ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གི་གསུང་བཤད།
2020.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 722

ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་

    ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་

       བཀོད་སྒྲིག་གྲོས་ཚོགས་སྟེང་གི་གསུང་བཤད།


ཞི་ཅིན་ཕིང་།

བློ་མཐུན་རྣམ་པ།

དེ་རིང་ང་ཚོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས་པ་ནི། གཙོ་བོ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། གོམ་རིམ་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱེད་རྒྱུ་དེ་ཡིན། ཞོལ་ནས་ངས་གྲོས་གཞི་འགའ་འདོན།

གཅིག  དུས་སྐབས་སྔོན་མའི་རིམས་ནད་འགོག་བཅོས་བྱ་བའི་སྐོར།

ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། མགྱོགས་མྱུར་སྒོས་བཀོད་སྒྲིག་བྱས་པ་དང་། ཁྱོན་ཡོངས་ནས་རིམས་ནད་འགོག་བཅོས་ཀྱི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་ལ་ཤུགས་བསྣན།  ཟླ་དང་པོའི་ཚེས་བདུན་ཉིན། ངས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས། རིམས་ནད་འགོག་བཅོས་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ལ་རེ་བ་བཏོན། ཟླ་དང་པོའི་ཚེས་ཉི་ཤུའི་ཉིན། ངས་ཆེད་དུ་རིམས་ནད་འགོག་བཅོས་བྱ་བར་མཛུབ་སྟོན་བྱས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ཨང་དང་པོར་བཞག་ནས། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། རིམས་ནད་རྒྱ་ཡན་དུ་མཆེད་པའི་གནས་བབ་རྩ་བ་ནས་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན། ལོ་གསར་ཚེས་གཅིག་ཉིན། ངས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་རིམས་ནད་འགོག་བཅོས་བྱ་བར་ཡང་བསྐྱར་ཞིབ་འཇུག་དང་ཡང་བསྐྱར་བཀོད་སྒྲིག   ཡང་བསྐྱར་སྐུལ་སློང་བཅས་བྱས་ཏེ། ཀྲུང་དབྱང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་པ་དང་།  ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་མངག་རྒྱུ་ཐག་བཅད་པ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་རྐྱེན་སྲོལ་གྱིས་མཐུན་སྦྱོར་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་པའི་རེ་བ་བཏོན། དེའི་རྗེས་སུ། ངས་ཡང་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་དང་། ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་ཐེངས་གཅིག་བཅས་བསྡུས་ཏེ། རིམས་ནད་འགོག་བཅོས་བྱ་བ་དང་ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་གསོ་བྱ་བར་ཆེད་དོན་ཞིབ་འཇུག་བྱས། ཟླ་གཉིས་པའི་ཚེས་བཅུའི་ཉིན། ང་རང་པེ་ཅིན་གྲོང་ཁྱེར་དུ་སོང་ནས་རིམས་ནད་འགོག་བཅོས་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། བརྙན་འཕྲིན་ཁ་པར་བརྒྱུད་ནས་ཧུའུ་པེ་དང་ཝུའུ་ཧན་གཉིས་ཀྱི་རིམས་འགོག་གཡུལ་སའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་ཧུའུ་པེ་བཀོད་འདོམས་པུའི་བྱ་བའི་ཡར་ཞུར་ཉན་པ་ཡིན། ངས་ད་དུང་འགོ་འཛིན་བྱས་ནས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱི་གྲོས་ཚོགས་བསྡུས་ཏེ། རིམ་པ་མི་འདྲ་བ་ནས་རིམས་ནད་འགོག་བཅོས་བྱ་བ་ལེགས་པོར་བསྒྲུབ་པར་བླང་བྱ་བཏོན་པ་ཡིན། ཏང་ཀྲུང་དབྱང་གིས《ཏང་གི་མགོ་ཁྲིད་ལ་ཤུགས་བསྣན་ཏེ་རིམས་ནད་འགོག་བཅོས་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས། ངས་དུས་དང་རྣམ་པ་ཀུན་དུ་རིམས་ནད་འགོག་བཅོས་བྱ་བར་དོ་ཁུར་བྱེད་ཀྱིན་ཡོད་ལ། ཉིན་རེ་རེར་ངག་ཐོག་ནས་མཆན་བཀོད་མཛུབ་སྟོན་བྱས་པ་ཡིན། ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་དུས་ཐོག་ཏུ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཧུར་ཐག་གིས་བྱ་བ་སྒྲུབ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་རྐྱེན་སྲོལ་གྱིས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་གིས་བྱ་སྤྱོད་སྤེལ་ཏེ། དུས་ཚོད་བརྩོན་ལེན་སྒོས་ནད་གདོན་དང་འཐབ་རྩོད་བྱས་ནས། ནད་གདོན་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་ཆེན་པོ་གྲུབ་ཡོད།

ཉེན་ཁ་དང་གོད་ཆག་ལ་འཕྲད་དུས་མདུན་དུ་མཆོང་བའི་དཔའ་བོའི་རང་མདངས་མངོན། ཐེངས་འདིའི་ཛ་དྲག་གི་འཐབ་འཛིང་ཁྲོད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་སྔོན་ལ་གདོང་མཆོང་དང་འགྱུར་མེད་འབད་འཐབ་བྱས་ཏེ། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས། རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱིས་བདེན་དོན་དུ་ཕྱིར་བཤོལ་མི་བྱེད་པ་དང་ཉིན་མཚན་དབྱེར་མེད་དུ་འབད་འཐབ་བྱས་ཏེ། སྲོག་སྐྱོབ་སྨན་བཅོས་དང་བདག་པས་གཞན་གཅེས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་བཀའ་ཐོས་འཕྲལ་འགུལ་དང་དམག་འཐབ་དྲག་པོ་བྱེད་ཕོད་པར་བྱས་ཏེ། མི་དམངས་བུ་སྤུན་དམག་མིའི་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར་གྱི་ཆབ་སྲིད་ཀྱི་གཤིས་སྤྱོད་མཚོན་པར་བྱས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དམངས་སེམས་གཅིག་མཐུན་དང་སོ་སྲུང་རོགས་རེས་བྱེད་པ། ཁྱད་པར་དུ་ཝུའུ་ཧན་མི་དམངས་དང་ཧུའུ་པེ་མི་དམངས་ཀྱིས་ཆེ་ཕྱོགས་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་དང་རང་རྟོག་སྒོས་རིམས་ནད་འགོག་བཅོས་བྱ་བར་གཞོགས་འདེགས་བྱས་ཏེ། བློ་བརྟན་འགྱུར་མེད་གྱི་འབད་འཐབ་སྙིང་སྟོབས་མཚོན་པར་བྱས། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་སྒྲུབ་མཁན། སྡོད་ཁུལ་གྱི་ལས་བྱེད་མི་སྣ་སོགས་ཀྱིས་ཉིན་མཚན་དབྱེར་མེད་དུ་ལས་གནས་བརྟན་བསྲུང་བྱས་པ་དང་། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཉེན་ཁར་མི་འཛེམ་པར་འཐབ་ཕྱོགས་དང་པོར་ཞུགས་པ། རྒྱ་ཆེའི་དང་བླངས་པ་སོགས་ཀྱིས་ལྷག་བསམ་སྐྱེས་འབུལ་དང་ངལ་བ་ཁྱད་བསད་བྱས་ཏེ། རིམས་ནད་འགོག་བཅོས་བྱ་བར་བྱས་རྗེས་ཆེན་པོ་བཞག  འཕྲོད་བསྟེན་བདེ་ཐང་དང་འཕེལ་རྒྱས་བཅོས་སྒྱུར། བཟོ་ལས་ཆ་འཕྲིན་དང་ཚོང་དོན། ཕྱི་འབྲེལ་དང་ཕྱི་ཕྱོགས་མནའ་འབྲེལ། འགྲིམ་འགྲུལ་སྐྱེལ་འདྲེན།  ཞིང་ལས་ཞིང་སྡེ། འཕྲལ་སྒྲུབ་དོ་དམ། ནོར་སྲིད་དངུལ་རྩ། རིག་གནས་ཡུལ་སྐོར། ཚན་རྩལ་སློབ་གསོ། ཚོང་ར་ལྟ་སྐུལ། སྤྱི་ཚོགས་སྨན་བཅོས་ཉེན་ཚབ། ཐོན་ཁུངས་ཁོར་ཡུག  རྒྱལ་ཁོངས་་ཐོན་ཁུངས་དང་ནགས་ཚལ། རྩྭ་ཐང་སོགས་སྡེ་ཁག་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་རྩ་འཛུགས། དྲིལ་སྒྲོག   འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས་སོགས་འཐབ་ཕྱོགས་སོ་སོས་རང་འགན་རང་འཁུར་བྱས་ཤིང་། དམངས་ཆེན་དང་སྲིད་གྲོས། དེ་མིན་མི་དམངས་ཚོགས་པ་སོ་སོས་རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་བླངས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་འགོག་རྒོལ་འཐབ་འཛིང་ལ་རྒྱབ་སྐྱོར་བྱས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་ཞང་ཀང་། ཨོ་མོན། ཐེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱི་སྡོད་སྤུན་ཟླ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཞལ་འདེབས་ཕུལ་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད།

ཉེ་བའི་དུས་སྐབས་ཤིག་གི་ནང་ང་ཚོས་གཙོ་བོ་གཤམ་གྱི་བྱ་བ་འགའ་ལེགས་པོར་བསྒྲུབས་ཡོད།

གཅིག་ནི་དུས་ཐོག་ཏུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཇུས་བྱེད་ཐབས་གཏན་འབེབས་བྱས་པ་ཡིན། དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ན་ཐོག་མར་འཐབ་ཇུས་བྱེད་ཐབས་ཡང་དག་པ་ཅིག་ཡོད་དགོས། ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་ཕྱོགས་བསྡུས་ཞིབ་གཅོད་བྱས་ཏེ། དུས་ཐོག་ཏུ་ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་ཁུར། ཚན་རིག་འགོག་བཅོས། གནད་སྨིན་ཇུས་འདོན་གྱི་སྤྱིའི་རེ་བ་བཏོན་པར་མ་ཟད། རིམས་ནད་རྒྱ་ཡན་དུ་མཆེད་པའི་གནས་བབ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། རིམས་ནད་འགོག་བཅོས་གི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་སྤྱིའི་དམིགས་འབེན་གསལ་བོར་བསྟན། ང་ཚོས་ཁྲིམས་ལྟར་ཏོག་གསར་གློ་ཚད་དེ་ཁ་པའི་རིགས་ཀྱི་འགོས་ནད་ཁྲོད་བཞག་པ་དང་། ཀ་པའི་རིགས་ཀྱི་བྱེད་ཐབས་སྤྱད་དེ་དོ་དམ་ནན་མོ་བྱས་ཤིང་། ང་ཚོས་རྒྱལ་ཡོངས་བསམ་ཇུས་གཅིག་ཏུ་རྒྱུན་འཁྱོངས་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་འདོམས་བྱས་ཏེ་རིམས་ནད་འགོག་བཅོས་བྱ་བར་རྒྱབ་སྐྱོར་བྱེད་པ་དེ་འགན་སྲུང་གལ་ཆེན་དུ་བརྩི་བ་དང་། འགོས་ནད་ཀྱི་འབྱུང་ཁུངས་ཚོད་འཛིན་དང་འགོས་ལམ་གཅོད་པ་དེ་ཤུགས་འདོན་ས་གཙོ་བོར་བརྩིས་ཤིང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམས། གཅིག་གྱུར་བྱ་སྤྱོད་བཅས་ལ་ཤུགས་བསྣན་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བསླངས། ང་ཚོས་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཡར་ཞུ། སྔ་མོ་ནས་ལོགས་བཀར། སྔ་མོ་ནས་སྨན་བཅོས་བྱེད་པའི་འགོག་བཅོས་ཚོད་འཛིན་གྱི་རེ་བ་བཏོན་པ་དང་།  ནད་པ་གཅིག་བསྡུས་དང་ཆེད་མཁས་པ་གཅིག་བསྡུས། ཐོན་ཁུངས་གཅིག་བསྡུས།  སྨན་བཅོས་གཅིག་བསྡུས་བཅས་ཀྱི་སྲོག་སྐྱོབ་སྨན་བཅོས་ཀྱི་རེ་བ་བཏོན་པར་མ་ཟད། བསྡུ་ཉར་སྨན་བཅོས་བྱས་ཚད་དང་དྲག་སྐྱེད་འབྱུང་ཚད་ཇེ་མཐོར་གཏོང་བ་དང་། རིམས་ནད་ཀྱི་འགོས་ཚད་དང་ནད་ཀྱི་རྐྱེན་པས་ཤི་ཚད་ཇེ་ཉུང་དུ་གཏོང་བ་དེ་ལས་འགན་གཙོ་བོར་བརྩིས་ནས་དམ་འཛིན་བྱས། ང་ཚོས་ས་ཁུལ་གྱི་ཁྱད་ཆོས་དང་ནད་ཡམས་གནས་བབ་ལ་དམིགས་ཏེ་སྐབས་བསྟུན་ཇུས་འདོན་བྱས་ཤིང་། ཝུའུ་ཧན་དང་ཧུའུ་པེ་གཉིས་རྒྱལ་ཡོངས་ཀྱི་འཐབ་ར་གཙོ་བོར་བཟུང་བ་དང་། ཞིང་ཆེན་གཞན་པར་རིགས་བཀར་ནས་མཛུབ་སྟོན་བྱེད་པར་ཤུགས་བསྣན་ཏེ། འགོག་བཅོས་ཀྱི་རགས་བཞིའི་འགོག་སྲུང་བརྟན་སྲུང་དང་། རིམ་པ་རེ་རེ་བཞིན་དུ་སྐུལ་སྤེལ་དང་གཏིང་ཟབ་ཏུ་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཁྱོན་ཡོངས་ནས་སྐུལ་སློང་དང་ཁྱོན་ཡོངས་ནས་བཀོད་སྒྲིག  ཁྱོན་ཡོངས་ནས་ཤུགས་སྣོན་བཅས་ཀྱི་འཐབ་ཇུས་རྣམ་པ་གྲུབ་པར་བྱས།

གཉིས་ནི་ཝུའུ་ཧན་དང་ཧུའུ་པེ་གཉིས་ཀྱི་རིམས་འགོག་ལ་ཤུགས་སྣོན་པར་གཅིག་གྱུར་གྱིས་བཀོད་འདོམས་བྱས། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། ཏང་ཀྲུང་དབྱང་གིས་འཕྲལ་ཐག་ཆོད་པོས་ཧུའུ་པེ་ཞིང་ཆེན་གྱིས་མི་སྣ་འགྲོ་འོང་ལ་ཁྱོན་ཡོངས་ནས་དོ་དམ་ཚོད་འཛིན་ནན་མོ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཐབས་ཇུས་འདི་འདོན་པར་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ་ཞིག་ཡོད་དགོས་མོད། འོན་ཀྱང་འཕྲལ་ཐག་གཅོད་དགོས་པའི་དུས་སུ་ངེས་པར་དུ་འཕྲལ་ཐག་གཅོད་དགོས་པས།  སོམ་ཉི་བྱས་ནས་སྐབས་བབ་ཐག་གཅོད་མ་བྱས་ཚེ།  རང་གིས་རང་ལ་རྙོག་དྲ་བཟོ་སྲིད། ཏང་ཀྲུང་དབྱང་གིས་ཝུའུ་ཧན་དང་ཧུའུ་པེ་གཉིས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། ནང་ནས་ཁྱབ་པ་དང་ཕྱི་ནས་མཆེད་པ་སྔོན་འགོག་བྱེད་པར་རེ་བ་གསལ་བོ་བཏོན་པ་དང་། སྔར་ལས་གཟབ་ནན་ཡིན་ཞིང་དམིགས་ཡུལ་དྲག་པོ་ལྡན་པ།  ཕན་ནུས་ཆེན་པོ་ལྡན་པའི་བྱེད་ཐབས་སྤྱད་དེ། རིམས་ནད་རྒྱ་ཡན་དུ་མཆེད་པའི་གནས་བབ་བཀག་འགོག་བྱེད་དགོས་པ་ནན་གྱིས་བསྟན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཧུའུ་པེ་དང་ཝུའུ་ཧན་གཉིས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་མཛུབ་སྟོན་དང་ལྟ་ཞིབ་ལ་ཤུགས་བསྣན། ང་ཚོས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རོགས་སྐྱོར་བྱས་པ་དང་། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་ཉེར་དགུ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། དམག་དཔུང་སོགས་རྩ་འཛུགས་བྱས་ཏེ་སྨན་བཅོས་རུ་ཁག་སུམ་བརྒྱ་སུམ་ཅུ་ལྷག་དང་སྨན་བཅོས་མི་སྣ་ཁྲི་བཞི་སྟོང་གཅིག་དྲུག་བརྒྱ་ལྷག་རོགས་སྐྱོར་བྱེད་པར་མངགས་པ་དང་། མགྱོགས་མྱུར་སྒོས་ཧོ་ཧྲིན་ཧྲན་དང་ལེ་ཧྲིན་ཧྲན་སོགས་གཅིག་བསྡུས་སྒོས་ནད་པ་བསྡུ་ཉར་སྨན་བཅོས་བྱེད་སའི་སྨན་ཁང་དང་སྒྲོམ་ཁྱིམ་སྨན་ཁང་བཙུགས་ཤིང་། ཐབས་བརྒྱ་ཇུས་སྟོང་གིས་ནད་ཁྲི་མཁོ་སྤྲོད་བྱས་ཏེ། སྔོན་ལ་ཝུའུ་ཧན་དང་ཧུའུ་པེ་གཉིས་ལ་མཁོ་བའི་སྨན་སྤྱོད་དངོས་རྫས་འགན་སྲུང་བྱས་པར་མ་ཟད། ཞིང་ཆེན་བཅུ་དགུ་བཀོད་སྒྲིག་བྱས་ནས་ཁ་གཏད་རོགས་སྐྱོར་བྱས། ཧུའུ་པེ་དང་ཝུའུ་ཧན་གཉིས་ཀྱི་དུས་སྐབས་སྔོན་མའི་རིམས་ནད་འགོག་བཅོས་བྱ་བའི་ཁྲོད་གནས་པའི་གནད་དོན་ཚབས་ཆེན་ལ་དམིགས་ནས། ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་དག་ཐེར་ལེགས་སྒྲིག་གི་རེ་བ་བཏོན་པར་མ་ཟད། ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཝུའུ་ཧན་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་ཚན་ཁག་ལེགས་སྒྲིག་བྱས་པ་ཡིན།

གསུམ་ནི་ས་ཁུལ་གཞན་དག་གི་རིམས་ནད་འགོག་བཅོས་བྱ་བར་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་བྱས། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་སོ་སོས་སྔ་རྗེས་སུ་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཆེན་པོའི་རིམ་པ་དང་པོའི་འབོད་སྐུལ་དང་ལེན་བྱེད་མགོ་བརྩམས་ཏེ། མཉམ་འགོག་མཉམ་སྲུང་དང་མང་ཚོགས་ཀྱིས་མཉམ་འགོག་མཉམ་སྲུང་གི་མ་ལག་བཙུགས། རིམས་ནད་བྱུང་བའི་དུས་དེ་ནི་ཏག་ཏག་མི་རྣམས་ལོ་སར་བར་ཕྱིར་ཕ་ཕུལ་དུ་ལོག་པའི་སྐབས་དང་འཁེལ་ཡོད་པས། རྒྱལ་ཡོངས་ཀྱི་ངོས་ཐད་ནས་རིམས་ནད་རྒྱ་ཡན་དུ་མཆེད་པའི་གནས་བབ་བཀག་འགོག་བྱེད་ཆེད། ང་ཚོས་སྤྱི་ཚོགས་ལ་མི་སྣ་འགྲོ་འོང་ཇེ་ཉུང་དུ་གཏོང་བ་དང་། རིམས་ནད་ལ་འགོག་རྒོལ་བྱེད་པར་རམ་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དུས་ཐོག་ཏུ་ལོ་གསར་གྱི་ངལ་གསོའི་ཉི་མ་ཇེ་རིང་དུ་བཏང་སྟེ།  ལོ་གསར་སྐྱེལ་འདྲེན་སྐབས་སུ་རིམས་ནད་མཆེད་སྲིད་པ་གཏན་འགོག་བྱས་པ་དང་ཆབས་ཅིག  པེ་ཅིན་དང་ཀྲེ་ཅང་། ཀོང་ཏུང་སོགས་མི་གྲངས་འཁོར་སྐྱོད་ཀྱི་ཞིང་ཆེན་ཆེན་པོ་དང་གྲོང་ཁྱེར་ཆེན་པོ། དེ་མིན་ཧུའུ་པེ་མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་ཕྱི་ནས་མཆེད་པ་དང་ནང་ནས་འགོས་ཁྱབ་འབྱུང་བ་སྔོན་འགོག་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། ལོ་སར་རྗེས་མི་རྣམས་ཕྱོགས་ཡར་མར་མང་དུ་འགྲོ་བ་ལས་ཐོན་སྲིད་པའི་རིམས་ནད་མཆེད་པའི་ཉེན་ཁར་དམིགས་ཏེ། ང་ཚོས་སྔ་སྣུར་སྒོས་སློབ་མགོ་རྩོམ་པ་ཕྱིར་འགྱངས་བྱེད་པ་དང་སྐབས་བསྟུན་སྒོས་ལས་ཀ་སླར་གསོ་བྱེད་པ། འཚང་ཁར་གཡོལ་ནས་འགྲོ་བ་བཅས་ལ་བཀོད་སྒྲིག་བྱས་ཏེ། བདེ་ཐང་ལྟ་ཞིབ་ཚད་ལེན་དང་མི་སྣའི་དོ་དམ་སོགས་ཀྱི་ཐད་ལ་བྱེད་ཐབས་ནན་མོ་སྤྱད་པ་ཡིན།

བཞི་ནི་སྨན་སྤྱོད་དངོས་རྫས་དང་འཚོ་བའི་མཁོ་ཆས་ཀྱི་སྐབས་བསྟུན་མཁོ་སྤྲོད་ལ་ཤུགས་བསྣན། རིམས་ནད་འགོག་བཅོས་ཀྱི་འགོག་རྒོལ་འཐབ་རྩོད་སྤེལ་སྐབས། དོན་དངོས་ཐོག་མཁོ་སྒྲུབ་འགན་སྲུང་དམག་འཐབ་ཀྱང་སྤེལ་བ་ཡིན། ང་ཚོས་བྱེད་ཐབས་ཧུར་ཐག་སྤྱད་དེ། སྨན་སྤྱོད་འགོག་སྲུང་གྱོན་ཆས་དང་ཁ་ཐུམ་སོགས་རིམས་ནད་འགོག་སྲུང་གི་ཉེར་མཁོའི་སྨན་བཅོས་དངོས་རྫས་ཀྱི་ཐོན་སྐྱེད་ཁེ་ལས་ཀྱིས་མགྱོགས་མྱུར་ངང་ལས་ཀ་སླར་གསོ་བྱེད་པ་དང་བྱེད་སྟངས་སྣ་མང་གིས་ཐོན་ནུས་རྒྱ་བསྐྱེད་པ་དང་ཐོན་ཚད་འཕར་སྣོན་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། དངོས་རྫས་གལ་ཆེན་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་གཏོང་ལག་བསྟར་བྱས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཐོགས་པ་མེད་པའི་གཞུང་ལམ་བཏོད་ཅིང་། བྱེད་ཐབས་སྣ་མང་སྤྱད་དེ་གནད་སའི་ས་ཁུལ་གྱི་སྨན་སྤྱོད་དངོས་རྫས་དང་འཚོ་བའི་མཁོ་ཆས་འདོན་སྤྲོད་ལ་འགན་སྲུང་བྱས། ང་ཚོས་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་འཁོར་རྒྱུགས། མཁོ་སྤྲོད་བཅས་ཀྱི་རྩ་འཛུགས་བྱ་བ་དམ་འཛིན་བྱས་ཏེ། རྡོ་སོལ་དང་གློག  སྣུམ་རླངས་བཅས་ཀྱི་མཁོ་སྤྲོད་ལེགས་པོར་བསྒྲུབ་པ་དང་། རྒྱལ་ཡོངས་ཀྱི་འཚོ་བའི་མཁོ་ཆས་ཚོང་རའི་སྤྱི་ཡོངས་ཀྱི་བརྟན་འཇགས་ལ་འགན་སྲུང་བྱས་ཤིང་། ང་ཚོས་སྟོབས་ཤུགས་ཡོད་རྒུས་སྨན་རྫས་ཞིབ་འཇུག་དང་ནད་ཐོག་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།

ལྔ་ནི་དོན་ངོ་མའི་ཐོག་ནས་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱས། རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྟེང་།  རིམས་ནད་ཆེན་པོ་དང་གནོད་འཚེ་ཆེན་པོ་ཡིས་རྟག་པར་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་དུ་གྱུར་བ་དེས་ཀྱང་རིམས་ནད་འགོག་བཅོས་ཐད་ལ་རྣག་ཐོག་ཁབ་གཙག་གི་དཀའ་ཁག་ཆེན་པོ་བཟོས། ང་ཚོས་སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་བྱ་བ་ལེགས་པོར་བསྒྲུབ་པར་སྐུལ་འདེད་བཏང་སྟེ། རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་དུ་ཐོན་སྲིད་པའི་གནད་དོན་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་བྱས་པ་དང་། སྨན་བཅོས་སྒྲིག་ལམ་དང་ཚོང་རའི་སྒྲིག་ལམ་སོགས་སྲུང་སྐྱོབ་བྱས་ནས། རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་ཞིང་། མང་ཚོགས་ཀྱི་སེམས་ཁམས་ཁྲིད་སྟོན་ལ་ཤུགས་བསྣན། རིམས་ནད་འགོག་བཅོས་ཀྱི་དུས་སྐབས་སྔོན་མར། མགྱོགས་མྱུར་སྒོས་རིམས་ནད་རྒྱ་ཡན་དུ་མཆེད་པ་བཀག་འགོག་བྱེད་ཆེད། འགྲིམ་འགྲིམ་བཀག་སྡོམ་གྱི་བྱེད་ཐབས་ནན་མོ་སྤྱོད་པ་ནི་དགོས་ངེས་ཆེ་བ་ཞིག་ཡིན། འོན་ཀྱང་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ས་གནས་ཁ་ཤས་སུ་ཐལ་དྲགས་ཀྱི་བྱ་སྤྱོད་བྱུང་བས། ང་ཚོས་དུས་ཐོག་ཏུ་ས་གནས་སོ་སོར་ཡོ་བསྲང་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ད་ལྟ་འགྲིམ་འགྲུལ་ལམ་ཐིག་གཙོ་བོའི་སྒྲིག་ལམ་ཕལ་ཆེར་རྒྱུན་ལྡན་དུ་གྱུར་ཡོད།

དྲུག་ནི་དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན། ང་ཚོས་དྲིལ་སྒྲོག་གླེང་ཕྱོགས་བྱ་བའི་ཤུགས་ཚད་རྒྱ་བསྐྱེད་དེ། དྲ་ངོས་དྲ་ཕྱི་དང་རྒྱལ་སྤྱི་རྒྱལ་ནང་། དོན་ཆེན་དོན་ཆུང་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་དྲོད་ཁོལ་སྦྱིན་པ། དམངས་སེམས་གཅིག་བསྡུས་བཅས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་ཡོད། ང་ཚོས་ཆ་འཕྲིན་སྒྲོག་སྤེལ་གྱི་རྐྱེན་སྲོལ་ཚད་ལྡན་དང་འཐུས་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་དྲིལ་སྒྲོག་བྱས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་མཉམ་འགོག་མཉམ་སྲུང་གི་བྱེད་ཐབས་དང་གྲུབ་འབྲས་ལེགས་པོར་བསྒྲགས་ཤིང་། རིམས་ནད་འགོག་བཅོས་ཡུལ་དངོས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་གསལ་བོར་བརྗོད་པ། ང་ཚོས་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་ཁྱབ་སྤེལ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་རིམས་ནད་ལ་ཡང་དག་པའི་ལྟ་སྟངས་འཛིན་པར་ཁྲིད་སྟོན་བྱས་པ་དང་། རང་ཉིད་ཀྱི་ཉེན་ཟོན་འདུ་ཤེས་དང་འགོག་སྲུང་ནུས་པ་ཇེ་དྲག་ཏུ་བཏང་། ང་ཚོས་དུས་ཐོག་ཏུ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་ཁྱད་པར་དུ་མང་ཚོགས་ཀྱིས་གཅིག་བསྡུས་སྒོས་མཚོན་པའི་བདེ་སྡུག་ལ་ལན་སློག་པ་དང་། འགལ་བར་མི་བྱོལ་བར་ཧུར་ཐག་གིས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། ང་ཚོས་ཕྱི་ཕྱོགས་དྲིལ་སྒྲོག་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ་དང་། བྱེད་སྟངས་སྣ་མང་སྤྱད་དེ་རྒྱལ་སྤྱིའི་གླེང་ཕྱོགས་སུ་དུས་ཐོག་ཏུ་གཏམ་བཤད་སྤེལ་ནས།  ཀྲུང་གོའི་རིམས་འགོག་གི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། དུས་ཐོག་ཏུ་ངན་སེམས་བཅངས་བའི་མི་ལ་ལ་ཞིག་གི་དམའ་འབེབས་སྐུར་འདེབས་དང་དཀྲོག་རྐྱེན་བཟོ་བའི་གཏམ་སྤྱོད་ཐེར་འདོན་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ལ་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་ཡོད།

བདུན་ནི་ཧུར་ཐག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས། ཐེངས་འདིའི་རིམས་ནད་བྱུང་རྗེས། ང་ཚོས་ཇི་ལྟར་ཁ་གཏད་གཅོག་པ་དང་ཁ་གཏད་གཅོག་པའི་གྲུབ་འབྲས་ག་འདྲ་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཚད་མཐོན་པོ་གནངས། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་དུ་མངོན་པའི་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ཕན་འབྲས་དང་།  དེ་མིན་འགན་འཁུར་ཕོད་པའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་བཅས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ། རྒྱལ་ཁབ་བརྒྱ་དང་བདུན་ཅུ་ལྷག་གི་མགོ་ཁྲིད་པ་དང་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་བཞི་བཅུ་ལྷག་གི་འགན་ཁུར་མི་སྣས་ཁ་པར་དང་འཕྲིན་ཡིག  གསལ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རང་རེའི་རྒྱལ་ཁབ་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཀྲུང་གོས་ཁྱོན་ཡོངས་དང་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་དུས་མཚུངས་སུ། ཧུར་ཐག་དང་རང་འགུལ་སྒོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་དང་ཆ་འཕྲིན་བརྗེ་རེས་བྱས་ཏེ། མགྱོགས་མྱུར་ངང་དུག་རྒྱུ་ཁག་ཅིག་གི་གཞི་རྐྱེན་གྲུབ་ཆ་ཧྲིལ་བོའི་གོ་རིམ་མཉམ་སྤྱོད་བྱས་ནས།  མྱུར་དུ་ཞིབ་བཤེར་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཞིབ་འཇུག་གསར་བཟོ་བྱེད་པ་ལེགས་འགྲུབ་བྱུང་སྟེ། འབད་བརྩོན་སྒོས་རིམས་ནད་འདི་འཛམ་གླིང་ལ་མཆེད་པ་བཀག་འགོག་བྱས། དེ་ནི་ཀྲུང་གོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་འགན་འཁུར་བ་ཡིན་པ་མ་ཟད། འཛམ་གླིང་སྤྱི་པའི་འཕྲོད་བསྟེན་ལས་དོན་ལ་བྱས་རྗེས་བཞག་པའང་ཡིན་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན་ཀྲུང་གོས་སྤྱད་པའི་རྦད་ཆོད་ནུས་ལྡན་གྱི་འགོག་བཅོས་བྱེད་ཐབས་དེས་ཁྱད་དུ་འཕགས་པའི་མགོ་ཁྲིད་ནུས་པ་དང་ཁ་གཏད་གཅོག་པའི་ནུས་པ། རྩ་འཛུགས་སྐུལ་སློང་ནུས་པ། ལག་ལེན་མཐར་ཕྱིན་ནུས་པ་བཅས་མཚོན་པར་བྱས་ལ། རྒྱལ་ཁབ་གཞན་དག་གིས་སྒྲུབ་ཐུབ་པ་མིན་པས། འཛམ་གླིང་གི་རིམས་ནད་འགོག་བཅོས་ཐད་ལ་མིག་དཔེ་བཙུགས།

ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་རང་རེའི་རྒྱལ་ཁབ་ཏུ་བྱུང་བའི་འགོས་མཆེད་ཆེས་མགྱོགས་པ་དང་འགོས་ཁྱབ་རང་བཞིན་ཆེས་ཆེ་བ། འགོག་བཅོས་ལ་དཀའ་ཁག་ཆེས་ཆེ་བའི་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཆེན་པོ་ཐེངས་ཤིག་ཡིན་ལ། དེ་ནི་ང་ཚོར་མཚོན་ན་ཉམས་ཉེན་དང་ཉམས་སད་ཆེན་པོ་ཐེངས་ཤིག་ཀྱང་ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་བཟང་ཕྱོགས་སུ་འགྲོ་བཞིན་ཡོད། ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་གནས་བབ་ལ་རྡར་གཅོད་བྱས་པ་ཡང་དག་ཡིན་པ་དང་བྱ་བ་སྣ་ཚོགས་བཀོད་སྒྲིག་བྱས་པ་དུས་ཐོག་ཡིན་ལ། འགོག་བཅོས་ཚོད་འཛིན་ཕྱོགས་སུ་སྤྱད་པའི་བྱེད་ཐབས་ནུས་ལྡན་དང་ཕན་ནུས་ལྡན་པ་ཞིག་རེད། འགོག་བཅོས་ཚོད་འཛིན་བྱ་བའི་ཐད་བླངས་བའི་གྲུབ་འབྲས་ཀྱིས་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་དགེ་མཚན་མངོན་པར་བྱས་ཡོད།

ངས་འདི་ནས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས། ཁྱད་པར་དུ་ཧུའུ་པེ་དང་ཝུའུ་ཧན་གཉིས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། རིམས་ནད་འགོག་བཅོས་ཀྱི་ཡུལ་དངོས་དང་པོར་འབད་འཐད་བྱེད་བཞིན་པའི་རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་དང་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། འཐབ་ཕྱོགས་སོ་སོར་ཡོད་པའི་བློ་མཐུན་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན། ཞང་ཀང་དང་ཨོ་མོན་སྤུན་ཟླ་དང་ཕྱི་སྡོད་སྤུན་ཟླར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་།  རང་རྒྱལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཐད་ལ་རྒྱབ་སྐྱོར་མང་པོ་གནངས་མཁན་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས། མཛའ་མཐུན་མི་སྣ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པར་མ་ཟད། རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་དུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་བློ་མཐུན་དང་རང་སྲོག་ཤོར་བའི་སྨན་བཅོས་མི་སྣར་གདུང་སེམས་ཆེན་པོའི་མྱ་ངན་ཞུས་པ། ད་ལྟ་ད་དུང་ནད་གདོན་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་དང་ནད་པའི་ཁྱིམ་མི། ནད་ཀྱིས་ཚེ་ལས་འདས་མཁན་གྱི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན།

གཉིས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་གཙོ་བོར་ཤུགས་རྒྱག་རྒྱུའི་སྐོར།

གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཉམ་དུ་ང་ཚོས་ངེས་པར་དུ་གསལ་བོར་མཐོང་ཐུབ་པར་བྱེད་དགོས་པ་ཞིག་ནི། མིག་སྔའི་རིམས་ནད་ཀྱི་གནས་བབ་དེ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་ཡིན་པ་དང་། སྔོན་འགོག་དང་ཚོད་འཛིན་ནི་ཆེས་དཀའ་ཚེགས་ཆེ་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། སྐབས་འདིར་ངེས་པར་དུ་བག་མེད་ལྷོད་གཡེང་གི་བསམ་བློ་དང་འཐབ་རྩོད་ལ་སུན་སྣང་གི་བསམ་བློ།  སྟེས་དབང་གི་སེམས་ཁམས་དང་ལྷོད་གཡེང་གི་སེམས་ཁམས་བཅས་ལ་དོགས་ཟོན་ཆེན་པོ་བྱེད་དགོས། དེ་ལྟར་མ་བྱས་ན་མཇུག་འབྲས་ཚབས་ཆེན་འབྱུང་བ་དང་ཐ་ན་ཡར་སྔོན་གྱི་གྲུབ་འབྲས་ཚང་མ་རྩ་མེད་དུ་བཟོ་སྲིད།   རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁ་ལེན་པའི་ཡིད་ཆེས་བརྟན་པོར་བཅངས་ནས་ཨམ་གཙིགས་བསྡམས་ཏེ་མུ་མཐུད་དུ་སྔོན་འགོག་ཚོད་འཛིན་གྱི་བྱ་བ་དམ་འཛིན་ནན་མོ་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས།

མིག་སྔར་གཤམ་གྱི་བྱ་བ་གཙོ་བོ་འགའ་དམ་འཛིན་ཡག་པོ་བྱེད་དགོས།

དོན་ཚན་དང་པོ། ཧུའུ་པེ་སྲུང་སྐྱོབ་དང་ཝུའུ་ཧན་སྲུང་སྐྱོབ་བྱེད་པའི་དམག་འཐབ་མུ་མཐུད་དུ་རྒྱག་དགོས།   ཝུའུ་ཧན་རྒྱལ་ན་ཧུའུ་པེ་རྒྱལ་ཐུབ། ཧུའུ་པེ་རྒྱལ་ན་རྒྱལ་ཡོངས་རྒྱལ་ཐུབ། གྲོང་གསེབ་དང་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་ཀྱི་འགག་རྩ་གཉིས་དམ་འཛིན་བྱས་ནས། བསྡུ་ཉར་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་བྱུང་ཚད་མཐོ་རུ་བཏང་ནས་འགོས་ནད་འགོས་ཚད་དང་ནད་ཕོག་པའི་ཚད་གཞི་ཤུགས་ཆེན་པོས་ཇེ་དམའ་རུ་གཏོང་དགོས།

མཐའ་གཅིག་ཏུ་རིམས་ནད་ཁྱབ་མཆེད་དང་ཕྱིར་གཏོང་བཀག་འགོག་བྱེད་པ་དང་། གཞི་རིམ་དང་ལྷག་པར་དུ་སྡེ་ཁུལ་གྱི་སྟོབས་ཤུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རིམས་ནད་རིག་པའི་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་དྲ་བ་དམ་འཛིན་དང་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱེད་པ།  འགག་སྒོ་དམ་འཛིན་དང་རྩ་བ་ནས་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་ཀྱིས་ལེབ་བཤེར་ཞིབ་འབྱེད་བཅས་བྱེད་དགོས། ནད་གཞི་གཏན་འཁེལ་བྱུང་བའི་ནད་པའི་རིགས་བསྡུ་གཉེར་བྱེད་པ་དང་དོགས་ཡོད་ནད་པར་ཞིབ་བཤེར་བྱེད་པ།  ནད་པར་འབྲེལ་འདྲིས་ཟབ་མོ་ཡོད་མཁན་ལོགས་སུ་བཀར་བ་བཅས་བྱས་ནས། “སྔ་བཞིའི”བླང་བྱ་དོན་འཁྱོལ་བྱས་ཏེ་ཉེན་ཁའི་ལྷུ་ཚིགས་ཚང་མར་དོ་དམ་ཡག་པོ་བྱས་ནས་སྟོང་ཆ་ཅི་ཡང་ལུས་མི་རུང་།

ཕྱི་ཕྱོགས་ཀྱི་འགྲོ་འོང་གི་འགོག་སྲུང་བྱ་བར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་མུ་མཐུད་དུ་ཧུའུ་པེའི་བར་གྱི་བགྲོད་ལམ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས། སྐྱོབ་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཐབས་ལམ་མང་པོ་བརྒྱུད་ནས་ནད་བཅོས་ཉལ་ཁྲི་ཇེ་མང་དུ་གཏོང་བ། སྨན་བཅོས་ཐབས་ཇུས་སྔ་མོ་ནས་ལག་བསྟར་བྱེད་པ་བཅས་བྱས་ནས་ནད་པའི་ནད་གཞི་ཡང་བའི་དུས་སུ་དྲག་སྐྱེད་ཡོང་གང་ཐུབ་བྱེད་དགོས། ནད་གཞི་ལྕི་མོ་ཕོག་པའི་ནད་པ་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་གོ་ཆོད་པའི་ནད་བརྟག་སྨན་བཅོས་ཇུས་གཞི་མྱུར་དུ་ཁྱབ་གདལ་དུ་གཏོང་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་པ། ཕན་ནུས་མངོན་གསལ་ཡིན་པའི་སྨན་རྫས་དང་སྔོན་ཐོན་གོ་ཆོད་ཀྱི་དཔྱད་ཆས་དང་སྒྲིག་ཆས་ཚང་མ་ནད་གཞི་ལྕི་མོ་ཕོག་པའི་ནད་པ་སྐྱོབ་བཅོས་བྱ་རྒྱུར་སྔོན་ལ་དམིགས་བསལ་གྱིས་བཀོལ་སྤྱོད་དགོས། ཆུ་ཚད་མཐོ་བའི་སྨན་བཅོས་སྡེ་ཁག་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས།   ནད་གཞི་ཚབས་ཆེན་ཕོག་མཁན་སྐྱོབ་བཅོས་དང་ནད་དཔེ་མཛུབ་ཁྲིད། ཇུས་གཞི་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ལ་ཁོ་ཚོས་སྔར་ལས་ལྷག་པའི་ནུས་པ་འདོན་དགོས།

སྟོབས་ཤུགས་ཞན་པའི་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དང་ཁུལ་སོ་སོའི་རིམས་འགོག་བྱ་བ་གཅིག་གྱུར་བཀོད་འདོམས་ལེགས་པོ་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་ཧུར་ཐག་གིས་མཐུན་སྦྱོར་བྱས་ནས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཅུང་མང་བའི་གྲོང་ཁྱེར་དང་ཁུལ།  སྨན་བཅོས་སྟོབས་ཤུགས་ཞན་པའི་གྲོང་ཁྱེར་དང་ཁུལ་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས། རྫོང་དང་ཞང་གི་རིམས་འགོག་བྱ་བར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་རྫོང་ཁོངས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། “ནད་ཅན་ཞིང་སྡེ་རུ་འགྲོ་བ་”དང་“ནད་ཅན་གྲོང་ཁྱེར་དུ་ལོག་པའི་”ཉེན་ཁ་སྔོན་འགོག་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཏེ་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་བྱ་བ་མཐའ་འཁྱོངས་བྱེད་དགོས།

དོན་ཚན་གཉིས་པ། པེ་ཅིན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་དགོས། རྒྱལ་སའི་བདེ་འཇགས་དང་བརྟན་འཇགས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་དང་ཐད་ཀར་དུ་འབྲེལ་བ་ཡོད་པ་དང་།  ཕྱི་འགོག་ནང་འདྲེན་དང་ནང་ཁྱབ་སྔོན་འགོག་གི་ལྷུ་ཚིགས་ཆེན་པོ་གཉིས་དམ་འཛིན་ལེགས་པོ་བྱས་ནས།  གང་ཐུབ་ཅི་ཐུབ་ཀྱིས་འགོ་ཁུངས་གཅོད་ཐུབ་པ་དང་གང་ཐུབ་ཅི་ཐུབ་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཚོད་འཛིན་བྱེད་ཐུབ་པ་བྱ་དགོས། པེ་ཅིན་དུ་འགྲོ་སའི་བགྲོད་ལམ་གྱི་འགོག་སྲུང་ལམ་ཐིག་དང་པོ་བརྟན་སྲུང་བྱེད་པ་དང་བདེ་ཐང་ལྟ་ཞིབ་ཚད་ལེན་དང་མི་སྣའི་དོ་དམ་བྱ་བ་ཡག་པོར་བསྒྲུབ་པ།  པེ་ཅིན་དང་ཐེན་ཅིན། ཧུའུ་པེ་བཅས་ས་ཁུལ་གྱི་མཉམ་འགོག་མཉམ་བཅོས་ལ་ཤུགས་རྒྱག་པ། ཞིང་ཆེན་གཞན་དག་གིས་ཀྱང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་སྔོན་འགོག་ཚོད་འཛིན་བྱ་ཡུལ་གྱི་མི་སྣའི་དངོས་ཟོག་འགན་ལེན་ལ་ཤུགས་རྒྱག་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་དུས་ཐོག་ཏུ་བཀོད་སྒྲིག་བྱེད་པ། པེ་ཅིན་གྱི་འབྲེལ་ཡོད་སྡེ་ཁག་དང་ཚན་ཁག་གིས་རྒྱབ་སྐྱོར་བྱ་དགོས།

དོན་ཚན་གསུམ་པ།  ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་སྟོབས་ཤུགས་དང་དངོས་ཟོག་གལ་ཆེན་བཀོད་སྒྲིག་བྱེད་དགོས། སྨན་སྤྱོད་པ་དམག་དཔུང་དང་འདྲ་བ། སྨན་པ་བཀོལ་སྤྱོད་བྱེད་པ་དམག་དཔོན་བཀོལ་སྤྱོད་བྱེད་པ་དང་འདྲ་བར། སྨན་བཅོས་མི་སྣ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ངེས་པར་དུ་ཁོ་ཚོར་སྲུང་སྐྱོབ་དང་ཐུགས་ཁུར། གཅེས་སྐྱོང་བཅས་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས། མིག་སྔར་སྨན་བཅོས་མི་སྣ་ཉིས་སྟོང་ལྷག་ལ་རིམས་ནད་འགོས་ཡོད་པ་དང་། དེའི་ཁྲོད་སྨན་བཅོས་མི་སྣ་ལ་ལའི་རང་སྲོག་ཀྱང་ཤོར་བས་ངའི་ཡིད་སེམས་ཤིན་ཏུ་སྐྱོ། ཉིན་ཤས་སྔོན་ངས་དེའི་སྐོར་ནས་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་དེ།   ཧུའུ་པེ་བུའུ་ཧན་ཡི་སྨན་བཅོས་དཔུང་ཁག་དེས་བདེ་འཇགས་དང་གོ་རིམ་ལྡན་པ་དང་། གཅིག་གྱུར་འཆར་འགོད་དང་ནུས་པ་ལྡན་པ། དུས་ཐོག་ཏུ་བྱ་བ་བསྒྲུབ་པ་བཅས་ལ་འགན་སྲུང་བྱེད་དགོས། བཀོད་འདོམས་བཀོད་གཏོང་དང་མཁོ་སྒྲུབ་ཞབས་ཞུའི་འགན་སྲུང་དེ་ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་བར་བྱེད་དགོས། སྨན་བཅོས་མི་སྣའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་འཚོ་བར་འགན་སྲུང་བྱེད་པ། ངེས་པར་དུ་ངལ་གསོ་རུ་འཇུག་པ་དང་བསམ་པའི་སྐུལ་སློང་བཅས་དུས་ཐོག་ཏུ་དོན་འཁྱོལ་ལེགས་པོ་བྱ་དགོས།

“འཐབ་ས་དང་པོའི་སྨན་བཅོས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་འགོག་སྲུང་དངོས་ཟོག་དང་འཚོ་བའི་དངོས་ཟོག་འགན་ལེན་དང་འགོག་སྲུང་བྱ་ཐབས་དོན་འཁྱོལ་བྱེད་པ་དང་། གཅིག་གྱུར་བཀོད་སྒྲིག་གིས་རེས་སྐོར་ངལ་གསོ་བྱེད་པ། སེམས་གསོ་ཁྲིད་སྟོན་ལ་ཤུགས་རྒྱག་པ། གླ་ཕོགས་ཀྱི་ཐོབ་ཐང་དང་དུས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ། འཕྲོད་བསྟེན་རིམས་འགོག་གི་ཕོགས་སྣོན་ཐོབ་ཐང་བཅས་དོན་འཁྱོལ་བྱེད་པ། སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཁོ་ཚོར་རྗེས་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བྱས་ཏེ། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་བློ་སྟོབས་དང་སེམས་ཤུགས་ཆེན་པོ་བཅངས་ནས། རྒྱུན་མཐུད་སྐྱོན་བྲལ་ངང་རིམས་ནད་འགོག་པའི་འཐབ་རྩོད་ཁྲོད་ཞུགས་ཐུབ་པ་བྱེད་དགོས། སྨན་ཁང་གི་འགོས་ནད་སྔོན་འགོག་བྱ་བར་ནན་ཏན་གྱིས་ཤུགས་རྒྱག་པ་དང་སྨན་བཅོས་མི་སྣར་ཚན་རིག་དང་མཐུན་པའི་འགོག་སྲུང་དང་གསོ་སྦྱོང་ཡག་པོ་བྱས་ཏེ་འགོས་ནད་ཕོག་པའི་སྨན་བཅོས་མི་སྣ་ཚང་མར་རིན་མེད་ངང་སྨན་བཅོས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁོ་ཚོའི་རང་སྲོག་གཏོང་ཚད་ཇེ་ཉུང་དུ་གཏོང་དགོས།

འཐབ་ས་དང་པོའི་དམག་འཐབ་ནང་ཞུགས་མཁན་གྱི་སྨན་བཅོས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གི་སྲིད་ཇུས་བྱེད་ཐབས་གང་མགྱོགས་སྒོས་བཏོན་ནས། དུས་ཐོག་ཏུ་རིན་མེད་སྒོས་ལུས་པོར་བརྟག་དཔྱད་བྱེད་པ་དང་མ་འོངས་པར་གླ་ཕོགས་ཡོད་པའི་གུང་གསེང་དུས་ཚོད་ཇེ་མང་དུ་གཏོང་དགོས་པ་མ་ཟད། རིམས་འགོག་གནས་ཚུལ་དེ་ངེས་པར་དུ་ལས་མིང་ཞིབ་དཔྱད་གཏན་འཁེལ་གྱི་དམིགས་ཚད་ནང་འཇོག་དགོས།

མིག་སྔར་ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་སྲོག་སྐྱོབ་ཀྱི་སྒྲིག་ཆས་དང་དངོས་རྫས་གལ་ཆེན་ཁག་གཅིག་ད་དུང་དོ་མཉམ་གྱི་རྣམ་པར་གནས་ཡོད་པས། རྒྱལ་ནང་གི་ཐོན་སྐྱེད་རྒྱ་ཆེར་བཏང་ནས་འབྲེལ་ཡོད་སྨན་བཅོས་ཀྱི་དགོས་མཁོ་གང་མགྱོགས་ཀྱིས་བསྐང་དགོས། ཁྲོམ་རའི་མཁོ་སྤྲོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་ཏན་བྱས་ཏེ་སྔོ་ཚལ་དང་སྒོ་ཕྱུགས། ཁྱིམ་བྱ་སོགས་ཀྱི་ཐོན་སྐྱེད་ཧུར་བརྩོན་གྱིས་རྩ་འཛུགས་བྱེད་པ་དང་། ཤ་སྒོང་དང་འོ་མ་སོགས་མཁོ་སྤྲོད་ཇེ་མང་དུ་གཏོང་བ། དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱེད་ཐུབ་པ་བཅས་བྱས་ནས་འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་པའི“མཐའ་མའི་གནད་འགག”གི་གནད་དོན་དེ་ཐག་གཅོད་ལེགས་པོ་བྱ་དགོས།

དོན་ཚན་བཞི་པ། ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས། འགོས་ནད་གསར་བ་ཞིག་ཡིན་པའི་ཆ་ནས། ང་ཚོས་གློ་ཚད་གསར་བ་ལ་ཐོག་མའི་ངོས་ཟིན་བྱུང་།  རིག་ཚན་མང་པོས་སྟོབས་ཤུགས་ཕྱོགས་བསྡུས་ཀྱིས་ཚན་ཞིབ་འགག་སྒྲོལ་བྱེད་པ་དང་། འགོས་ཁུངས་དང་མཆེད་རྐྱེན་སོགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་གསོ། སློབ་ཁྲིད་སླར་གསོ་སོགས་སྔར་ལས་དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་གཏན་འབེབས་བྱ་དགོས།

སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ནད་ཐོག་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཚན་ཞིབ་ཁང་དང་མཐོ་རིམ་སློབ་གྲྭ། ཁེ་ལས་སོགས་ཀྱི་ཧུར་བརྩོན་རང་བཞིན་སྔོག་འདོན་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཕན་ནུས་ལྡན་པའི་ནད་ཐོག་སྨན་བཅོས་ཀྱི་བཀོལ་སྤྱོད་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས་སྔོན་ལ་བརྒལ་གཏོར་གསར་བ་འབྱུང་བར་བརྩོན་ལེན་བྱ་དགོས། ནད་དཔེ་དབྱེ་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ནུས་ལྡན་གྱི་ནད་བརྟག་སྨན་བཅོས་ཇུས་གཞི་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་དུ་གཏོང་དགོས། གྲངས་གཞི་ཆེན་པོའི་དབྱེ་ཞིབ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་རྒྱབ་སྐྱོར་བྱ་དགོས།

དོན་ཚན་ལྔ་པ། རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་རྒྱ་བསྐྱེད་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་སློང་ཡིན་པས། རྒྱལ་ཁབ་ཁག་གིས་ལག་རྡང་སྦྲེལ་ནས་ཁ་གཏད་འཇལ་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་གཏུག་བཟང་པོ་བྱེད་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱེད་པ། ནད་དུག་འགོག་པའི་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་རྒྱག་པ། རིམས་ནད་མཆེད་པའི་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་འགན་འཁྲི་ཡོད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲིའི་རྣམ་པ་མཚོན་པར་བྱ་དགོས།

དོན་ཚན་དྲུག་པ། གསར་འགྱུར་གླེང་ཕྱོགས་བྱ་བའི་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མུ་མཐུད་དུ་དྲིལ་སྒྲོག་དང་གསལ་འགྲེལ་ཡག་པོ་བྱེད་པ་དང་། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཅིག་གྱུར་བཀོད་འདོམས་བྱེད་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་གཏིང་ཟབ་སྒོས་སྤེལ་བ།  རིམས་ནད་ཀྱི་ཆ་འཕྲིན་ཁྱབ་སྒྲོག་བྱ་བ་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། དུས་ཐོག་དང་ཡང་དག་པ་ཡོང་བ་བཅས་བྱེད་དགོས། འཐབ་ས་དང་པོའི་སྨན་བཅོས་མི་སྣ་དང་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། དང་བླངས་པ་སོགས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དྲང་ནུས་སྤེལ་བ་དང་བདེན་ལེགས་མཛེས་གསུམ་དར་སྤེལ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

སྤྱི་དམངས་ལ་ཆ་འཕྲིན་ཐོབ་པའི་ཐབས་ལམ་གྱི་འགྱུར་ལྡོག་དང་བསྟུན་ནས་གཙོ་རྒྱུག་སྨྱན་བྱད་དྲ་ཐོག་ནས་བརྒྱུད་སྤེལ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་སློག་པ་དང་སེམས་བཟང་གི་སྐྱོན་བརྗོད་དང་། བསམ་འཆར། གྲོས་མགོ་འདོན་པ་བཅས་ལ་ནན་ཏན་གྱིས་ཉན་པ།  སྐབས་དང་བསྟུན་ནས་ངན་སེམས་བཅངས་ནས་ཚུར་རྒོལ་བྱེད་མཁན་ལ་ཁྲིམས་ལྟར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས།

དོན་ཚན་བདུན་པ། སྤྱི་ཚོགས་བརྟན་འཇགས་ཡོང་བར་ནན་གྱིས་སྲུང་སྐྱོང་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནན་གྱིས་སྤྱོད་རྒྱུ་ནི་དངོས་གནས་དགོས་གལ་ཆེ་བ་ཞིག་རེད།  ད་ལྟའི་དུས་རིམ་འདིར་སླེབས་དུས། ཧུའུ་པེ་དང་ཝུའུ་ཧན་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྕི་བའི་ས་ཁུལ་ཕུད། ཚད་ཐུབ་པའི་སྒོ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆུང་དུ་གཏོང་ཅི་ཐུབ་བྱེད་པའི་བྱེད་ཐབས་སྤྱོད་གང་ཐུབ་བྱེད་དགོས། འགལ་ཟླ་དང་རྩོད་གཞིའི་རིགས་རྩ་བ་ནས་སྔོན་འགོག་བྱེད་པ་དང་། གྲལ་བཤེར་དང་སྔོན་བརྡ་གཏོང་བ། སྣ་མང་ཅན་དུ་འགྱུར་བ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་འགོ་འབུས་རང་བཞིན་དང་འཕེལ་ཕྱོགས་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།

རང་འགུལ་ངང་སེམས་ཁམས་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྨན་བཅོས་མི་སྣ་དང་ལོགས་སུ་བཀར་བའི་མི་སྣ། ནད་པའི་ཁྱིམ་མི་བཅས་ལ་སེམས་ཁུར་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། སྨན་བཅོས་སྒྲིག་ལམ་དང་རིམས་འགོག་སྒྲིག་ལམ། ཚོང་རའི་སྒྲིག་ལམ། སྤྱི་ཚོགས་སྒྲིག་ལམ་སོགས་དཀྲུག་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།

གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུའི་སྐོར།

དཔལ་འབྱོར་དང་སྤྱི་ཚོགས་ནི་འཁོར་སྐྱོད་ཀྱི་མ་ལག་ཅིག་ཡིན་པས། དུས་ཚོད་རིང་པོར་མཚམས་འཇོག་མི་རུང་། རིམས་ནད་སྔོན་འགོག་ཚོད་འཛིན་དམིགས་སར་སླེབས་པར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  རིམས་ནད་མེད་པའི་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་གྱི་ཁེ་ལས་དང་ལས་དོན་ལས་ཁུངས་བསྐྱར་དུ་ལས་མགོ་ཚུགས་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་རྒྱུ་དེ་ནི། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དངོས་པོའི་འགན་ལེན་ནུས་ལྡན་བྱེད་རྒྱུ་དང་འབྲེལ་བ་ཡོད་པ་དང་། དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བརྟན་འཇགས་དང་ཡང་འབྲེལ་བ་ཡོད་པ།  ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་རྒྱུ་དང་འབྲེལ་བ་ཡོད་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”  འཆར་འགོད་ལེགས་འགྲུབ་བྱ་རྒྱུ་དང་འབྲེལ་བ་ཡོད་པ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་ཡོང་བ་བཅས་དང་འབྲེལ་བ་ཡོད་པ་རེད།

གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕོག་ཐུག་ཆེན་པོ་བཟོ་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཏག་ཏག་སྐབས་འདི་འདྲ་ཞིག་ལ་ང་ཚོས་ཁྱོན་ཡོངས་དང་རྩོད་སྒྲུབ། ཡུན་རིང་བཅས་ཀྱི་མིག་རྒྱང་ཐོག་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་དགོས་པ་དང་དེ་ཙམ་གྱིས་ཡིད་ཆེས་ཆེ་རུ་གཏོང་དགོས། ཕྱོགས་བསྡུས་ཀྱི་སྒོ་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་། རིམས་ནད་ཀྱི་ཕོག་ཐུག་ནི་དུས་ཡུན་ཐུང་བས་སྤྱི་ཡོངས་ནས་བཤད་ན་ཚོད་འཛིན་ཐུབ་པ་ཞིག་ཡིན་པས། ང་ཚོས་གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་དང་ཉེན་ཁར་སྐབས་བསྟུན་མཁས་པོ་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་དང་། “བརྟན་པོ་དྲུག་”གི་བྱེད་ཐབས་ལ་ཤུགས་སྣོན་པ་དང་སྲིད་ཇུས་ཀྱི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་འཕེལ་རྒྱས་གཏོང་བའི་སྦས་ཤུགས་ཆེན་པོ་དང་སྒུལ་ནུས་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ཐུབ།

དོན་ཚན་དང་པོ། ཁུལ་བགོས་རིམ་བགར་གྱིས་གནད་འཁེལ་བཟོ་ལས་ཐོན་སྐྱེད་སླར་གསོ་བྱེད་པ་ལག་བསྟར་བྱེད་པ།    གློ་ཚད་རིམས་ནད་ཐོན་རྗེས་སུ་དུས་ཐུང་ནང་ཇི་ལྟར་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱེད་དགོས་པ་དེ་ནི་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། རིམས་ནད་གནས་ཚུལ་ཇེ་དལ་དུ་སོང་རྗེས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་སླར་གསོ་ཇི་ལྟར་བྱེད་པར་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུ་དེའང་འགྲན་སློང་ཧ་ཅང་ཆེན་པོ་ཞིག་རེད། ས་ཁུལ་མི་འདྲ་བར་“གཅིག་དཔེ་བརྒྱ་འགེབས་”ཀྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་ཡོང་བར་འགོག་རྐྱེན་བཟོ་མི་རུང་ལ། སྔོན་འགོག་ཚོད་འཛིན་ལྷོད་གཡེང་དུ་བཏང་སྟེ་རྐང་རྗེས་ལག་སུབ་ཀྱང་བྱེད་མི་རུང་། ངས་ཟླ་2ཚེས་12ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་བཏོན་པའི་རིམས་ནད་མེད་པའི་སྔོན་འགོག་ཚོད་འཛིན་གཙོ་གནད་ས་ཁུལ་གྱིས་ས་ཁུལ་དང་རིམ་པ་དབྱེ་ནས་ཁྱད་པར་ཅན་གྱི་སྔོན་འགོག་ཚོད་འཛིན་ཐབས་ཇུས་གཏན་འབེབས་བྱས་པ་ནི་འདི་ལྟར་བསམ་གཞིགས་བཏང་པ་ཡིན།

ད་ལྟ། རྒྱལ་ཡོངས་སུ་རྫོང(ཆུས)1396ལ་གཏན་འཁེལ་གྱི་ནད་དཔེ་མེད་པ་དང་(46%ཟིན)ད་དུང་རྫོང(ཆུས)ལ་ལར་རིམ་རྩིས་བྱས་ན་ནད་དཔེ་ཧ་ཅང་ཉུང་བ་དང་སྤྱིར་ན་གསར་འཕར་ནད་དཔེ་མེད། ཉེན་ཁ་ཆུང་བའི་ས་ཁུལ་དེ་དག་གིས་གང་མགྱོགས་ངང་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དེ་ཕྱི་འགོག་ནང་འདྲེན་ཐོག་ལེགས་སྒྲིག་བྱས་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས། ཉེན་ཁ་འབྲིང་ཙམ་གྱི་ས་ཁུལ་གྱིས་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ནས་གོ་རིམ་ལྡན་པའི་སྒོ་ནས་ཐོན་སྐྱེད་སླར་གསོ་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་མུ་མཐུད་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་བ་དང་མཉམ་དུ་ཆ་རྐྱེན་འཛོམས་པའི་ཞིང་ཆེན་གྱིས་གདོང་ལེན་རིམ་པ་དུས་ཐོག་ཏུ་དམའ་རུ་བཏང་ནས་འཁོར་སྐྱོད་ལེགས་སྒྲིག་བྱེད་དགོས།

དོན་ཚན་གཉིས་པ། སྤྱི་ཁོག་སྲིད་ཇུས་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་གཙོ་གནད་ནི་ལྡོག་པའི་འཁོར་ཡུན་གྱི་སྙོམ་སྒྲིག་ཡིན་ཞིང་། དལ་ལྷོད་དང་ཤུགས་ཚད་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ཐུབ་པ་དང་། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁོངས་ནས་ཤུད་པ་སྔོན་འགོག་བྱེད་པ། དུས་ཐུང་གི་ཕོག་ཐུག་དེ་འཕེལ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་ཏུ་འགྱུར་བ་སྔོན་འགོག་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ནི་སྔར་ལས་དགེ་མཚན་ལྡན་པ་ཞིག་ཡིན་དགོས་པ་དང་། ནོར་སྲིད་ཀྱིས་སྐྱེད་ཀ་སྤྲོད་པ་དང་། གཞི་ཁྱོན་ཆེན་པོས་གྲོན་དངུལ་གཅོག་པ། ཁྲལ་དངུལ་འཇལ་འགྱངས་བྱེད་པ་སོགས་ཀྱི་སྲིད་ཇུས་གང་མགྱོགས་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དུས་རིམ་རང་བཞིན་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་ལ་མུ་མཐུད་དུ་ཞིབ་འཇུག་བྱས་ནས་འདོན་དགོས་པ་དང་། ལས་རིགས་ཁག་ཅིག་གི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་འབྲིང་ཆུང་རིགས་དཀའ་གནད་ལས་སྒྲོལ་བར་རོགས་རམ་བྱེད་དགོས། ཀྲུང་དབྱང་སྡེ་ཁག་སྐོར་ཞིག་གི་བསགས་འབོར་མ་དངུལ་གཅིག་བསྡུས་ཀྱིས་བེད་སྤྱོད་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་གཙོ་གནད་གཏོང་སྒོ་འགན་སྲུང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྤྱོད་དགོས།

ས་གནས་ཁ་ཤས་ཀྱི་ནོར་སྲིད་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བས་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་གླ་ཕོགས་འགན་ལེན་དང་། འཁོར་སྐྱོད་འགན་ལེན། གཞི་རྩའི་དམངས་འཚོ་འགན་ལེན་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྔོན་རྩིས་ནང་གི་དངུལ་འཇོག་གྲུབ་ཚུལ་ལེགས་བསྒྱུར་བྱེད་དགོས། གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ལ་དེ་བས་སྟབས་བསྟུན་དང་འོས་འཚམ་ལ་དོ་སྣང་བྱས་ཏེ། དངོས་ཚན་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་དེ་བས་མངོན་གསལ་གྱི་གནས་སུ་བཞག་ནས་ད་ཡོད་ཀྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ཡག་པོ་སྤྱད་དེ་སྲིད་ཇུས་དང་བྱ་ཐབས་གསར་པ་དུས་ཐོག་ཏུ་འདོན་དགོས། ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པར་འཕྲད་པའི་བུ་ལོན་འཇལ་བ་དང་། མ་དངུལ་འཁོར་རྒྱུག་དང་མ་དངུལ་འདུ་འཁོར་བྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཁ་ཚ་དགོས་གཏུག་གི་གནད་དོན་ལ་དམིགས་ཏེ། དངུལ་རྩའི་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། རིམས་འགོག་གཙོ་གནད་ས་ཁུལ་ལ་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་ལོགས་སུ་བཟོ་བ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ལས་རིགས་དང་དམངས་གཉེར། ཁེ་ལས་ཆུང་གྲས་བཅས་ལ་ཆེད་དོན་ཡིད་རྟོན་དངུལ་བུན་གྱི་གྲངས་ཚད་མཁོ་འདོན་བྱེད་དགོས།

ཁེ་ལས་ཀྱིས་དངུལ་བུན་འཇལ་བའི་བཀོད་སྒྲིག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། དངུལ་བུན་གཏོང་བའི་དུས་ཚོད་ཕྱིར་འགྱངས་དང་དངུལ་བུན་མུ་མཐུད་བསྐྱི་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་གྱི་སྐྱེད་ཀ་འོས་འཚམ་གྱིས་ཆག་ཡང་དང་རྩ་ཆག་གཏོང་བ། ཁེ་ལས་ཀྱི་མ་དངུལ་འབྲེལ་ཐག་ཆད་པ་སྔོན་འགོག་བཅས་བྱེད་དགོས།

དོན་ཚན་གསུམ་པ། བརྟན་འཇགས་ངང་ལས་ཞུགས་བྱེད་ཐབས་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་དགོས། ལས་ཞུགས་དམིགས་སུ་བཀར་བའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། ལས་ཞུགས་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་ཀྱི་ཤུགས་ཚད་ལེགས་སྒྲིག་བྱེད་པ། ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་གནས་ཇེ་བརྟན་དུ་གཏོང་བ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་མཉམ་དུ་སྤེལ་བ། སྤྱི་ཚོགས་འགན་སྲུང་གྲོན་དངུལ་གྱི་དུས་མཚམས་རང་བཞིན་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ལས་ཤོར་འགན་བཅོལ་གྱི་ལས་གནས་ཇེ་བརྟན་དུ་གཏོང་བ། ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་པ། ཁེ་ལས་ཁག་གཅིག་གི་ལས་ཤོར་ཚབས་ཆེ་བ་དང་ལས་གནས་བརྟན་འཇགས་ཀྱི་གནོན་ཤུགས་ཆེ་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བྱེད་དཀའ་བ་སོགས་ཀྱི་མངོན་གསལ་གྱི་འགལ་བ་ལ་དམིགས་ཏེ་ས་གནས་དང་ཁེ་ལས་ལ་གཞིགས་ནས་རིགས་དབྱེའི་རོགས་སྐྱོར་བྱས་ཏེ་སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་ཆེ་རུ་གཏོང་དགོས།

ཉེན་ཁ་ཆུང་བའི་ས་ཁུལ་གྱི་ཞིང་པ་ལས་མི་གང་མགྱོགས་སྒོས་ལས་གནས་སུ་ཕྱིར་ལོག་ནས་ལས་མགོ་བསྐྱར་ཚུགས་བྱེད་པར་ཡར་སྐུལ་བྱེད་པ་དང་། “གནས་ནས་གནས་དང་། གཅིག་འཐུས་རྣམ་པའི”ཐད་ཀར་སྐྱེལ་འདྲེན་ཞབས་ཞུ་སྤྱོད་དགོས། ཐབས་ལམ་མང་པོ་དང་བབ་བསྟུན་གྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱས་ནས་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ལས་གཉེར་ གང་མགྱོགས་སྒོས་སླར་གསོ་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། དྲ་ཐོག་ནས་ལས་ཤོར་ཐོ་འགོད་དང་ལས་ཤོར་འགན་བཅོལ་དངུལ་ལེན་རེ་ཞུ་བྱེད་རྒྱུར་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ལས་ཤོར་མི་སྣར་འགན་ལེན་བྱེད་དགོས་པའི་རིགས་ཚང་མ་འགན་ལེན་ཐུབ་པ་བྱེད་དགོས། མཐོ་རིམ་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མའི་ལས་ཞུགས་བྱ་བར་མཐོང་ཆེན་བྱས་ཏེ་སློབ་གྲྭ་ནས་ཐོན་པ་དང་གདན་ཞུ་བྱེད་པ། རྒྱུགས་ལེན་བསྡུ་ལེན་སོགས་ཀྱི་འབྲེལ་ཡོད་ལས་དོན་གཅིག་གྱུར་སྒོས་བཀོད་འདོམས་ཡག་པོ་བྱས་ནས་ཁོ་ཚོ་བདེ་བླག་ངང་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་གང་མགྱོགས་སྒོས་ལས་ཞུགས་བྱེད་ཐུབ་པ་བྱེད་དགོས།

དོན་ཚན་བཞི་པ། དབུལ་མཐར་མཁྲེགས་གཏོར་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱེད་དགོས། ད་ལོར་དབུལ་ཐར་མཁྲེགས་གཏོར་ཕྱོགས་ཡོངས་ནས་མཇུག་བསྡུ་དགོས་ན་མ་གཞི་ནས་དམག་འཐབ་དྲག་པོ་མི་ཉུང་བ་ཞིག་རྒྱག་དགོས་པ་དང་། ད་ལྟ་ད་དུང་རིམས་ནད་ཀྱི་ཤུགས་རྐྱེན་སེལ་གང་ཐུབ་བྱེད་དགོས་པས་ངེས་པར་དུ་ཡང་བསྐྱར་ཤུགས་བརྒྱབ་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས། ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་བྱེད་ཡུལ་དང་ནང་འདྲེན་བྱེད་ཡུལ་གནད་འཁེལ་སྦྲེལ་མཐུད་བྱེད་པ་དང་། ངལ་རྩོལ་པ་དབུལ་པོ་གོ་རིམ་ལྡན་པའི་ངང་ལས་གནས་སུ་ལོག་རྒྱུར་རོགས་རམ་བྱས་ཏེ། དབུལ་སྐྱོར་སྣེ་ཁྲིད་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་གང་མགྱོགས་ཀྱིས་ལས་མགོ་བསྐྱར་ཚུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ས་གནས་དེ་གའི་ལས་ཞུགས་དང་ལེན་བཅས་བྱེད་དགོས།

ཐོན་ལས་འཛད་སྤྱོད་འབྲེལ་མཐུད་རྩ་འཛུགས་ཡག་པོ་བྱས་ནས་དབུལ་ཕོངས་ས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་འཚོང་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཡང་བསྐྱར་དབུལ་བོར་ལོག་པ་སྔོན་འགོག་བྱེད་པའི་ལམ་ལུགས་མྱུར་དུ་འཛུགས་པ་དང་འཐུས་ ཚང་དུ་བཏང་སྟེ། ནད་ཡམས་སམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་དབུལ་བོ་ཡང་བསྐྱར་དབུལ་བོར་ཆགས་མཁན་ལ་དུས་ཐོག་ཏུ་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ནས་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པའི་འགན་སྲུང་བྱེད་དགོས།

དོན་ཚན་ལྔ་པ། ཁེ་ལས་ཀྱི་ལས་ཀ་དང་ཐོན་ལས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཁུལ་དང་རིམ་པ་དབྱེ་ནས་གནད་འཁེལ་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དོན་འཁྱོལ་བྱེད་པ་དང་། མི་དང་དངོས་ཟོག་གི་འགག་གནད་སེལ་བ། དངོས་ཟོག་སྐྱེལ་འདྲེན་གྱི་ཚོད་འཛིན་ཇེ་ལྷོད་དུ་གཏོང་བ་བཅས་བྱས་ནས་ལས་མི་ཕྱིར་ལོག་ཐུབ་པ་དང་། མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་ཐུབ་པ་དང་ཐོན་རྫས་ཕྱིར་གཏོང་ཐུབ་པ་བཅས་ལ་འགན་ལེན་བྱེད་དགོས། ཐོན་ལས་སྦྲེལ་ཐག་ཕན་ཚུན་འབྲེལ་མཐུད་བྱེད་པར་ལྷུ་ཚིགས་གཅིག་གིས་འགག་ན་སྟོད་སྨད་རྒྱུད་ཀྱི་ཁེ་ལས་ཚང་མ་འཁོར་སྐྱོད་བྱེད་ཐབས་མེད། ས་ཁོངས་བར་སྟོད་སྨད་ཀྱི་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་སྦྲེལ་ཐག་གི་ལྷུ་ཚིགས་ཁག་མཐུན་སྦྱོར་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་ཧུར་ཐག་གིས་རྒྱ་སྐྱེད་གཏོང་བ་དང་། འཛུགས་སྐྲུན་བྱེད་བཞིན་པ་དང་ལས་མགོ་གསར་དུ་ཚུགས་པའི་ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། ལས་མི་བཀོལ་སྤྱོད་དང་ས་ཆ། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་འཇོག་པ་དང་། ཆེད་དམིགས་བུན་འཛིན་མ་དངུལ་དང་སྲིད་ཇུས་རང་བཞིན་གྱི་དངུལ་ལོར་བཅས་བེད་སྤྱོད་ཡག་པོ་བྱེད་པ། མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་སྒྱུར་བཅས་བྱེད་དགོས། རིམས་ནད་ནི་ཐོན་ལས་འཕེལ་རྒྱས་ལ་མཚོན་ན་འགྲན་སློང་ཞིག་ཡིན་ལ་གོ་སྐབས་ཤིག་ཀྱང་ཡིན། སྲོལ་རྒྱུན་གྱི་ལས་རིགས་ཁ་ཤས་ལ་ཕོག་ཐུག་ཆེན་པོ་ཐེབས་ན་ཡང་། རིག་ནུས་བཟོ་སྐྲུན་དང་མི་མེད་མངག་སྐྱེལ། དྲ་ཐོག་འཛད་སྤྱོད། སྨན་བཅོས་བདེ་ཐང་སོགས་གསར་དར་ཐོན་ལས་ལ་འཚར་ལོངས་ཀྱི་སྦས་ཤུགས་ཆེན་པོ་མངོན་ཡོད། གོ་སྐབས་འདི་དང་བསྟུན་ནས་སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་དང་རིམ་སྤར་བྱེད་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་བྱེད་དགོས།

དོན་ཚན་དྲུག་པ། གོ་སྐབས་མི་འཆོར་བར་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་དགོས། ད་ལྟ་དཔྱིད་ཀྱི་སོན་འདེབས་བྱ་བ་དེ་ལྷོ་ནས་བྱང་དུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད། དཔྱིད་འདེབས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱས་ཏེ་ཞིང་ལས་རྒྱུ་ཆ་ཐོན་སྐྱེད་དང་། འཁོར་རྒྱུག མཁོ་སྤྲོད་བཅས་བྱ་རྒྱུར་སྒྲིག་འཛུགས་ཡག་པོ་བྱས་ནས་དུས་ཐོག་ཏུ་དཔྱིད་འདེབས་བྱེད་དགོས། རིམས་ནད་ཚབས་ཆེ་ཤོས་ཀྱི་ཧུའུ་པེ་དང་རིམས་ནད་ཚབས་ཅུང་ཆེ་བའི་ཞིང་ཆེན་ཡིན་ནའང་གནས་ཚུལ་དངོས་ལ་གཞིགས་ནས་ཞིང་པ་སྒྲིག་འཛུགས་ཀྱིས་ཞིང་ལས་ཐོན་སྐྱེད་བྱེད་དུ་འཇུག་དགོས། ཞིང་ལས་ཐོན་སྐྱེད་བྱེད་ས་མང་ཆེ་བ་ཞིང་ཁ་དང་རི་ཐང་དུ་ཡོད་པ་དང་། ལུགས་དང་མི་མཐུན་པའི་ཚོད་འཛིན་ཁ་ཤས་མེད་པར་བཟོས་ནས་ཞིང་ལས་ཐོན་སྐྱེད་ཀྱི་དུས་ཚོད་འཐུས་ཤོར་མི་ཡོང་བའི་འགན་ལེན་བྱེད་དགོས། ཨ་ཧྥེ་རི་ཁའི་ཕག་རིམས་དང་ནད་སློང་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འབྲོག་ལས་དང་ཆུ་ཐོན་གསོ་སྤེལ་ལས་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་བདུན་པ། གཞི་རྩའི་དམངས་འཚོ་འགན་སྲུང་ནན་ཏན་བྱེད་དགོས། རིམས་ནད་ཀྱིས་ཐད་ཀར་སྡོད་དམངས་ཀྱི་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་པ་དང་། དེ་ནས་དངོས་ཟོག་གི་རིན་གོང་འཕར་བའི་རྒྱུ་རྐྱེན་རིམ་བརྩེགས་བྱས་པས། མང་ཚོགས་ཁག་ཅིག་གི་གཞི་རྩའི་འཚོ་བར་འཕྲད་པའི་དཀའ་ངལ་ཇེ་མང་དུ་འགྲོ་སྲིད། “འབྲུ་རིགས་”ཞིང་ཆེན་གྱི་མགོ་གཙོའི་འགན་འཁྲི་ཡིན་པའི་ལམ་ལུགས་དང་“ཤ་ཚལ་སྒོང་གསུམ་”གྲོང་ཁྱེར་གྱི་མགོ་གཙོའི་འགན་འཁྲི་ཡིན་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཟས་རིགས་གཙོ་ཕལ་མཁོ་སྤྲོད་འགན་སྲུང་བྱེད་དགོས། རིམས་ནད་ཀྱིས་ཚོང་རའི་མཁོ་སྤྲོད་ལ་ཐེབས་པའི་ཤུགས་རྐྱེན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། གྲོང་མིའི་འཚོ་བའི་མཁོ་ཆས་འདོན་སྤྲོད་དང་བཀོད་གཏོང་ལེགས་པར་བྱས་ཏེ། དངོས་ཟོག་གི་རིན་གོང་འཕར་ཚད་མགྱོགས་དྲགས་པར་སྔོན་འགོག་བྱེད་དགོས། རིམས་ནད་བའི་བྱུང་རིང་ལ་གཞི་རྩའི་དམངས་འཚོའི་ཞབས་ཞུས་རྒྱུན་ཆད་མེད་པར་ཡིག་ཚགས་བཟོ་བ་དང་། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་ངང་ལས་གཉེར་སླར་གསོ་བྱ་རྒྱུར་སྐུལ་མ་གཏོང་དགོས།

དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རིན་གོང་གི་གནས་སྐབས་ཁ་གསབ་ཚད་གཞི་འོས་འཚམ་གྱིས་མཐོ་རུ་གཏོང་དགོས། ནད་པ་དང་ལྷག་པར་དུ་གཉེན་ཉེ་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཚང་ལ་ལྟ་རྟོག་བྱས་ཏེ་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས། རིམས་ནད་ཀྱི་དབང་གིས་ཁྱིམ་དུ་ལོགས་སུ་བཀར་བའི་མི་རྐྱང་རྒན་རྒོན་དང་དཀའ་ངལ་ཡོད་པའི་བྱིས་པ། ནད་གཞི་ཚབས་ཆེན་དང་དབང་སྐྱོན་ཚབས་ཆེན་ཕོག་པའི་མི་སྣ་ལ་ཁམསའདྲི་ཐུག་འཕྲད་བྱེད་པ་དང་། དགོས་ངེས་ཀྱི་རོགས་རམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཀྱི་མཐའ་ཚད་ལ་རྡབ་རྡེག་གཏོང་བའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས། ནད་གཞི་ཕོག་མཁན་གཞན་དག་གི་སྨན་བཅོས་སྲོག་སྐྱོབ་བྱ་བ་གཅིག་གྱུར་གྱིས་བཀོད་འདོམས་ལེགས་པོ་བྱས་ནས།  ནད་གཞི་ལྕི་མོ་ཕོག་པའི་ནད་པ་སྐྱོབ་བཅོས་བྱེད་པར་འགན་ལེན་ཡོད་པ་དང་། ཡུན་རིང་ན་བའི་ནད་པ་ལ་སྨན་སྤྱོད་རྒྱུ་ཡོད་པ། སྤྱིར་བཏང་གི་ནད་པར་སྨན་བཅོས་བྱེད་པར་ཐབས་ལམ་ཡོད་པ་བཅས་བྱེད་དགོས།

དོན་ཚན་བརྒྱད་པ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱི་རྒྱལ་གྱི་མ་དངུལ་གཞི་རྩ་བརྟན་པོ་ཡོང་བར་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་ངང་འཁོར་སྐྱོད་བྱེད་ཐུབ་པར་འགན་ལེན་བྱས་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་བརྟན་པོ་ཡོང་བ་བྱེད་དགོས། ཕྱིར་གཏོང་ཁྲལ་སློག་དང་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་སོགས་སྒྲིག་སྲོལ་དང་མཐུན་པའི་ཕྱི་ཕྱོགས་ཉོ་ཚོང་སྲིད་ཇུས་ཀྱི་ལག་ཆ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཕྱིར་གཏོང་ཡིད་རྟོན་དངུལ་བུན་གཏོང་གྲངས་ཇེ་མང་དུ་གཏོང་བ། འགན་ལེན་དང་གུན་གསབ་སྤྲོད་པའི་ཆ་རྐྱེན་འོས་འཚམ་གྱིས་ལྷོད་དུ་གཏོང་བ་བཅས་བྱེད་དགོས། འགག་སྒོ་སྒྲོལ་བའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། གྲུ་ཁ་དང་བརྟག་བཤེར་དང་ནད་ཡམས་བརྟག་ཞིབ་སོགས་ལྷུ་ཚིགས་ཀྱི་གྲོན་དངུལ་བསྡུ་ཚད་ཇེ་དམའ་རུ་གཏོང་བ། ཕྱི་རྒྱལ་གྱི་དངུལ་བརྗེས་སྟབས་བདེ་ཅན་གྱི་ལས་སྒོ་དེ་བས་མང་བ་འདོན་པ་བཅས་བྱེད་དགོས། ས་གནས་ཁག་གིས་འཕར་ཚད་ལ་སྐུལ་འདེད་གཏོང་བ་དང་བསགས་འབོར་མཉམ་འཛིན་བྱེད་རྒྱུར་སྐུལ་མ་བཏང་ནས། ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། དངུལ་ལོར་སོགས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་ཚོང་འགུགས་དང་། བདེ་འཇགས། བརྟན་འཇགས་བཅས་ཀྱི་བྱ་བ་ཡག་པོ་བསྒྲུབ་ནས་ཕྱི་རྒྱལ་གྱི་ཚོང་པས་ཡུན་རིང་བོར་མ་འཇོག་ཚོང་གཉེར་བྱེད་པའི་ཡིད་ཆེས་ཆེ་རུ་གཏོང་དགོས།

 བཞི་བ། ཏང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱེད་པའི་མགོ་ཁྲིད་ལ་ཤུགས་རྒྱག་པ།

བློ་རྩ་བརྟན་མིན་ཉེན་ཁར་ཐུག་ན་ཤེས། དུས་ཟིང་སྐབས་སུ་ཟོལ་མེད་སྙིང་སྟོབས་མངོན།  དམག་འཐབ་ལེགས་པོར་བརྒྱབ་སྟེ་ཐེངས་འདིའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་ཐུབ་མིན་དེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ་བཅས་ཀྱི་མདུན་དུ་གནས་པའི་ཉམས་སད་ཆེན་པོ་ཞིག་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་འགན་འཁྲི་དང་། ཁྱད་པར་དུ་དངོས་འབེབས་དམ་འཛིན་གྱི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཏང་གི་དར་ཆ་རིམས་ནད་འགོག་བཅོས་ཚོད་འཛིན་དམག་འཐབ་ཀྱི་ཡུལ་དངོས་དང་པོར་ལྷབ་ལྷུབ་ཏུ་བསྐྱོད་པར་བྱ་དགོས།

ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནུས་ལྡན་ཡིན་མིན་དེ། གཙོ་བོ་གནད་འགག་གི་སྐབས་སུ་ལག་བསྟར་ཐུབ་མིན་ལ་ཐུག་ཡོད། སྤྱིར་བལྟས་ན་རིམས་ནད་འགོག་སྲུང་གི་འཐབ་འཛིང་ཁྲོད་ང་ཚོའི་ལས་བྱེད་པའི་དཔུང་ཚོགས་ནི་ཆེས་བཟང་ཞིང་། ཉམས་སད་ཐེག་ཐུབ་པ་ཞིག་ཡིན། ཡིན་ནའང་ལས་བྱེད་པ་མི་ཉུང་བ་ཞིག་གི་སྒྲུབ་སྟངས་མི་ལེགས་པར་མ་ཟད་ཧ་ཅང་ཞན་པ་རེད། ལ་ལ་ཞིག་གིས་འགན་འཁུར་མི་ཕོད་པ་དང་འགན་འཁུར་མི་འདོད་པ། སོམ་ཉིར་ཚུད་པ། ཡོད་ཚད་གོང་རིམ་གི་བཀོད་སྒྲིག་ལ་སྒུག་པ་དང་མ་སྐུལ་ན་མི་འགུལ་བ། ལ་ལ་ཞིག་གིས་ཡལ་ལེ་ཡོལ་ལེ་དང་ལེ་ལོ་ནར་འགྱངས་བྱེད་པ། གནས་ཚུལ་མི་རྟོགས་པ། བྱ་བར་ཐབས་བཀོད་མེད་པ། ཡང་ལ་ལ་ཞིག་གིས་སླ་བཅོས་བྱེད་པ་དང་། བྱ་སྤྱོད་ཐོག་ནས་ལྷོད་གཡེང་བྱེད་པ། བྱ་བ་དམ་འཛིན་བྱས་ཚད་མི་འདང་བ་དང་མི་ལེགས་པ་མ་ཟད། སྔར་བཞིན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འཛིན་པ། ལ་ལས་ད་དུང་ཡར་བྱོལ་མར་བྱོལ་བྱས་ནས་བྱ་བ་འགོར་འགྱངས་བྱེད་པ་དང་བར་ཆད་བཟོ་བ། ཐ་ན་དམག་འཐབ་སྐབས་སུ་བྲོས་བྱོལ་བྱས་པ་རེད། འདི་དག་ཚང་མ་ནི་ཏང་དང་མི་དམངས་ལ་འགན་མི་འཁུར་བ་ཡིན་པས། བཟོད་སྒོམ་གཏན་ནས་མི་བྱེད་པ་དང་། ངེས་པར་དུ་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས།

གནད་འགག་གི་དུས་སུ་མདུན་དུ་མཆོང་ཐུབ་པ་དང་ཉེན་ཁར་ཐུག་དུས་རང་སྲོག་ཕངས་མེད་དུ་འཇོག་ཐུབ་པ་དེ་ནི། གུང་ཁྲན་ཏང་མི་ངོ་མ་ཡིན། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་སྐབས། རིམ་པ་སོ་སོའི་ལས་བྱེད་པ་དང་ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྣམ་པར་རྒྱལ་བའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དགྲ་བོ་ཡོད་ཚད་ལས་རྣམ་པར་རྒྱལ་བ་ལས། དགྲ་བོ་གང་རུང་གི་མདུན་དུ་མགོ་མི་སྒུར་བའི་ཞུམ་པ་མེད་པའི་གསར་བརྗེའི་སྙིང་སྟོབས་བཅངས་ནས། གདོང་ལེན་བྱེད་ཕོད་པ་དང་ཐོག་མར་དམག་འཐབ་བྱེད་ཕོད་པར་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་མངོན་པར་བྱ་དགོས་ལ། ངེས་པར་དུ་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་བཏང་སྟེ། ཐོག་མའི་བསམ་འདུན་དེ་བྱ་སྤྱོད་དངོས་ཀྱི་སྟེང་དངོས་འབེབ་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ།  ་རང་འགན་རང་གིས་འཁུར་ཐུབ་པ་དང་རང་འགུལ་སྒོས་འགན་འཁྲི་ཕྲག་དུ་ལེན་པ། ཧུར་བརྩོན་འབད་འཐབ་བཅས་བྱ་དགོས། བྱམས་བརྩེའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་བྱེད་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་ཁྲལ་སྣ་ཚོགས་སེལ་དགོས། ངེས་པར་དུ་གཟབ་ནན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཉེན་ཁའི་རྒྱུ་རྐྱེན་ལ་ཚད་མཐའི་བསམ་གཞིགས་ཡོད་པ་དང་། གནད་དོན་ཐག་གཅོད་བྱེད་པ་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། མཇུག་མཐའི་རྒྱལ་ཁ་ལེན་པའི་བར་དུ་ནམ་ཡང་ལྷོད་གཡེང་མི་བྱེད་པ་དང་འགྲོ་ཐབས་འདུག་ཐབས་མི་བྱེད་པ་བྱ་དགོས།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཐབ་ཕྱོགས་དང་པོ་ན་འཐབ་རྩོད་བྱེད་བཞིན་པའི་ལས་བྱེད་པར་རྟོག་ཞིབ་བྱས་ནས་བྱ་བ་སྒྲུབ་པ་འབུར་ཐོན་ཡིན་པའི་ལས་བྱེད་པར་བྱ་དགའ་བྱིན་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་བཀོལ་བ་དང་། བྱ་བར་འགན་མི་འཁུར་བ་དང་ལས་འཛོལ་འགན་འཛོལ་མཁན་ལ་རྩད་གཅོད་ནན་མོ་བྱེད་པ་དང་། གནད་འགག་གི་སྐབས་སུ“ཕྱི་བཤོལ་བྱེད་མཁན”གྱི་ལས་གནས་ལེན་དགོས། དུས་ལྟར་འབུར་ཐོན་ཏང་ཡོན་དང་ལས་བྱེད་པ། སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་དང་དྲིལ་སྒྲོག་བྱ་དགོས།འཐབ་ཕྱོགས་དང་པོ་རུ་གྲུབ་འབྲས་འབུར་ཐོན་ཡིན་པའི་ཏང་ནང་དུ་ཞུགས་མཁན་ས་དེ་ནས་ཏང་ནང་དུ་ཞུགས་སུ་འཇུག་དགོས། འཐབ་ཕྱོགས་དང་པོ་རུ་གྲུབ་འབྲས་འབུར་ཐོན་ཡིན་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།ས་ཁུལ་སོ་སོ་དང་།སྡེ་ཁག་སོ་སོ།ཕྱོགས་སོ་སོས་གནས་ཚུལ་གཞིར་བཟུང་སྟེ་རིམ་པ་དགར་ནས་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།

གཞི་རིམ་ནི་མཉམ་འགོག་མཉམ་སྲུང་དང་། ཚོགས་པ་བསྒྲིགས་ནས་འགོག་པ་དང་ཚོགས་པ་བསྒྲིགས་ནས་བཅོས་སྐྱོང་བྱེད་པའི་འཐབ་ཕྱོགས་དང་པོ་ཡིན་ལ།ལས་ཀར་ཞུགས་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་འཐབ་ཕྱོགས་དང་པོ་ཡིན་ཞིང་། བྱེད་ཐབས་སོ་སོ་དངོས་འབེབ་བྱེད་པའི་གནད་འགག་གི་ཁག་ཐེག་ཀྱང་ཡིན། གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་ལས་བྱེད་པས་རྒྱ་ཆེའི་མང་ཚོགས་སྐུལ་སློང་དང་། མང་ཚོགས་རྩ་འཛུགས། མང་ཚོགས་གཅིག་བསྡུས་བྱས་ཏེ།ཕྱོགས་ཡོངས་ནས་མཉམ་འགོག་མཉམ་སྲུང་གི་བྱེད་ཐབས་དངོས་འབེབ་བྱ་དགོས་པ་དང་།ཚོགས་པས་འགོག་སྲུང་དང་ཚོགས་པས་བཅོས་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་པོར་བརྩིགས་དགོས།སུན་སྣང་མེད་པ་དང་ཞིབ་ཚགས་ཀྱིས་བསམ་བློའི་བྱ་བ་སྤེལ་དགོས་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཆེ་ཕྱོགས་དང་བསྟུན་པ་དང་། རིམས་ནད་འགོག་སྲུང་གི་གཏན་འཁེལ་བརྩི་སྲུང་བྱེད་པར་སློབ་གསོའི་ཁྲིད་སྟོན་བྱས་ཏེ། རང་འགུལ་གྱིས་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་དགོས། དུས་སྐབས་ཤིག་གི་རིང་ལ།རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་གཞི་རིམ་དུ་ཟབ་ཞུགས་བྱས་པའི་རིམ་པ་སོ་སོའི་ལས་བྱེད་པ། ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་སོགས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་བསྟུད་མར་དམག་འཐབ་བྱས་པས། དཀའ་ཚེགས་མང་པོ་མྱངས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁོ་ཚོར་སེམས་ཁུར་ཆེན་པོ་བྱས་ནས་ཁོ་ཚོ་འཕྲད་པའི་དངོས་ཡོད་དཀའ་ཁག་དང་གནད་དོན་དུས་ལྟར་ཐག་གཅོད་བྱེད་རོགས་བྱ་དགོས་པ་དང་། གོང་རིམ་ཏང་སྲིད་ལས་ཁུངས་དང་། ཁེ་ལས་ལས་དོན་ལས་ཁུངས་སོགས་ཀྱིས་ལས་བྱེད་པ་མང་པོ་སྐོང་འཐེན་བྱས་ནས་གཞི་རིམ་ལ་རོགས་སྐྱོར་བྱེད་པ། ཕྱོགས་མང་པོས་ཡང་དང་བསྐྱར་དུ་གཞི་རིམ་ལ་ལས་ཀ་བཀོད་སྒྲིག་བྱས་ནས་རེའུ་མིག་འགོད་པ་གཏན་འགོག་བྱ་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས་ཀྱི་སྤྱོད་ཚུལ་ཡོ་བསྲང་བྱས་ཏེ། རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་སེམས་ཤུགས་སྔར་ལས་མང་པོ་རིམས་ནད་འགོག་སྲུང་དང་།ལས་ཞུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་འཐབ་ཕྱོགས་དང་པོའི་བྱ་བའི་ཁྲོད་ཕུལ་དུ་འཇུག་དགོས།

རིམས་ནད་འགོག་སྲུང་བྱེད་པའི་མང་ཚོགས་ཀྱི་གཡུལ་ས་འདི་ལས་རྒྱལ་དགོས་ན། ངེས་པར་དུ་མི་དམངས་མང་ཚོགས་ལ་བརྟེན་དགོས། སྡོད་ཁུལ་ནི་རིམས་ནད་མཉམ་འགོག་མཉམ་སྲུང་དང་། ཚོགས་པས་འགོག་སྲུང་གི་གནད་ས་ཞིག་ཡིན། འགོག་སྲུང་ཐོན་ཁུངས་དང་སྟོབས་ཤུགས་ཀྱི་མི་འདང་བར་སྐུལ་འདེད་གཏོང་དགོས་ན། སྡོད་ཁུལ་གྱི་འགོག་སྲུང་ནན་མོ་བྱ་དགོས། བཟོ་ཚོགས་དང་།གུང་གཞོན་ཚོགས་པ།བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་མང་ཚོགས་སྐུལ་སློང་བྱས་ནས་ཚང་མ་རིམས་འགོག་ཁྲོད་ཞུགས་སུ་འཇུག་དགོས།སྤྱི་ཚོགས་ཀྱི་སྟོབས་ཤུགས་རིམས་ནད་འགོག་སྲུང་ཁྲོད་ཞུགས་ན།རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཤར་བསྐྱོད་བྱེད་བདེ་བ།སྐུལ་འདེད་རྒྱབ་སྐྱོར་བཅས་ཡོད་དགོས།ལས་རིགས་མཐུན་ཚོགས་དང་། ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས་སོགས་ཚོགས་མིའི་ལས་ཁུངས་ཀྱིས་ཚན་རིག་ལྟར་གནད་ལ་འཁེལ་བའི་སྒོ་ནས་རིམས་འགོག་བྱེད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་བྱེད་མགོ་རྩོམ་པར་མཛུབ་སྟོན་དང་རོགས་རམ་བྱ་དགོས།སྤྱི་ཚོགས་བྱ་བའི་ཆེད་ལས་ཁྱད་སྟོབས་འདོན་སྤེལ་བྱས་ནས་རྒྱ་ཆེའི་སྡོད་ཁུལ་ལས་བཟོ་པ་དང་། འོས་འགན་ལས་བཟོ་པ།དང་བླངས་པ་སོགས་ཀྱིས་སེམས་ཁམས་ཁྲིད་སྟོན་དང་།སེམས་ཁམས་བདེ་བཀོད།འགན་སྲུང་རྒྱབ་སྐྱོར་སོགས་ཀྱི་ཞབས་ཞུ་བསྒྲུབ་པར་རྒྱབ་སྐྱོར་བྱ་དགོས།སྙིང་རྗེ་རྩ་འཛུགས་དང་། རྒྱ་གྲམ་དམར་པོ་ཚོགས་པས་ཕན་འབྲས་མཐོ་བའི་ལས་ཀའི་འཁོར་རྒྱུག་ལ་བརྟེན་ནས་རང་འགུལ་གྱིས་ལྟ་རྟོག་དང་ལེན་བྱས་ཏེ།གཅེས་སེམས་རེ་རེ་དུས་ལྟར་དངོས་འབེབ་བྱེད་ཐུབ་པ་བྱ་དགོས།

ཐེངས་འདིའི་རིམས་ནད་འགོག་སྲུང་ལ་ཁ་གཏད་འཇལ་བའི་ཁྲོད། རང་རྒྱལ་གྱི་རིམས་ནད་ཚབས་ཆེན་འགོག་སྲུང་གི་སྒྲིག་གཞི་དང་། སྤྱི་བའི་འཕྲོད་བསྟེན་བྲེལ་མྱུར་དོ་དམ་མ་ལག་ཐད་གནས་པའི་ཞན་ཆ་ཕྱིར་མངོན་པ་དང་། ཉམས་མྱོང་སྤྱི་བསྡོམས་དང་བསླབ་བྱ་བསྡུ་ལེན་བྱས་ཏེ། ཇི་ལྟར་བྱས་ནས་སྤྱི་བའི་འཕྲོད་བསྟེན་ཀྱི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་བྱེད་པ་དང་། ནད་ཡམས་སྔོན་འགོག་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ། ཚབས་ཆེ་བའི་རིམས་ནད་འགོག་སྲུང་མྱུར་སྐྱོབ་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ།ཚབས་ཆེ་བའི་ནད་རིགས་སྨན་བཅོས་ཉེན་སྲུང་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ།གཅིག་གྱུར་གྱི་ཉེར་མཁོའི་དངོས་རྫས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ།གང་མགྱོགས་སྒོས་མི་འདང་ས་ཁ་གསབ་དང་འཐུས་ཤོར་སོང་བ་ཁ་གསབ། གཉོམ་ས་ཇེ་དྲག་ཏུ་བཏང་སྟེ།གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏོད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།སྔོན་འགོག་གཙོ་བོ་ཡིན་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ན།རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་ཏེ། སྤྱི་བའི་འཕྲོད་བསྟེན་དཔུང་སྡེ་འཛུགས་སྐྲུན་དང་གཞི་རིམ་འགོག་སྲུང་ནུས་ཤུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ལ།སྨན་བཅོས་དང་འགོག་སྲུང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། དོན་དངོས་ཀྱི་ཐོག་ནས་དོན་དག་མ་བྱུང་སྔོན་དང་གནོད་འཚེ་མ་བྱུང་སྔོན་ལ་གནད་དོན་ཐག་གཅོད་བྱ་དགོས།

མཇུག་མཐར། ངས་དེ་རིང་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ལ་རེ་བ་གསུམ་འདོན། གཅིག་ནི་བྱ་བ་དངོས་འབེབ་དམ་འཛིན་བྱ་དགོས། ད་ལོར་རང་རྒྱལ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་རྩོད་ཇེ་མང་ལ་སོང་ཡོད་པ་དང་། དེའི་ཁར་ཐེངས་འདིའི་རིམས་ནད་ཀྱི་ཤན་ཤུགས་ཐེབས་པའི་རྐྱེན་གྱིས་དཔལ་འབྱོར་སྤྱི་ཚོགས་བྱ་བ་བཟང་པོར་བསྒྲུབ་པར་སྔར་ལས་དཀའ་ཁག་ཆེན་པོར་འཕྲད་ཡོད།དེ་བས“དཀའ་སྤྱད་ལྷོད་མེད”ཀྱི་སེམས་ཤུགས་བརྟན་པོ་དང་།“རྒྱལ་ཁ་མ་ཐོབ་ན་ནམ་ཡང་ཕྱིར་མི་ལྡོག”པ་ལྟ་བུའི་ནུས་ཤུགས་བཏོན་ཏེ། སེམས་རྣལ་དུ་ཕབ་ནས་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། དངོས་འབེབ་བྱེད་པར་ཤན་ཤུགས་ཡོད་ཡོད་པའི་གནད་དོན་རིམ་པ་དགར་ནས་རེ་རེ་བཞིན་ཐག་གཅོད་བྱས་ཏེ་བྱ་བ་དངོས་འབེབ་བཟང་པོ་བྱ་དགོས།གཉིས་ནི་སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། གནད་དོན་འདི་ངས་ཡང་དང་བསྐྱར་དུ་ནན་བཤད་བྱས་མྱོང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོར་ངས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དངོས་འབེབ་བྱེད་པའི་ཆེད་དོན་ཞིབ་སྡུར་འཛིན་གྲྭ་ཚོགས་མགོ་རྩོམ་པའི་སྟེང་ཕྱོགས་བརྒྱད་ཐད་ཀྱི་བྱེ་བྲག་གི་ཉེན་ཁ་བཅུ་དྲུག་དཔེར་བཀོད་པ་དང་།དེའི་ཁྲོད“ས་སི་གློ་ཚད་ལྟ་བུའི་འགོས་ནད་ཚབས་ཆེན་ལ་དུས་རྒྱུན་དོགས་ཟོན་བྱས་ནས་འགོག་སྲུང་ནན་མོ་བྱ་དགོས་པ”གླེང་ཡོད། དུས་རྒྱུན་གཟབ་ནན་བྱ་དགོས་པ་དང་། ཚོར་ཤེས་རྣོན་པོས་རང་ཉིད་ཀྱིས་འགན་ཁུར་བའི་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་ཚད་མཐོན་པོ་བྱ་དགོས་ལ། ཁྱོན་ཡོངས་རང་བཞིན་གྱི་ཉེན་ཁ་ཚབས་ཆེན་ལའང་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། དུས་ཚོད་དང་པོའི་ནང་བསམ་འཆར་དང་གྲོས་གཞི་འདོན་དགོས།གསུམ་ནི་བྱ་བའི་ནུས་པ་ཇེ་མཐོར་གཏོང་དགོས། ཐེངས་འདིའི་རིམས་ནད་འགོག་སྲུང་བྱ་བའི་ཁྲོད། ལས་བྱེད་པ་ཁ་ཤས་ཀྱི་བཅོས་སྐྱོང་ནུས་པ་དང་ཆེད་ལས་ནུས་པ་མངོན་གསལ་གྱིས་རྗེས་ཆོད་ཀྱིན་མེད་པ་དང་། དེ་ལ་ངེས་པར་དུ་མཐོང་ཆེན་ཚད་མཐོན་པོ་བྱ་དགོས།ང་ཚོས་ཕྱོགས་བསྡུས་ནུས་པ་དང་ཁ་ལོ་བསྒྱུར་བའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། རང་ཉིད་ཀྱི་དོ་དམ་བྱེད་པའི་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་བྱར་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། རང་ཉིད་བྱ་བར་བྱང་ཆ་ལྡན་པའི་མགོ་ཁྲིད་པ་ཞིག་བྱ་དགོས།

བློ་མཐུན་རྣམ་པ།ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་གོད་ཆག་མང་པོ་བརྒྱུད་མྱོང་ཡང་།དུས་གཏན་ནས་མགོ་སྒུར་མ་མྱོང་ལ།ཆག་སྒོ་ཇི་ཙམ་བྱུང་ན་དེ་ཙམ་གྱིས་དཔའ་ངར་ཆེ་རུ་གྱུར་ཏེ། དཀའ་ཁག་ཁྲོད་མུ་མཐུད་ནས་ནར་སོན་པ་དང་།དཀའ་ཁག་གི་ཁྲོད་ནས་དཔའ་ངར་ཆེར་བསྐྱེད་བྱས།ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་ཡོད་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་གསལ་དོད་པོ་ལྡན་པ།སྐུལ་སློང་བྱེད་ནུས་པ་དང་ཕྱོགས་བསྡུས་ནུས་པ་ཆེན་པོ་ལྡན་པ། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་བརྩོན་ཡོད་པས།ང་ཚོ་རིམས་ནད་ལས་ངེས་པར་རྒྱལ་ཐུབ་ཅིང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་རྣམ་པ་བཟང་པོ་སྲུང་འཛིན་བྱེད་ཐུབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་སུ་འགྲུབ་་པར་ང་རང་ཡིད་ཆེས་བརྟན་པོ་ཡོད།

ལོ་ཙཱ་བ། གཡང་འབུམ་རྒྱལ།ཨ་བརྟན་རྒྱལ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།