རིམས་ནད་སྔོན་འགོག་གི་རྟ་ཐོག་སྒྲོག་འགྲེལ་རུ་ཁག
2020.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

དགུན་དུས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཞང་དུ་གྲང་ངར་ཤིན་ཏུ་ཆེ་ནའང་།  ལག་ཏུ་ཏང་གི་དར་ཆ་བཟུང་ཞིང་རྟ་ལ་བྱོན་ཡོད་པའི་ན་གཞོན་སྐོར་ཞིག་ཞོགས་པའི་ཉི་གཞོན་དང་འགྲོགས་ནས་མདུན་ཕྱོགས་སུ་བསྐྱོད་ཀྱིན་འདུག    གྲང་ངར་གྱིས་ཁོ་ཚོའི་ངོ་གདོང་དམར་པོར་གྱུར་ཡོད་ནའང་མིག་ཟུང་ལས་ཆོད་སེམས་དང་ཡིད་ཆེས་ཀྱི་རྣམ་འགྱུར་མངོན་འདུག

ཟླ1ཚེས28ཉིན་གྱི་ཕྱི་དྲོ། ལྭ་བའི་སྟེང་དུ“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་པ”ཞེས་བྲིས་ཡོད་པའི་སྒྲོག་འགྲེལ་ཚོགས་པ་དེ་མདོ་ལ་རྫོང་འབྲོང་ལུང་ཞང་མདའ་གཞུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་ལམ་ལ་ཆས་ཏེ། རྒྱང་ཐག་རིང་བའི་རྩྭ་ཐང་ན་ཡོད་པའི་འབྲོག་པ་མང་ཚོགས་ཀྱི་དགུན་སའི་ཕྱོགས་སུ་བསྐྱོད་བཞིན་འདུག

རྟ་ལེ་མཚོ་ཡིས་ནངས་ཇ་འཐུང་རྗེས་སུ་སྔར་བཞིན་དུ་ཉིན་གཅིག་གི་བྱ་བའི་ལས་ལ་བྲེལ་མགོ་བརྩམས། སྐབས་དེར་རྟའི་རྨིག་སྒྲ་ཞིག་ཁོ་མོའི་རྣ་ལམ་དུ་གྲགས་འོང་པ་ན་མོས་མྱུར་དུ་སྦྲའི་སྒོ་ཁྱམས་ནས་ཕར་ལྟ་ཙམ་བྱས།   སྐབས་དེ་མོས་ངོ་ཤེས་པའི་སྐྱ་མི་མང་པོ་ཞིག་ཁོ་ཚང་གི་ཕྱོགས་སུ་འོང་བཞིན་འདུག་པ་མཐོང་། མ་གཞིར་ཁོ་ཚོ་ནི་སྡེ་བ་དེའི་རྟ་ཐོག་སྐོར་གཡེང་དྲིལ་སྒྲོག་རུ་ཁག་རུ་མི་རྣམས་རེད།  དེ་ནས་རྟ་ལེ་མཚོ་ཡིས་མྱུར་དུ་རང་གི་ལག་གི་ལས་ཀ་བསྐྱུར་ནས་ཁོ་ཚོའི་སྔོན་དུ་བུད།

ཉིན་ཤས་རིང་ཞང་མཉམ་འབྲེལ་ས་ཚིགས་ཀྱི་མགོ་ཁྲིད་པ་དང་སྡེ་སྡོད་ལས་བྱེད་པ།  དེ་མིན་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་རྩྭ་སྲུང་མི་སྣ། ཏང་ཡོན་དཀྱུས་མ་བཅས་མི་30ལས་གྲུབ་པའི་རྟ་ཐོག་སྐོར་གཡེང་དྲིལ་སྒྲོག་རུ་ཁག་དེས་རྟ་ལ་ཞོན་ནས་རི་ཐང་ལ་ལུང་མང་པོ་བརྒྱུད་དེ།  ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་ནས་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་ཡོད་པ་རེད།

ལུང་ཁུག་ཅིག་ཏུ་ཆགས་པའི་མདའ་གཞུ་སྡེ་བ་ནི་ལམ་གཟར་ལ་ལུང་བ་ཟབ་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱིས་འབྲོག་ཁྱིམ་སྐོར་ཞིག་ལ་ལམ་ཡག་པོ་ཞིག་མེད་པའི་ཁར་གློག་ཀྱང་འཐེན་མེད་པས་ཆ་འཕྲིན་སོགས་དུས་ལྟར་སྒྲོག་ཐུབ་ཀྱི་མེད།  དེ་བས་ཐེངས་འདིའི་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དྲིལ་སྒྲོག་དང་།  སྨན་བཅོས་དང་ཚན་རྩལ་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་དཀའ་ཁག་མང་པོར་འཕྲད་ཡོད་པ་རེད།

རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། འབྲོང་ལུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་དུས་ཐོག་ཏུ་མདའ་གཞུ་སྡེ་བའི་གཞི་རིམ་ཏང་ཡོན་རྩ་འཛུགས་བྱས་ཏེ་རྟ་ཐོག་སྐོར་གཡེང་དྲིལ་སྒྲོག་རུ་ཁག་བཙུགས་ནས། “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རི་གྲོང་དུ་ཁྱབ་པར་བྱེད་པ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད།  དྲིལ་སྒྲོག་རུ་མི་རྣམས་ཀྱིས“ཚེ་སྲོག་ནི་རི་བོ་ཐའེ་ཧྲན་ལས་ལྗིད་ཅིང་རིམས་ནད་ནི་བཀའ་རྒྱ་ཡིན་པ།  སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན”ཞེས་པའི་ལས་འགན་ཁུར་དུ་བླངས་ནས།  རྟ་ལ་ཞོན་ཏེ་རྒྱང་ཐག་རིང་བའི་རི་སྡེ་དེའི་དགུན་ས་རུ་སོང་སྟེ། ས་གནས་གཞན་ནས་རང་ཡུལ་དུ་ལོག་མཁན་ལ་ཞིབ་བཤེར་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་བྱས།

མདའ་གཞུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་རྡོ་ཡིས་གདོང་ལ་ཡིད་ཆེས་ཀྱི་འཛུམ་ཞིག་ལངས་ནས་བཤད་རྒྱུར། “ང་ཚོ་ནི་རྟ་ཐོག་ནས་རིམས་འགོག་གནས་ཚུལ་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་མཁན་ཡིན། རྟ་ཐོག་སྐོར་གཡེང་དྲིལ་སྒྲོག་རུ་ཁག་འདི་བཙུགས་རྗེས། ཁོ་ཚོར་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་པ་དང་།  རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་སྒྲོག་འགྲེལ་གྱི་ཐབས་ལམ།  དེ་མིན་ཞིང་ཆེན་དང་ཁུལ།  རྫོང་བཅས་ཀྱི་གནས་ཚུལ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་དང་དགོས་ངེས་ཀྱི་ཆ་འཕྲིན་སོགས་ཀྱི་ནང་དོན་ཐད་གསོ་སྦྱོང་བྱས་ནས། ཐོག་མར་རྟ་ཐོག་སྐོར་གཡེང་དྲིལ་སྒྲོག་རུ་ཁག་གི་རུ་མི་རྣམས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱར་རྒྱུས་ལོན་ཡོད་པར་བྱས”ཟེར།

སངས་རྒྱས་དོན་འགྲུབ་དང་སྦྱིན་པ། བློ་བཟང་ཉི་མ་གསུམ་ནི་འཁོར་སྲུང་མི་སྣ་ཡིན་པ་དང་ཁོ་ཚོས་པགས་ཚག་མཐུག་པོ་རེ་གྱོན་འདུག་ལ་རུམ་ནས་བཏོན་པའི་དྲིལ་སྒྲོག་ལག་དེབ་སྟེང་དུ་དྲོད་ཅིག་འཁྱིལ་ནས་འདུག  རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱར་སློབ་སྦྱོང་བྱེད་དུ་ཡོང་བའི་སྒྲོལ་མ་དང་བློ་བྷ་གཉིས་ནི་སྡེ་བའི་ནང་གི་ལོ་50ལྷག་ཙམ་ལ་སླེབས་པའི་རྒན་པའི་སྐོར་རེད།  ཁོ་གཉིས་ཀྱིས་དྲིལ་སྒྲོག་རུ་མི་རྣམས་ཧ་ཅང་གྲང་བཞིན་པའི་རྣམ་པ་དེ་མཐོང་སྐབས་སྙིང་རྗེ་བའི་ངང་“ཁྱོད་ཚོས་དཀའ་ལས་མྱངས་སོང་།  དཀའ་ལས་མྱངས་སོང་།  ཁྱོད་ཚོ་ནི་མི་དམངས་མང་ཚོགས་ཀྱི་བདེ་སྲུང་བ་ཡག་པོ་དེ་རེད”ཟེར་ནས་བསྔགས་བརྗོད་བྱེད་བཞིན་འདུག

ནམ་ཟླར་གྲང་ངར་ཆེ་ནའང་རྟ་ཐོག་སྐོར་གཡེང་དྲིལ་སྒྲོག་རུ་ཁག་དེས་ཁ་བ་བུ་ཡུག་ལ་གཏན་ནས་མི་འཛེམ་པར་རང་རང་གིས་བཟུང་བའི་ལམ་བྲོ་དང་སྐོམ་ཆུ་ཉུང་ཙམ་དེ་ལ་བརྟེན་ནས་རི་ལམ་མང་པོ་ཞིག་བརྒལ་བཞིན་འབྲོག་ཁྱིམ་རེ་རེར་སོང་སྟེ།  རྒྱ་སྐད་མི་གོ་བའི་འབྲོག་པ་རྣམས་ལ་ཉན་སྤྲོ་ཞིང་གོ་བདེ་བའི་ཡུལ་སྐད་ཀྱི་རྣམ་པ་སྤྱད་དེ་ཏོག་དབྱིབས་གློ་ཚད་ཀྱི་ཚབས་ཆེའི་རང་བཞིན་དང་གནོད་འཚེའི་རང་བཞིན་སྐོར་གྱི་ཤེས་བྱ་དེ་འབྲོག་པ་མང་ཚོགས་རྣམས་ལ་གསལ་བོར་ངེས་སུ་བཅུག 

དེ་བས་ཁོ་ཚོའི་དྲིལ་སྒྲོག་གི་བྱ་བ་དེར་འབྲོག་པ་མང་ཚོགས་ཀྱིས་ཡིད་ཆེས་དང་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད་བསྟོད་བསྔགས་ཀྱང་ཆེན་པོ་བྱེད་བཞིན་ཡོད་པས་རྟ་ཐོག་སྐོར་གཡེང་དྲིལ་སྒྲོག་རུ་ཁག་གི་རུ་མི་རྣམས་ཀྱིས་ཀྱང་རང་ཉིད་བློ་ཡིད་ཚིམ་པའི་བྱ་བའི་གྲུབ་འབྲས་རེ་རེ་སེམས་སུ་བཟུང་ནས་ཕྱིར་ལོག་བཞིན་ཡོད།

དྲིལ་སྒྲོག་རུ་ཁག་དེ་དང་མཉམ་དུ་འགྲོ་བཞིན་པའི་སྡེ་བའི་སྨན་པ་སྐར་བྷོ་ཡིས་བཤད་རྒྱུར།   “ང་རང་ནི་སྨན་པ་ཞིག་ཡིན་པའི་ངོས་ནས་རིགས་སོ་སོའི་མང་ཚོགས་ཀྱིས་སྨན་བཅོས་ཞབས་ཞུའི་ཐད་རེ་སྒུག་བྱེད་པ་ནི་ང་རང་མདུན་དུ་བསྐྱོད་པའི་སྒུལ་ཤུགས་ཡིན། དེ་བས་རང་ཉིད་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་རྫོང་ཏང་ཨུའི་བྱ་བའི་བླང་བྱ་གཞིར་འཛིན་པ། རང་གི་བྱ་བའི་ལས་འགན་ལ་རྐང་འཛུགས་པ་བཅས་བྱས་ནས། གཞི་རིམ་གྱི་འབྲོག་པ་མང་ཚོགས་ལ་སྔར་ལས་ལྷག་པའི་ཞབས་འདེགས་ལེགས་པོ་ཞུ་རྒྱུ་ཡིན”ཟེར།

སྐོར་གཡེང་སྒྲོག་འགྲེལ་རུ་ཁག་དེའི་རུ་མི་རྣམས་ཀྱིས་རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་ཡག་པོ་བྱེད་པའི་ཞོར་དུ་རང་ཉིད་ལའང་བླང་བྱ་ཁག་བཅུ་བཏོན་ཡོད་དེ།  ནང་མི་དང་གཉེན་ཉེ་གྲོགས་པོ་ཚོར་ལོ་སར་སྐབས་སུ་ལྷན་འཛོམས་མི་བྱེད་པ་དང་། གསོལ་སྟོན་མི་བཤམ་པ།  ཆོས་ལུགས་བྱེད་སྒོ་སོགས་ལ་མི་ཞུགས་པའི་ཁ་ཏ་བསླབ་བྱ་གཏོང་རྒྱུ་དང་། རང་སོ་སོའི་ཁོངས་གཏོགས་སུ་ཕྱི་ནས་ཡོང་བའི་མི་སྣར་ཞིབ་བཤེར་བྱེད་པའི་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས་པ། སྐོར་གཡེང་བྱེད་སྐབས་སུ་སྐོར་གཡེང་རུ་ཁག་གི་དྲིལ་སྒྲོག་པས་ཆང་རག་འཐུང་བ་དང་རུ་ཉུལ་བྱེད་པ། ཕྱོགས་གཅིག་ཏུ་འདུས་ནས་ཁ་བརྡ་བྱེད་པ་བཅས་གཏན་འགོག་བྱེད་པ། རང་སྟེང་གི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཕྱི་རུ་འགྲོ་དུས་ངེས་པར་དུ་ཁ་ཐུམ་རྒྱག་པ་དང་ཁྱིམ་དུ་ལོག་དུས་ལག་པ་བཀྲུ་དགོས་པ།  ཕྱི་ནས་སྡེ་བའི་ནང་དུ་ཡོང་བའི་མི་སྣས་ཐོ་འགོད་ཡག་པོ་བྱེད་པ་དང་འབྲེལ་དུས་ཐོག་ཏུ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སོགས་ལ་ཡར་ཞུ་བྱེད་དགོས་པ་བཅས་རེད།

ཉིན་ཤས་རིང་སྐོར་གཡེང་དྲིལ་སྒྲོག་རུ་ཁག་གི་མི་སྣ་རྣམས་བསྟུད་མར་ཁྱིམ་ཚང་རེ་རེར་སོང་ནས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བདེ་ཐང་ཁྲིད་དེབ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་དྲིལ་སྒྲོག་ལག་དེབ་སོགས་དེབ་200ལྷག་ཙམ་མི་དམངས་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་དང་། ཕྱི་ཕྱོགས་ནས་ཕ་ཡུལ་དུ་ལོག་པའི་མི་སྣ13ལ་ཞིབ་བཤེར་ཐོ་འགོད་བྱེད་པ་བཅས་བྱས་ཏེ།  དྲང་ནུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་ཆེད་རོང་འབྲོག་ཁུལ་གྱི་མཉམ་འགོག་མཉམ་བཅོས་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་སྒྲིག་གཞི་བཙུགས་ནས། སྲིད་ཇུས་གསལ་འགྲེལ་དང་འགོག་སྲུང་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ངང་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས།

                                                                   ལོ་ཙཱ་བ།  གཡང་འབུམ་རྒྱལ།