ཉེ་ལམ། ས་བབ་དམའ་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཞིང་ཁ་རུ་ཞིང་པ་རྣམས་ཀྱིས་ཁ་ཐུམ་བརྒྱབ་ནས་དཔྱིད་འདེབས་ཐོན་སྐྱེད་ལ་བྲེལ་བཞིན་འདུག
“ཞིང་འདེབས་པའི་དུས་ཚིགས་ཀྱིས་མི་ལ་སྒུག་མི་སྲིད། ད་ལོ་རང་རྒྱལ་དུ་རིམས་ནད་ཆེན་པོ་འདི་འདྲ་བྱུང་པས་སྐབས་འདི་འདྲར་ང་ཚོ་ལ་སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཡོད་མི་རུང་། ད་ལྟ་དགུན་གྲོ་སྔོ་ལོག་བྱེད་མགོ་ཚུགས་པ་དང་དཔྱིད་གྲོ་འདེབས་པར་གྲ་སྒྲིག་བྱེད་པའི་དུས་སུ་སླེབས་ཡོད་པས་རང་ཉིད་ཀྱིས་རིམས་ནད་འགོག་སྲུང་ཡག་པོ་བྱེད་པ་དང་དུས་མཚུངས་སུ། ལོ་ཏོག་འདེབས་འཛུགས་བྱེད་པའི་བྱ་བ་ཐ་དག་ཀྱང་འགོར་འགྱངས་བྱེད་མི་རུང་།”ཞེས་ཁྲི་ཀ་རྫོང་ཆུ་ཤར་ཞང་གི་སྡེ་མི་ཞིག་གིས་དེ་ལྟར་བཤད།
དཔྱིད་ཀའི་རྨོ་འདེབས་སྐབས་ཀྱི་དགོས་གཏུག་ཆེ་བའི་གནད་དོན་ཐག་གཅོད་དང་ཞིང་ལས་རྒྱུ་ཆའི་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱ་ཆེད། མཚོ་ལྷོ་ཁུལ་གྱི་རིམ་པ་ཁག་གི་ཞིང་ཕྱུགས་དང་ཚན་རྩལ། རིམས་འགོག་སྡེ་ཁག་བཅས་ཀྱིས་ཞིང་ལས་རྒྱུ་ཆ་དོ་དམ་བྱེད་པའི་སྡེ་ཁག་དང་ཧུར་ཐག་གིས་འབྲེལ་གཏུག་བྱས་པ་དང་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། ཞིང་ལས་རྒྱུ་ཆ་མཁོ་འདོན་བྱས་ཏེ་དུས་ཐོག་ཏུ་དམིགས་སར་འབྱོར་ཐུབ་པར་འགན་ལེན་བྱས།
གསར་འགོད་པས་གུང་ཧོ་རྫོང་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་2ཚེས་11ཉིན་ནས་བཟུང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དོ་དམ་སྡེ་ཁག་གིས་རིམ་པ་བཞིན་དུ་ས་གནས་སོ་སོའི་དགོས་མཁོ་ལ་གཞིགས་ཏེ། ཁོ་ཚོར་མཁོ་བའི་ལུད་རྫས་དང་སྐྱེ་ལྡན་ལུད་སོགས་ཞིང་ལས་རྒྱུ་ཆ་གཅིག་གྱུར་སྒོས་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་སྐྱེལ་བའི་དྲོ་སྐྱིད་ལྡན་པའི་ཞབས་ཞུའི་བྱེད་ཐབས་སྤྱད་པ་དེས། ཞིང་པ་མང་ཚོགས་རྣམས་ཀྱིས་རང་གི་སྒོ་འགྲམ་ནས་དཔྱིད་འདེབས་ཐོན་སྐྱེད་བྱེད་པར་མཁོ་བའི་ཞིང་ལས་རྒྱུ་ཆ་སྣ་ཚོགས་ཉོ་ཐུབ་ཀྱི་ཡོད་པ་རེད།
“སྐུ་ཁམས་བཟང་། ངེད་ཚང་གིས་སྔོན་ལ་མངག་ཉོ་བྱས་པའི་རྨོ་འདེབས་ཀྱི་ལུད་རྫས་དང་ཞིང་སྨན་སོགས་སྡོམ་པས་སྒྱེ་མོ་ལྔ་ཡོད་པ་ཚང་མ་ད་ལྟ་ང་ལ་འབྱོར་སོང་། དེ་དག་གི་རིན་གོང་ག་ཚོད་རེད་དམ།”ཞེས་ཚ་རྔ་འགག་གྲོང་རྡལ་ཧོ་ཅུས་ཧྭ་སྡེ་བའི་རུ་ཁག་དང་པོའི་སྡེ་མི་པའོ་ཐེན་ཐའེ་ཡིས་ཉེ་སྔོན་རང་གིས་མངག་ཉོ་བྱས་པའི་ལུད་རྫས་དེ་དག་རང་ཁྱིམ་གྱི་སྒོ་ཁ་ནས་རླངས་འཁོར་ལས་མར་ཕོག་རྗེས་དེ་ལྟར་ཁ་པར་གཏོང་བཞིན་འདུག ཉིན་དེའི་སྔ་དྲོའི་ཆུ་ཚོད་བཅུའི་ཡས་མས་སུ་གུང་ཧོ་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡི་ལས་བྱེད་མི་སྣས་མཚོ་སྔོན་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་སྤྱི་མཐུན་སྡེབ་སྐྱེལ་ལྟེ་གནས་ཀྱི་བྱ་བའི་མི་སྣ་དང་མཉམ་དུ་ཧོ་ཅུས་ཧྭ་སྡེ་བར་ལུད་རྫས་ཏུན་40བསྐྱལ་བ་རེད།
“ད་སྐབས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་ཤིག་རེད། ཡུལ་མི་ཚོའི་དཔྱིད་འདེབས་ལ་འཐུས་ཤོར་མི་བྱུང་ཆེད། ང་རང་ཉིན་ཤས་རིང་སྡེ་བ་མང་པོ་ཞིག་ལ་སོང་ནས་ལུད་རྫས་སོགས་རྨོ་འདེབས་རྒྱུ་ཆ་སྐོར་ཅིག་ཞིང་པ་མང་ཚོགས་རྣམས་ཀྱི་སྒོ་འགྲམ་དུ་བསྐྱལ་བ་ཡིན།” ཞེས་ཁྲི་ཀ་རྫོང་མཁོ་ཚོང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་སྒོ་རྩིས་ཚོང་ཁང་གི་ལས་བཟོ་བ་ཀྲང་ཡུང་གིས་སྡེ་མི་མིན་ཏི་ལེ་ཡིས་མངགས་ཉོ་བྱས་པའི་རྫས་ལུད་འབོགས་ཞོར་དུ་དེ་ལྟར་བཤད།
དེ་ལྟར་ལུད་རྫས་སྒོ་ཁར་བསྐྱལ་བའི་བྱེད་ཐབས་དེ་རིགས་སྤྱད་པས་མང་ཚོགས་ཀྱི་རིམས་འགོག་དང་དཔྱིད་འདེབས་བྱ་བ་གཉིས་ཀར་འཐུས་ཤོར་མི་ཡོང་པ་བྱས་པར་མ་ཟད། རྒྱ་ཆེའི་ཞིང་པ་རྣམས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་ཡང་འགན་སྲུང་བྱས་ཡོད།
གསར་འགོད་པས་ཉིན་དེར་མཚོ་སྔོན་ཞིང་ལས་རྒྱུ་ཆ་སྤྱི་མཐུན་སྡེབ་སྐྱེལ་ལྟེ་གནས་ཀྱི་རྫས་ལུད་གསོག་འཇོག་མཛོད་ཁང་དུ་ལིན་སྐྱུར་ཨར་ཨན་དང་མཉམ་བསྲེས་ལུད་རྫས་སོགས་ཏུན་སྟོང་ཕྲག་ཁ་ཤས་གྲལ་བསྒྲིགས་ནས་ཡོད་པ་དང་། དེའི་གམ་དུ་ཁ་ཐུམ་བརྒྱབ་པའི་ལས་བཟོ་བ་ཞིག་གིས་སྐྱེལ་འདྲེན་རླངས་འཁོར་གྱི་སྟེང་དུ་ལུད་རྫས་སྐྱེལ་བཞིན་པའི་རྣམ་པ་མཐོང་། “ང་ཚོས་ལུད་རྫས་ཏུན་1300ལྷག་ཙམ་གྲབས་གསོག་བྱས་ཡོད་པས་གུང་ཧོ་རྫོང་གི་དཔྱིད་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་ཡོད།”ཅེས་ཀུང་སིས་དངོས་ཟོག་བཀོད་སྒྲིག་བྱེད་མཁན་མཱ་ཞུའེ་མེང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
དཔྱིད་འདེབས་སྐབས་ཀྱི་བྱ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་བྱ་ཆེད། ཀོས་ནན་རྫོང་གིས་མིག་སྔའི་རིམས་ནད་ཀྱི་དུས་བབ་ཛ་དྲག་ཆེ་བའི་མདུན་དུ་དཔྱིད་འདེབས་སྐབས་སུ་མི་སྣ་མང་པོ་འདུ་འཛོམས་བྱེད་ཚད་ཉུང་དུ་གཏོང་པ་དང་དུས་དང་བསྟུན་ནས་ལོ་ཏོག་འདེབས་རྒྱུར་གྲ་སྒྲིག་བྱས་ནས། འཕྲུལ་ཆས་ཅན་གྱི་མི་མེད་ལས་སྒྲུབ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ལས་འགན་དོན་འཁྱོལ་གང་ལེགས་བྱེད་པའི་དུས་མཚུངས་སུ་དཔྱིད་འདེབས་ཐོན་སྐྱེད་བྱེད་པའི་བྱ་བ་ཤུགས་ཆེན་པོས་ལེགས་པོར་སྒྲུབ་བཞིན་འདུག
རྒྱུས་ལོན་བྱུང་བ་ལྟར་ན། དཔྱིད་མགོ་ཚུགས་པ་ནས་བཟུང་ཁུལ་དང་རྫོང་། ཞིང་ཕྱུགས་ཅུའུ་བཅས་ཀྱིས་དཔྱིད་འདེབས་གྲ་སྒྲིག་བྱ་བ་དེ་མིག་སྔའི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་བྱ་བ་གཙོ་བོར་བརྩིས་ནས་དམ་འཛིན་བྱས་ཏེ། ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་དུས་སྐབས་སྔོན་མའི་བྱ་བ་སྣ་ཚོགས་སྔ་སྣུར་སྒོས་ལེགས་པོར་བསྒྲུབས་ཡོད་པ་རེད།
ཟླ་2ཚེས་20ཉིན་བར་མཚོ་ལྷོ་ཁུལ་ཡོངས་ཀྱིས་སོན་བཟང་ཏུན་1693.4དང་། ལུད་རྫས་ཏུན་104268 ཞིང་སྨན་ཏུན་16.66 འགྱིག་ཤོག་ཏུན་13.14བཅས་གཏོང་འདྲེན་བྱས་པ་རེད། ཞིང་ཆེན་ཡོངས་སུ་གོ་རིམ་ལྡན་པའི་ངང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་རྗེས་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་ཞིང་ལས་རྒྱུ་ཆ་སྡེབ་སྐྱེལ་ཁེ་ལས་རྩ་འཛུགས་བྱས་ཏེ། ཟི་ལིང་ནས་དཔྱིད་འདེབས་གྲ་སྒྲིག་གི་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་གཏོང་འདྲེན་བྱས་ཏེ་དཔྱིད་འདེབས་ཀྱི་དངོས་ཟོག་ཡོངས་སུ་འདང་བར་འགན་སྲུང་བྱས་པ་དང་མཉམ་དུ་མཚོ་ལྷོ་ཁུལ་གྱིས་ཞིང་སྤྱོད་འཕྲུལ་ཆས་འགན་ལེན་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་།
ཞིང་པ་མང་ཚོགས་རྣམས་ཀྱིས་བློ་གཏད་ཆོག་པའི་ལུད་རྫས་དང་ཞིང་སྨན་བཅས་བཀོལ་སྤྱོད་གང་ལེགས་བྱེད་ཐུབ་ཆེད། མཚོ་ལྷོ་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ལྟ་སྐུལ་དོ་དམ་སྟེགས་བུ་ལ་བརྟེན་ནས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་བདག་གཉེར་བྱེད་པའི་ཁྱིམ་ཚང་ཁག་ལ་དུས་ཐོག་ཏུ་ལྟ་སྐུལ་དོ་དམ་བྱས། དཔྱིད་འདེབས་གྲ་སྒྲིག་གི་ཡིད་རྟོན་དངུལ་བུན་གཏོང་ཤུགས་དང་ཞིང་འཕྲུལ་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ད་ལོ་མཚོ་ལྷོ་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ལྔའི་ཞིང་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་ཐད་སྡོམ་པས་དངུལ་བུན་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བཞི་ས་ཡ་ལྔ་འབུམ་གཉིས་ཁྲི་དྲུག་བཏང་པ་དང་། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་ཐད་ཀྲུང་དབྱང་གིས་ཁ་གསབ་སྒོར་མོ་བྱེ་བ་གཅིག་ས་ཡ་གཅིག་འབུམ་གསུམ་བཏང་པ་དང་ཞིང་ཆེན་རིམ་པས་ཁ་གསབ་སྒོར་མོ་ས་ཡ་གཅིག་གཏོང་རྩིས་ཡོད་པ་རེད།
ལོ་ཙཱ་བ། གཡང་འབུམ་རྒྱལ།