྐྱོད་དེ། གྲོང་གསེབ་ཀྱི་ལག་རྩལ་རྐང་འཛིན་པ་དང་། ཚན་རྩལ་དཔེ་སྟོན་ཁྱིམ་ཚང་། ཞིང་བ་ཁྱིམ་ཚང་བཅས་ལ་ཚན་རྩལ་ཞབས་ཞུའི་བྱ་བ་སྤེལ་བ་དང་། གསོ་སྦྱོང་འཛིན་གྲྭ་ཐེངས15སྒྲུབ་ནས་མི་སྟོང་གཉིས་གསོ་སྦྱོང་བྱས། དཔྱིད་འདེབས་སྐབས་སུ་ལུད་དང་། ས་བོན། ཞིང་སྨན་སོགས་ཞིང་སྤྱོད་དངོས་རྫས་ཀྱི་དགོས་མཁོར་གཞིགས་ཏེ། ནན་ཏན་སྒོས་དཔྱིད་འདེབས་དངོས་རྫས་གཏོང་འདྲེན་གསོག་འཇོག་བྱ་བ་སྤེལ་ཏེ། སྤྱི་རྒྱ་ས་ཡ་བཞི་དང་འབུམ་བརྒྱད་བདམས་པ་དང་། རྫས་ལུད་སྣ་ཚོགས་ཏུན་སྟོང་ལྔ་དང་སུམ་བརྒྱ་བརྒྱད་ཅུ་ དང་། སྐྱེ་ལྡན་ལུད་ཏུན་ཁྲི་གསུམ་སྟོང་ལྔ། ཞིང་སྨན་སྤྱི་རྒྱ་སྟོང་ལྔ་དྲུག་བརྒྱ་བཅས་གསོག་འཇོག་བྱས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་ཀྱི་ཞིང་སྤྱོད་དངོས་རྫས་སིལ་ཚོང་ཁྲོམ་ར་དང་གཉེར་སྐྱོང་ཚོང་ཁང་དང་། ཞིང་སྤྱོད་དངོས་རྫས་རྟེན་གཞི་དང་། ཚབ་འཚོང་། འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་སོགས་ལ་ཆེད་དོན་ཞིབ་བཤེར་བྱས་ནས། དཔྱིད་འདེབས་ཐོན་སྐྱེད་བདེ་བླག་ཡོང་བར་ཁག་ཐེག་བྱས།
མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་རིམས་འགོག་དམ་འཛིན་བྱེད་ཞོར་དུ་ལས་འགོ་བསྐྱར་འཛུགས་གོ་རིམ་ལྡན་པའི་ངང་སྤེལ།
རིམས་ནད་འགོག་སྲུང་ལས་དོན་དམ་འཛིན་བྱེད་ཞོར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡང་དམ་འཛིན་བྱས་ཏེ། ཆི་ལེན་རྫོང་གིས་ཏོག་གསར་གློ་ཚད་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་6བཙུགས་པའི་རྨང་གཞིའི་ཐོག ཁོངས་མིའི་ཚན་པ་25ལས་གྲུབ་པའི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཚོགས་ཆུང་ཇེ་མང་དུ་བཏང་སྟེ། ཁེ་ལས་ལ་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཀྱི་གྲ་སྒྲིག་ལས་དོན་ལེགས་འགྲུབ་བྱེད་པར་མཛུབ་སྟོན་བྱས་ནས། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་ཚད་ལོན་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་བྱེད་པའི་འགན་ལེན་བྱས་པ་རེད།
རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ“གཉིས་ཀར་དམ་འཛིན་བྱེད་པ་དང་། གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་པ། གཉིས་ཀར་སྐུལ་འདེད་གཏོང་བ”བཅས་ཏན་ཏིག་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཚོགས་ཆུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་ལས་དོན་སྣ་ཚོགས་ཡག་པོ་སྒྲུབ་པ་དང་ཆབས་ཅིག རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི“བྱེད་ཐབས་ཁག་བརྒྱད”དང“བྱེད་མི་ཆོག་པ་བཞིའི”བླང་བྱ་གཞིར་བཟུང་ནས། ཁེ་ལས་ཀྱིས་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཐུབ་པར་ཁྲིད་སྟོན་བྱས། ཁེ་ལས་ལ་མཛུབ་སྟོན་བྱས་ཏེ་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཀྱི་ཞིབ་བཤེར་ཆོག་མཆན་གྱི་ཆ་རྐྱེན་ཁ་གསལ་བཟོ་བ་དང་། ཁེ་ལས་ཀྱིས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་སྐབས་ཀྱི་འབྲེལ་ཡོད་ཞིབ་བཤེར་ཆོག་མཆན་གྱི་འགྲོ་ལུགས་གཉེར་བ། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། མི་སྣ་ལས་རྐང་དུ་ཕྱིར་ལོག་པ་དང་། སྒྲིག་བཀོད་དང་དངོས་ཟོག་འགན་ལེན། བཟོ་སྐྲུན་ལས་ཡུལ་ལ་དོ་དམ་ཚོད་འཛིན། འཚོ་བའི་ས་ཁོངས་དོ་དམ། ལས་རེས་དང་ལྟ་སྲུང་གི་འཕྲལ་སྡོམ་དོ་དམ་སོགས་ལས་ཀའི་བྱ་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་པ། དངུལ་རྩའི་རྒྱབ་སྐྱོར་དང་། ལས་མི་སྤྱོད་པའི་འགན་ལེན། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཕྱོགས་ཁག་གི་ཁེ་ལས་ཀྱི་དགོས་མཁོ་དང་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བཅས་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་པ་དང་། དཔྱིད་དུས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་ཆེད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་གྱིས་འབྲུ་རིགས་ཀྱི་བདེ་འཇགས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དམིགས་ཚད་ལ་དམིགས་ནས་དེང་རབས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ལམ་བུ་གསར་པ་འཚོལ་ཞིབ་ལེགས་པོ་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་བྱེད་ཐབས་མགྱོགས་མྱུར་ངང་སྒྱུར་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། བཅོས་སྒྲིག གསར་སྒྲིག་བཅས་བྱེད་པ། ཞིང་ལས་བདག་གཉེར་གྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་པ། “ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་རིམ་སྤོར་བྱེད་པ། ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་གཏོང་བ། ཞིང་ལས་ཀྱི་དངོས་པོའི་སྒྲིག་ཆས་ཀྱི་ཆུ་ཚད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་འབབ་ལེགས་པོ་ཡོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་། ཤེས་རྟོགས་བྱུང་བ་ལྟར་ན། ཆི་ལེན་རྫོང་གི་ད་ལོའི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་གཞི་ཁྱོན་ཚོད་རྩིས་བྱས་ན་མུའུ་ཁྲི་བཞི་དང་སྟོང་གཅིག་དྲུག་བརྒྱ་ཟིན་པ་དང་དཔྱིད་འདེབས་གྲ་སྒྲིག་གི་ཡིད་རྟོན་དངུལ་བུན་སྒོར་བྱེ་བ་དྲུག་གྲབས་གསོག་བྱས།
མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གིས་གོ་རིམ་ལྡན་པའི་ངང་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བཏང་།
དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་སྔ་མོ་ནས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་དང་། བཟོ་ཚོང་ཁེ་ལས་ལས་གཉེར་གཉེར་སྐྱོང་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་དུས་བཅད་ལྟར་སློབ་འགོ་ཚུགས་པའི་འགན་ལེན་བྱེད་པ། འཛུགས་སྐྲུན་ལས་གཞི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པའི་འགན་ལེན་བཅས་བྱས་ནས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
གཅིག་སྒྲིལ་རྫོང་གིས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་གཞིར་བཟུང་ནས། ལས་རིགས་དབྱེ་བ་དང་། ས་ཁུལ་དབྱེ་བ། འཆར་གཞི་ཡོད་པ་བཅས་ཀྱི་སྒོ་ནས་བཟོ་ཚོང་ཁེ་ལས་གཉེར་སྐྱོང་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ། ལོ་སར་རིང་རྫོང་དུ་ཡོད་པའི་བཟོ་ཚོང་ཁེ་ལས་ཀྱི་མི་སྣར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་རྗེས་རྒྱུན་གཏན་ལྟར་ལས་གཉེར་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཞིང་ཆེན་དང་ཁུལ་སྡེ་ཚན་དང་སྔོ་ཚོད་སོགས་གཞི་རྩའི་དངོས་རྫས་དང་འབྲེལ་མཐུད་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཟི་ལིང་ནས་སྔོ་ཚལ་སྣ་ཁ23དབོར་འདྲེན་བྱས་པ་དང་། ཁྱོན་བསྡོམས་ཏུན་སོ་གསུམ་ཟིན་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ཁག་ཐེག་བྱས།
དེ་དང་ཆབས་ཅིག གཅིག་སྒྲིལ་རྫོང་གིས་སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བཟོ་བ་ཕྱིར་ལོག་གི་ཐོ་འགོད་སྙན་སེང་ལས་དོན་བསྒྲུབས་ནས་སློབ་གྲྭ་ཁག་གི་སློབ་འགོ་ཚུགས་པའི་དངོས་རྫས་ཀྱི་མཁོ་ཚད་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས། རྫོང་རིམས་འགོག་སྡེ་ཚན་གྱིས་སློབ་འགོ་ཚུགས་སྔུན་སློབ་གྲྭ་ཁག་གི་དགེ་རྒན་དང་། བདེ་སྲུང་། སློབ་གྲྭའི་སྨན་པའི་ཉལ་ཁང་དོ་དམ། གཙང་སྦྲ་སོགས་གཙོ་གནད་མི་ཚོགས་ལ་ལས་གནས་སུ་མ་ཞུགས་གོང་གི་རིམས་འགོག་ཤེས་བྱའི་གསོ་སྦྱོང་བྱ་རྒྱུ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་ལས་རེས་ལས་ཀའི་ལམ་ལུགས་འཛུགས་རྒྱུ། དགེ་སློབ་ཀྱི་ལུས་པོ་དང་ཕྱིར་ལོག་གི་འབྲེལ་ཡོད་གནས་ཚུལ་ངོ་མ་ཤེས་རྟོགས་ཞིབ་མོ་བྱ་རྒྱུ་བཅས་བཀོད་སྒྲིག་བྱས། ཞིབ་བཤེར་ཐོ་འགོད་དང་ལུས་དྲོད་ཚད་འཇལ་སོགས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ཡག་པོ་བསྒྲུབས་ནས་སློབ་གྲྭ་འབྲིང་ཆུང་གི2020ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།