མཚོ་སྔོན་ཞིང་ཆེན་གྱི་ལས་ཀ་དང་ཐོན་སྐྱེད་སླར་གསོའི་སྟོན་གྲངས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།
2020.03.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 33

 2020ལོའི་ཟླ3པའི་ཚེས3ཉིན་བར་དུ། རྒྱལ་ཡོངས་གྱི་ལས་ཀ་སླར་གསོའི་སྟོན་གྲངས་57.42%ལ་སླེབས་པ་དང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གི་གཞི་གྲངས་སྤྱི་བསྡོམས་ཁྲོད། ལས་ཀ་སླར་གསོའི་སྟོན་གྲངས50%ལས་མཐོ་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)27ཡོད་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱིས70.62%ལ་སླེབས་པས་ཨང་དང་པོ་ཟིན་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་ཀ་ལས་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་གཉིས་ཀྱིས་མཐོ་བ་རེད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ37ཁྲོད་ཟི་ལིང་གྲོང་ཁྱེར་དུ65.03%ལ་སླེབས་པས་ཨང་དང་པོ་ཟིན་ཡོད།

ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་གོ་རིམ་ལྡན་ཞིང་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དེས་ཕྱོགས་གང་ཅིའི་ཐད་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། སྲིད་ཇུས་ཀྱི་འདེགས་སྐྱོར་ཐད།  མཚོ་སྔོན་ཞིང་ཆེན་གྱིས་དུས་ཐོག་ཏུ་དམིགས་སའི་རང་བཞིན་ཆེ་བ་དང་། བཀོལ་སྤྱོད་རང་བཞིན་ཆེ་བ། རིན་ཐང་ཆེ་བ་བཅས་ཀྱི་《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་པ་དང་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་འགོ་ཚུགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་ བྱེད་ཐབས》དང་། 《བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཁ་གསབ་གཏན་འབེབས་སྲིད་ཇུས》། 《2020ལོའི་ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་ཇུས་གཞི》།《ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཇུས་གཞི་》།《ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་ཀྱི་ཐོན་སྐྱེད་བདེ་འཇགས་འགན་སྲུང་བྱ་བའི་ཇུས་གཞི། 》སོགས་ཇུས་གཞི་མང་པོ་བཏོན་པ་དང་། སྡེ་ཁག་སོ་སོ་དང་ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་བསྟུན་མདུན་སྐྱོད་ཀྱི་ཇུས་གཞི་དང་ཞིབ་ཕྲའི་བྱེད་ཐབས་བཟོས་ཏེ། གནད་འཁེལ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་སྐོར་ཞིག་གྲུབ་པར་བྱས་ཡོད།

རྩ་འཛུགས་འགན་ལེན་ཐད་ཞིང་ཆེན་ཁེ་ལས་ཀྱི་ཚོང་ལས་ལས་འགོ་རྩོམ་པ་དང་ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་ཀྱི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། གཞུང་ལས་ཁང་དང་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་། བཟོ་ལས་དཔལ་འབྱོར་འཁོར་སྐྱོད། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཆེད་དོན་ཚན་ཆུང་བདུན་བཙུགས་ནས་མྱུར་ཚད་མགྱོགས་ལ་ལས་ཕྱོད་ཆེ་བའི་མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་བཙུགས་པ་རེད། “ཐད་སྦྲེལ་ཁ་པར་གཅིག་དང་། དྲ་ཚིགས་གཅིག   སྐད་འཕྲིན་སྤྱི་རྟགས་གཅིག”བཅས་ཀྱི“གཅིག་ཅན་གསུམ”གྱི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ཚད་གཞི་མཐོ་བའི་སྒོ་ནས་ཁེ་ལས་ཀྱི་དཀའ་གནད་སེལ་བ་དང་ཁྲིད་སྟོན་བྱས།

བྱེ་བྲག་ཏུ་དོན་འཁྱོལ་བྱེད་སྐབས།  ཁུལ་དང་རིམ་པ་དབྱེ་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པ་དང་ཆབས་ཅིག  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྔོན་འགོག་གཉིས”དང་། “གཙང་བཤེར་གཉིས”“དབྱེ་འབྱེད་གཉིས”“མཚམས་ཚིགས་གཉིས”“ཕྱིར་སྐྱོད་གཉིས”“དམིགས་ཚད་གཉིས”བཅས་དམ་འཛིན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ།  མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གཉིས་དམ་འཛིན་དང་། གཉིས་ཀར་སྐུལ་འདེད་གཏོང་བ། གཉིས་ཀར་འཐུས་ཤོར་མི་འགྲོ་བ་བཅས་ཀྱི་འགན་ལེན་བྱས། དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་འགན་ལེན་བྱས་པ་མ་ཟད། ཞིང་ཆེན་ཡོངས་སུ་གཅིག་སྡུད་ཀྱིས་ཞིབ་མཆན་འགོད་པ་དང་དངུལ་བུན་གཅིག་སྡུད་ཀྱིས་གན་རྒྱ་འཇོག་པའི་བྱེད་སྒོ་ཐེངས་དང་པོ་སྤེལ་ནས་ལས་གཞིའི་དུས་འགོའི་འགྲོ་ལུགས་སྔར་བས་ཇེ་མགྱོགས་སུ་གཏོང་བ་དང་། མ་དངུལ་འཁོར་རྒྱུག་ཐུབ་པ། ལས་གཞི་གལ་ཆེན་གྱི་ལས་འགོ་ཚུགས་པར་ཧུར་ཐག་གིས་སྐུལ་འདེད་བཏང་། 《ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་། ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་ཚུགས། དེ་མིན་བདེ་འཇགས་ཐོན་སྐྱེད་ཀྱི་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཇུས་གཞི》པར་འགྲེམས་བྱས་པ་དང་། ཟླ2པའི་ཟླ་སྨད་ནས་བཟུང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཚན་ཆུང་ཁག་བརྒྱད་དུ་བགོས་ཏེ་གྲོང་ཁྱེར་དང་ཁུལ་དུ་བརྟག་ཞིབ་དང་ལྟ་སྐུལ་བྱེད་པར་བསྐྱོད་པ་རེད།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་གི་ཁེ་འབབ་རྒྱུན་མཐུད་ངང་ཐོན་པ་དང་དོན་ཚན་ཁག་གི་ཕན་འབྲས་མངོན་གསལ་དུ་གྱུར་ཡོད།  ཟླ3པའི་ཚེས10ཉིན་བར་ཞིང་ཆེན་ཡོངས་སུ་སྤྱིའི་ཆ་ནས་ལས་འགོ་བསྐྱར་ཚུགས་བྱེད་མཁན་གྱི་ཁྱིམ་ཚང་ཁྲི་གཅིག་སྟོང་དྲུག་བཞི་བརྒྱ་སོ་དྲུག་ཡོད་པ་དང་། ལས་འགོ་བསྐྱར་ཚུགས་བྱེད་ཚད83.43%ཟིན་པས། མཚོ་སྔོན་དུ་ལས་འགོ་ཚུགས་པ་དང་ཐོན་སྐྱེད་སླར་གསོའི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།