ཡིད་ཆེས་བརྟན་པོ་དང་ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།
2020.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གི་གསུང་བཤད་ལ་རང་ཞིང་དུ་ཚུར་སྣང་དྲག་པོ་བྱུང་།

བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གི་གསུང་བཤད་ལ་རང་ཞིང་དུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྟེང་མགྱོགས་མྱུར་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མིག་དཔེ་བཟུང་ནས། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ། འབད་འཐབ་ཧུར་ཐག་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱེད་པ། དུ་བ་མེད་པའི་དམག་འཐབ་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ནས། ཉམས་སད་ཆེན་མོའི་ཁྲོད་ཚད་ལྡན་གྱི་རྒྱུགས་ལན་སྤྲོད་པ་བཅས་བྱེད་དགོས་ཞེས་སོ་སོས་རང་ཉིད་ཀྱི་བསམ་ཚུལ་དེ་ལྟར་བཤད།

ཚན་རིག་ལྟར་འགོག་སྲུང་བྱེད་པ།

རྒྱལ་ཁ་ཡོངས་སུ་མ་ཐོབ་ན་ལེགས་འགྲུབ་བྱུང་ཡོད་མི་ཟེར།

“དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཇེ་ལེགས་སུ་འགྲོ་བཞིན་ཡོད། ལག་ལེན་ལས་ར་སྤྲོད་བྱས་པ་ལྟར་ན། ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་གནས་བབ་ལ་བརྡར་ཤ་བཅད་པ་ཡང་དག་ཡིན་ལ། བྱ་བའི་བཀོད་སྒྲིག་སྣ་ཚོགས་དུས་ཐོག་ཡིན་པ་དང་། བྱེད་ཐབས་སྤྱད་པ་ཡང་ཕན་ནུས་ལྡན་པ་ཞིག་རེད།” རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དཀའ་ཚེགས་ཆེ་བའི་གནད་འགག་གི་དུས་མཚམས་སུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་མིས་སྤྱི་འདོམས་དང་ཕྱོགས་ཡོངས་མཐུན་སྦྱོར་བྱས་ཏེ། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་སྤྱི་འདོམས་ཡག་པོ་བྱེད་པའི་ལམ་རིས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི། ཐིན་ཀྲང་ལུའུ་ཉིན་ཨན་གྱིས་ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་དོ་དམ་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་ཀྱི་འཕྲལ་སྒྲུབ་རོགས་སྐྱོབ་དང་། འཕྲལ་སྒྲུབ་འགན་ལེན། བདེ་འཇགས་ཉེན་ཁ་སྔོན་འགོག་བཅས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་སྟེ། མིག་སྔའི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཁེ་ལས་ཀྱིས་བདེ་འཇགས་ངང་ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རིགས་དབྱེ་མཛུབ་ཁྲིད་བྱས་ནས། འཕྲལ་སྒྲུབ་མི་སྣའི“ས་སྲུང་འགན་འཁྲི་འཁུར་བ་དང་། ས་སྲུང་འགན་འཁྲི་ཡོད་པ། ས་སྲུང་འགན་འཁྲི་སྒྲུབ་པ”བཅས་ཀྱི་འགན་འཁྲི་ཕྲག་ལེན་གྱི་སེམས་པ་མངོན་པར་བྱས་ཡོད་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ། སྔོན་ལ་རང་འགུལ་སྒོས་བྱ་བ་དང་ལེན་བྱེད་པ་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཐབས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་ལེགས་སྒྲིག་འཐུས་ཚང་དུ་གཏོང་བ། ནོར་སྲིད་ཀྱི་ལས་སྒོའི་ཁག་གོ་རིམ་ལྡན་པའི་ངང་ཡག་པོར་བསྒྲུབ་དགོས། ” ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་ཧི་པུས་ཕའོ་ཡིས་བཤད་རྒྱུར། གོ་རིམ་རྗེས་མར་རྒྱལ་ཁབ་དང་དེ་མིན་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཀྱི་ལས་ཞུགས་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་གཏོང་བའི་ནོར་ཁྲལ་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ནས་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཧུར་ཐག་གིས་ནོར་སྲིད་སྲིད་ཇུས་ལ་བརྟེན་ནས་ལས་གནས་བརྟན་འཇགས་དང་ལས་ཞུགས་མངོན་འགྱར། ཐོན་སྐྱེད་སླར་གསོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་ཁྲིད་སྟོན་དང་རམ་འདེགས་བྱེད་པ། ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་ནོར་སྲིད་འབབ་འཕར་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་པ་དང་ཆབས་ཅིག མ་དངུལ་དང་རྒྱུ་ནོར་དོ་དམ་བྱ་ཐབས་ལག་བསྟར་ནན་མོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གྲོན་དངུལ་ཆེད་སྤྱོད་བྱེད་པ་དང་། འགྲོ་གྲོན་གྱི་ཁྱབ་ཁོངས་དང་ཚད་གཞི་གཟབ་ནན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་ལེན་བྱ་བ་གནད་འཁེལ་དང་ལས་ཕྱོད་མཐོ་བའི་སྒོ་ནས་ཡག་པོར་བསྒྲུབ་རྒྱུ་ཡིན་ཟེར།

ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། འགོ་གཙོ་ཀྲུའུ་ཞང་ཏུང་གིས་མྱོང་ཚོར་ཟབ་མོའི་ངང་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམ་འཛིན་བྱེད་པའི་འཐབ་རྩོད་ལག་ལེན་ཁྲོད། ཁག་བགོས་རིམ་བགོ། བྱེད་ཐབས་གནད་འཁེལ་བཅས་ཀྱི་སྒོ་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་གཟབ་ནན་དུ་བཏང་བ་མ་ཟད། འགྲིམ་འགྲུལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་བདེ་འཇགས་ཤར་གཏོང་འགན་ལེན་དང་། དེ་མིན་གཞུང་ལམ་བཟོ་སྐྲུན་གཙོ་བོའི་ལས་གཞིའི་ལས་འགོ་བསྐྱར་ཚུགས་བྱ་བར་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱས་ཏེ། གཟབ་ནན་སྒོས་ལམ་ལུགས་དང་བྱ་ཐབས། ཚད་ལྡན་བཅས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། “འགྲིམ་འགྲུལ་སྔོན་སྐྱོད”ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་ཡིན་ཟེར།

བྱེད་ཐབས་གནད་འཁེལ་སྤྱད་དེ། ཐོན་སྐྱེད་གོ་རིམ་ལྡན་པས་སླར་གསོ་བྱས་པ།

“དཔལ་འབྱོར་སྤྱི་ཚོགས་ནི་འགུལ་རྣམ་འཁོར་རྒྱུག་མ་ལག་ཅིག་ཡིན་པས་དུས་ཡུན་རིང་པོ་མཚམས་འཇོག་མི་རུང་།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དོན་འཁྱོལ་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་མིན་པའི་ཁེ་ལས་དང་སྡེ་ཁག་གིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་བཏང་ནས། ཐོན་སྐྱེད་དང་འཚོ་བའི་གོ་རིམ་སླར་གསོ་བྱེད་དགོས་ཞེས་གསུང་བཤད་གལ་ཆེན་གནང་བ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་།”

ཞིང་ཆེན་འཇུ་ལག་ཆུ་བོ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་དོ་དམ་ཅུའི་ུགཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་བཱང་ཞའོ་རིན་གྱིས་རིམས་ནད་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་བལྟས་ནས། འགྱུར་ལྡོག་ལ་ངོས་ཟིན་གསལ་བོ་བྱེད་པ་དང་། འགྱུར་ལྡོག་ལ་ཚན་རིག་ལྟར་ཁ་གཏད་འཇལ་བ། རང་རྟོགས་སྒོས་འགྱུར་ལྡོག་བྱེད་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་ཀྱི་ཇུས་གཞི་དང་འཕྲལ་སྒྲུབ་སྔོན་ཇུས་བཟོ་དགོས་པ་མ་ཟད་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ཨར་ལས་ཇུས་གཞི་ཇེ་ལེགས་སུ་གཏོང་བ་དང་། འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་སྒྲུབ་མི་སྣ་ཇེ་མང་དུ་གཏོང་བ་བཅས་བྱས་ནས་ལས་གཞི་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་ཞེས་བཤད།

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཞུང་བན་སིན་གྱིས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་པས་རིམས་ནད་ལ་སྔོན་འགོག་ཚོད་འཛིན་དང་གནད་འཁེལ་ཇུས་འདོན་བཅས་བྱས་ནས། དུས་ཐོག་ཏུ་མཛེས་ལྗོངས་ཁུལ་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོའི་ལས་དོན་ཡག་པོར་བསྒྲུབ་རྒྱུ་ཡིན་པ་མ་ཟད། དུས་ཚོད་ཐུང་བ་དང་ལས་འགན་ལྕི་བའི་བཟོ་སྐྲུན་ལས་གཞི་ལ་ཆ་རྐྱེན་བསྐྲུན་ནས། གཙོ་གནད་ལས་གཞིའི་ལས་འགོ་བསྐྱར་ཚུགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། སྐོར་སྲུང་དང་དུས་བྱ་ཡི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱེད་པ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། རྒྱལ་ཁབ་སྤྱི་གླིང་འཆར་འགོད་དང་སྙན་ཞུ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་ལས་ཕྱོགས་བསྒྱུར་རིམ་སྤོར་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབ་ནས། “མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པར་ང་ནི་དང་བླངས་པ་ཡིན”སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། “ཆེ་བ་དང་མཛེས་པ། གཙང་བ། ལེགས་པ”བཅས་མཚོ་སྔོན་པོའི་ཡུན་རིང་གི་མཛེས་སྡུག་གི་མིང་བྱང་ཞིག་ཏུ་འགྱུར་བ་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་རྗེས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་དབང་ཆ་གཏན་འཁེལ་ཐོ་འགོད་ཅུའུ་ཡི་འགན་འཁུར་བ་ཡང་ཡུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་མུ་མཐུད་དུ་ཡག་པོར་བསྒྲུབ་པ་དང་ཆབས་ཅིག ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་འགན་ལེན་བྱ་ཆེད། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ལས་རིགས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་དེ་མཚུངས་ཀྱི་འགན་ལེན་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ཡོད། གཏན་འཇགས་རྒྱུ་ནོར་ཐོ་འགོད་དྲ་ཐོག་དམངས་ཕན་ཞབས་ཞུའི་མ་ལག་ལ་བརྟེན་ནས་ཁེ་ལས་ཀྱི་གཏའ་འཇོག་ཐོ་འགོད་ལ“ངོ་མི་ཐུག་པར”སྒྲུབ་པ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་བ། མི་སྣ་འདུ་འཛོམས་ཉུང་དུ་གཏོང་གང་ཐུབ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བ་དང་། ལས་ཀ་སླར་གསོ་དང་འགོར་འགྱངས་མི་བྱེད་པ་བྱེད་དགོས་ཟེར།

འབོད་སྐུལ་དང་དུ་བླངས་ཏེ། རིམས་ནས་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་གཉིས་ཀར་རྒྱལ་ཁ་ལེན་པར་ཁག་ཐེག་བྱ་དགོས།

ཁ་ཕྱོགས་གསལ་བོར་བསྟན་པདང་བཀོད་སྒྲིག་ཞིབ་ཚགས་བྱས་ཟིན། སེམས་རྣལ་དུ་ཕབ་པ་དང་ཧུར་ཐག་གིས་དོན་འཁྱོལ་དམ་འཛིན་བྱ་རྒྱུ་ནི་མཇུག་མཐར་རྒྱལ་ཁ་ལེན་པའི་གནད་འགག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྒྱལ་ཁ་ཐོབ་ངེས་ཀྱི་བསམ་པ་དང་། འགན་འཁྲིའི་བསམ་པ། བྱམས་སྐྱོང་གི་བསམ་པ། གཟབ་ནན་གྱི་བསམ་པ་བཅས་ཇེ་དྲག་ཏུ་གཏོང་བ་དང་། དཔའ་ངར་ཆེན་པོས་གདོང་ལེན་པ་དང་། གདོང་མཆོང་ཕོད་པ། རང་འགུལ་ངང་འགན་འཁུར་བ། ཧུར་བརྩོན་ཆེན་པོས་བྱས་རྗེས་འཇོག་པ་བཅས་བྱེད་དགོས།

དེའི་ཐད་ཞིང་ཆེན་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཧོང་ཡ་ཅོན་གྱིས་གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་དང་། ཉེན་ཁ་གོ་སྐབས་སུ་བསྒྱུར་མཁས་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ། “བརྟན་པོ་དྲུག”གི་བྱེད་ཐབས་ལ་ཤུགས་བསྣོན་པ། སྲིད་ཇུས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རང་རྒྱལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་སྒུལ་ནུས་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ཏེ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱ་དགོས་ཞེས་བཤད། ཧོང་ཡ་ཅོན་གྱིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་ལ་འགན་འཁྲི་ལྕི་པོ་ཡོད། ཁོས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་སྒོས་འགན་དུ་ལེན་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་འགན་ནུས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། མུ་མཐུད་དུ་ད་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། ལས་ཀའི་གཙོ་གནད་དང་ཁ་གཏད་འཇལ་ཐབས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། ཁེ་ལས་ཀྱིས་ལས་མི་བཀོལ་སྤྱོད་བྱེད་པ་དང་། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། ངལ་རྩོལ་གྱི་འབྲེལ་བ་བརྟན་པོ་ཡོང་བར་བྱེད་པ་སོགས་ཀྱི་ཐད་གནད་འཁེལ་ཇུས་འདོན་བྱེད་པ་བཅས་བྱས་ནས། ཁེ་ལས་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་ཏན་ཏིག་བྱ་རྒྱུ་ཡིན་ཞེས་ཟེར།

“རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བ་སྤེལ་བའི་ཚུན་ལ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མུ་མཐུད་དུ་སྐུལ་འདེད་བཏང་།” ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་དྲ་རྒྱ་དང་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་ཧི་བུན་ལུང་གིས་གོ་རིམ་རྗེས་མར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། ངལ་རྩོལ་འབྲེལ་བའི་འགལ་བ་ཁྲིམས་ལྟར་འདུམ་འགྲིག་དང་། ལས་བཟོ་བའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བསྣོན་པ། ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ལ་རམ་འདེགས་བཅས་བྱས་ནས། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་དང་། བཟོ་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ། བཟོ་ཚོགས་ཀྱི་འགན་འཁྲིའི་སེམས་པ་མངོན་པར་བྱ་རྒྱུ་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ཁྱད་བསལ་གྱི་སྟོབས་ཤུགས་ཆེན་པོ་བཏོན་ཡོད་པ་དང་། རྒྱལ་ཁ་ཆེན་པོ་མ་ཐོབ་ན་རྒྱལ་ཁ་ཐོབ་ཡོད་མི་ཟེར་བའི་ཡིད་ཆེས་དང་ངར་ཤུགས་གཅིག་ཏུ་བསྒྲིལ་ནས། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུར་སྟོབས་ཤུགས་ཆེན་པོ་བསྣན་ཡོད། ”  ཞིང་ཆེན་ནོར་སྲིད་ཐིན་སྔོན་རྩིས་ཁྲུའུ་ཡི་རིམ་པ་གསུམ་པའི་ཀྲུའུ་རིན་མི་སྣ་ཡུས་དབྱིས་བཤད་རྒྱུར། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱ་བ་དོན་འཁྱོལ་བྱེད་པའི་ཁྲོད་རང་འགན་གཙང་སྒྲུབ་བྱེད་པ། མུ་མཐུད་དུ་ཨམ་གཙིགས་བསྡམས་ནས་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།

“ཏོག་གསར་གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་ལ་ཕོག་ཐུག་ཆེན་པོ་བཟོ་སྲིད། གནད་འགག་གི་སྐབས་འདིར་ཁྱོན་ཡོངས་དང་། རྩོད་སྒྲུབ། ཡུན་རིང་བཅས་ཀྱི་མིག་རྒྱང་ལ་བརྟེན་ནས་འཕེལ་རྒྱས་ལ་ལྟ་སྟངས་ལེགས་པོ་འཛིན་དགོས་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས།” ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ལིག་ཧོང་གིས་ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་པའི་ངོས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་བྱ་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། སྨན་བཅོས་གད་སྙིགས་མེད་པར་གཏོང་བར་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་པར་ལྟ་སྐུལ་དོ་དམ་བཟང་བོ་བྱེད་པ། འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་དཔྱད་འཇོག་ཞབས་ཞུ་ལེགས་པོར་བསྒྲུབ་པ། གཅིག་གྱུར་སྒོས་བཟོ་སྐྲུན་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་བྱ་བ་མགོ་ལེགས་པོ་རྩོམ་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་བའི་ངང་འཕེལ་རྒྱས་འགྲོ་བར་ཞབས་ཞུ་དང་རྒྱབ་སྐྱོར་བྱེད་ངེས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།