འགན་འཁྲི་ཕྲག་ཏུ་ཁུར་ནས་མཚོ་ནུབ་ཀྱི་ལེའུ་གསར་བ་འབྲི།
2020.03.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་གཙོ་མིན་ཧེ་ལ་བཅར་འདྲི་བྱས་པ།

མཚོ་ནུབ་ནི་ཞིང་ཆེན་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་གྱི་གནས་གཙོ་བོ་ཡིན་པའི་ཆ་ནས། རང་ཞིང་གིས་མུ་མཐུད་དུ་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བར། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ནུས་ཤུགས་ཡོད་དགུས་ལས་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོའི་རྒྱབ་ལྗོངས་འོག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གནད་འཁེལ་ཇུས་འདོན་དང་སྟོབས་ཤུགས་བཀོལ་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རིམ་བཞིན་སླར་གསོ་བྱས་པ་དང་བདེ་ལེགས་ངང་འཁོར་སྐྱོད་བྱེད་བཞིན་ཡོད། ཉེ་ལམ། ཇི་ལྟར“ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་འགོར་འགྱངས་མི་བྱེད་པ”བརྒྱུད་ནས། འཐབ་རྩོད་ཆེན་པོ་དང་ཉམས་སད་ཆེན་པོའི་ཁྲོད། མཚོ་ནུབ་དཔལ་འབྱོར་སྤྱི་ཚོགས་བརྟན་འཇགས་སྒོས་སླར་གསོ་དང་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་གཙོ་བོར་སྐུལ་འདེད་བྱས་པ་བརྒྱུད། བློ་བརྟན་འགྱུར་མེད་སྒོས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་ཕྱོགས་སུ་བསྐྱོད་པ་སོགས་ཀྱི་བརྗོད་གཞིར་ཁ་གཏད་ནས་གསར་འགོད་པས་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་མིན་ཧེ་ལ་ཆེད་དམིགས་བཅར་འདྲི་བྱས།

གསར་འགོད་པས་མཚོ་ནུབ་ཁུལ་ནི་བཟོ་ལས་དཔལ་འབྱོར་གྱི་ཁུལ་ཆེན་པོ་ཞིག་ཡིན་པས། ཇི་ལྟར་བྱེད་ཐབས་སྣ་མང་སྤྱད་དེ“ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་འགོར་འགྱངས་མི་བྱེད་པ”མངོན་འགྱུར་བྱ་དགོས་སམ་ཞེས་དྲིས་ཚེ།

མིན་ཧེ་ཡིས་བཤད་དོན།རིམས་ནད་བྱུང་བའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་རིམས་ནད་སྔོན་འགོག་བྱེད་པ་དེ་བཟོ་ལས་དང་ཁེ་ལས་གྱི་ལས་འགན་དང་པོར་བརྩིས་པ་དང་། བརྟན་འཇགས་སྒོས་འཕར་སྣོན་འབྱུང་བ་དེ་བཟོ་ལས་འཕེལ་རྒྱས་ཀྱི་འགན་འཁྲི་དང་པོར་བརྩི་བ། ནུས་ཤུགས་ཡོད་དགུས་བཟོ་ལས་དང་ཁེ་ལས་ཀྱི་ལས་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། རིམས་ནད་སྔོན་འགོག་དང་ལས་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་རྒྱལ་བར་ཁག་ཐེག་བྱས།

གཅིག་ནི་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་བྱ་བ་སྔ་སྣུར་དུ་བཀོད་སྒྲིག་བྱས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཕྱོགས་གཅིག་ནས་ཐོན་སྐྱེད་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་ཀྱི་བྱ་བར་གྲ་སྒྲིག་དང་ཐོན་སྐྱེད་རྒྱུ་ཆ་འདོན་སྤྲོད། ས་གཞན་གྱི་ཞོར་ལས་མི་སྣ་ལས་གནས་སུ་འབྱོར་བ། རིམས་ནད་དངོས་རྫས་གྲ་སྒྲིག་སོགས་ལ་རེ་རེ་བཞིན་བརྟག་བཤེར་བྱས་པ་དང་། དུས་རིམ་བགར་བ་དང་ཁག་བགར་ནས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པར་སྒྲིག་འཛུགས་བྱས། ཁེ་ལས་ཀྱི་ཐོན་སྐྱེད་བརྟན་འཇགས་སྒོས་སླར་གསོ་བྱེད་པར་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་། ཟླ་གཉིས་པའི་ནང་། མཚོ་ནུབ་ཀྱི་བཟོ་ལས་དང་ཁེ་ལས་བརྒྱ་དང་སོ་གཅིག་གི་ལས་མགོ་བརྩམས་པ་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། ལས་མགོ་བརྩམས་ནས་ཐོན་སྐྱེད་སླར་གསོ་བྱེད་ཚད་བརྒྱ་ཆའི་དོན་དྲུག་དང་གྲངས་ཆུང་དྲུག་ལ་སླེབས་ཡོད་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ཡོང་བ་མངོན་འགྱུར་བྱས། སྔོན་དཔག་བྱས་ན་ཟླ་གསུམ་པའི་ཟླ་མཇུག་ཏུ། ང་ཚོའི་འཆར་གཞིར་བཀོད་པའི་ཁེ་ལས་ཀྱི་ལས་མགོ་བརྩམས་ཚད་དང་ཐོན་སྐྱེད་སླར་གསོ་བྱས་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་གཅིག་ལ་སླེབས་སྲིད་པ་དང་། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་སྒོས་འཁོར་སྐྱོད་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། མིག་སྔའི་བར་དུ། བཟོ་ལས་དང་ཁེ་ལས་ཀྱི་ལས་མགོ་བརྩམས་ཚད་བརྒྱ་ཆའི་གྱ་གསུམ་དང་གྲངས་ཆུང་བཞི་ལ་སླེབས་ཡོད།

གཉིས་ནི་ལས་བཟོ་བ་གོ་རིམ་ལྡན་པའི་སྒོ་ནས་ལས་གནས་སུ་ལོག་པ་རྩ་འཛུགས་བྱས། ངལ་གསོའི་དུས་མཇུག་སྒྲིལ་ནས་ཁེ་ལས་ཀྱི་ལས་བཟོ་བ་ཕྱིར་ལས་གནས་སུ་ལོག་པའི་དོན་དངོས་ལ་ཁ་གཏད་ནས། མི་སྣ་དང་དངོས་རྫས་བགེག་མེད་འཁོར་སྐྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་། མིག་སྔའི་བར་དུ། ཁུལ་མངའ་ཁོངས་སུ་བཟོ་ལས་དང་ཁེ་ལས་ཀྱི་ལས་བཟོ་བ་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་ཞེ་དགུ་ལོགས་སུ་བཀར་ཚར་བ་མ་ཟད་ཕྱིར་ལས་གནས་སུ་ལོག ཁེ་ལས་ཀྱི་ལས་བཟོ་བ་ལས་གནས་སུ་འབྱོར་ཚད་བརྒྱ་ཆའི་གྱ་བརྒྱད་ཡན་ལ་སླེབས་ཡོད་པ་དང་། ཉེ་ལམ་གསར་དུ་ལས་གནས་སུ་འབྱོར་བའི་ལས་བཟོ་བ་སྟོང་གཉིས་དང་ཉིས་བརྒྱ་ཡས་མས་སུ་སླེབས་ཡོད་པ་དང་། སྔོན་དཔག་བྱས་ན། ཟླ་གསུམ་པའི་ཟླ་མཇུག་ཏུ། ཁེ་ལས་ཀྱི་ལས་བཟོ་བ་ཕྱིར་ལས་གནས་སུ་ལོག་ཚད་བརྒྱ་ཆའི་གོ་ལྔ་ཡན་ལ་སླེབས་སྲིད།

གསུམ་ནི་བཟོ་ལས་དང་ཁེ་ལས་ཀྱི་ལས་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ། འབྲེལ་ཡོད་སྡེ་ཁག་གི་རྐང་འཛིན་མི་སྣ་སྐོང་འཐེན་བྱས་ཏེ་བྱ་བའི་ཚན་ཆུང་སོ་བཞི་བཙུགས་ཡོད་པ་དང་། ཁེ་ལས་གཙོ་བོ་སོ་བཞི་རུ་བཅའ་སྡོད་བྱས་ནས་རིམས་ནད་སྔོན་འགོག་དང་ཐོན་སྐྱེད་སླར་གསོའི་ཐད་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ།  ཁུལ་རིམ་པའི་མགོ་ཁྲིད་ཀྱི་མཉམ་འབྲེལ་ས་ཚིགས་སོ་གཉིས་ཀྱི་ཁེ་ལས་བརྒྱ་དང་གཉིས་བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱིས་གང་མགྱོགས་སྒོས་ལས་འགོ་རྩོམ་རྒྱུར་ལྟ་སྐུལ་དང་རོགས་རམ་བྱས་པ་རེད། དེ་དང་ཆབས་ཅིག ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། སྲིད་འཛིན་ཨུ་ཡོན་ལྷན་ཚོགས་བཅས་ཀྱིས་རོགས་སྐྱོར་བྱ་བའི་ཚན་ཆུང་མངགས་ནས།  “ཁེ་ལས་རེར་ཐབས་ཇུས་རེ”དང་། “དོན་རེར་གྲོས་རེའི”བྱེད་ཐབས་སྤྱད་དེ། ཁེ་ལས་ཀྱིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རོགས་རམ་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ལས་ཀ་བསྐྱར་གསོ་བྱེད་པར་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་འདོན་སྤྲོད་བྱས།

གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་འཕེལ་རྒྱས་ཀྱི་གནས་གཙོ་བོ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་གནས་གལ་ཆེན་ཡིན་པའི་ངོས་ནས་མཚོ་ནུབ་ཀྱིས་ཇི་ལྟར་བྱས་ཏེ་གནད་འཁེལ་ཇུས་འདོན་གྱིས་ཁེ་ལས་ལ་རོགས་རམ་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མཇུག་འགྲིལ་རྒྱུར་འདེགས་སྐྱོར་བྱེད་དགོས་སམ་ཞེས་དྲིས་ཚེ།

མིན་ཧེ་ཡིས་བཤད་དོན།བཟོ་ལས་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་རྒྱུར་དམ་འཛིན་ཡག་པོ་བྱས་ནས། ཁེ་ལས་ལ“རིམས་ནད”ཀྱི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ནི་མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་རེད། ཉེ་ལམ། ང་ཚོས་རྒྱལ་ཁབ་དང་ཞིང་ཆེན་གྱིས་བཏོན་པའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་ཏན་བྱས་པའི་རྨང་གཞིའི་སྟེང་། གཙོ་བོ་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་བྱ་བ་སྤེལ་བ་སྟེ།

གཅིག་ནི་ཕྱོགས་ཡོངས་ནས་གོང་འོག་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བ། ཁུལ་ཡོངས་སུ་ཁེ་ལས་དབར་དང་ལས་རིགས་དབར། ལྷག་པར་དུ་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་དབར་གྱི་གོང་འོག་སྦྲེལ་མཐུད་བྱ་བ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། བཟོ་ལས་དང་ཁེ་ལས་ཀྱི་ཆ་ཚང་སྒྲིག་ཆས་ཀྱི་མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་རྒྱུ་ཆའི་ཐོན་རྫས་མགོ་རྩོམ་ས་བྱེད་པ་དང་། ཅཱ་ལུད་དང་ཐན་སྐྱུར་ལི། ལྷད་མེད་བུལ་ཏོག རྡོ་སོལ། ཞ་ཉེ་ཏི་ཚའི་ཐོན་རྫས། རླུང་གློག་སྒྲིག་ཆས། འོད་ཤུགས་སྒྲིག་ཆས། ཨར་འདམ། གློག་སྐུད་གློག་ཐག་སོགས་གཙོ་གནད་དུ་བཟུང་སྟེ་འབྲེལ་མཐུད་ཐོན་རྫས་བྱས། ས་ཁུལ་ཁག་དང་དཔེ་སྟོན་ས་ཁུལ་ཁག་གི་གཞི་ཁྱོན་ཡན་གྱི་ཁེ་ལས་ཡོངས་ཀྱི་ཐོན་སྐྱེད་དང་ལས་གཞི་འཛུགས་སྐྲུན་གྱི་ཉོ་སྒྲུབ་གསལ་ཐོ་དང་ཐོན་རྫས་དཀར་ཆག་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་པ་དང་། གོང་འོག་རྒྱུད་ཀྱི་ཁེ་ལས་འབྲེལ་མཐུད་བྱ་བ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཁེ་ལས་ཀྱིས་སྤུས་ཚད་འགན་ལེན་དང་སྤུས་ཚད་གཅིག་མཚུངས། རིན་གོང་གཅིག་མཚུངས་ཀྱི་གནས་ཚུལ་འོག ཁུལ་ནང་ཁུལ་གྱི་ཐོན་རྫས་སྔོན་ལ་ཉོ་སྒྲུབ་བྱ་རྒྱུར་སྐུལ་མ་བཏང་།

དེ་དང་ཆབས་ཅིག ཚོང་ལས་ཁེ་ལས་དང་ཞིང་ཕྱུགས་ཁེ་ལས། བཟོ་ལས་ཁེ་ལས་བར་གྱི་ངལ་རྩོལ་འགན་སྲུང་མཁོ་ཆས་དང་ཞིང་ཞོར་ཐོན་རྫས་སོགས་ཀྱི་ཐད་འབྲེལ་མཐུད་བྱ་རྒྱུ་སྒྲིག་འཛུགས་བྱས། མིག་སྔར། ཁུལ་ཡོངས་སུ་ཁེ་ལས་བརྒྱ་དང་རེ་གཅིག་གིས་གོང་འོག་སྦྲེལ་མཐུད་བྱས་ཡོད་པ་དང་། སྦྲེལ་མཐུད་བྱས་པའི་མ་དངུལ་སྒོར་དུང་ཕྱུར་བཅུའི་ཡན་ལ་སླེབས་པ་མངོན་འགྱུར་བྱས།

གཉིས་ནི་ཕྱོགས་ཡོངས་ནས་ཐོན་སྐྱེད་རྒྱུ་ཆའི་འགན་སྲུང་ལ་ཤུགས་བསྣན།  རྒྱལ་ཁབ་ཀྱིས་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དང་། ཞིང་ཆེན་གྱིས་བཏོན་པའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་དོན་ཚན་ཉེར་བདུན་དང་། དོན་ཚན་ཉེར་གཉིས་དོན་འཁྱོལ་ནན་ཏན་བྱས་པའི་རྨང་གཞིའི་སྟེང་། ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རང་བྱུང་སོལ་རླངས་མཁོ་སྤྲོད་དང་གློག་ཤུགས་མཁོ་འདོན། འཁོར་སྐྱོད་མ་དངུལ་སོགས་ཀྱི་ཐད་ནས་མགོ་བཙུགས་ཏེ། འགལ་རྐྱེན་སེལ་བ་དང་རྒྱུན་ལྡན་གྱི་བྱ་བ་སླར་གསོ་བྱེད་པ་སོགས་ཐད་ཀྱི་མངོན་གསལ་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། རང་བྱུང་སོལ་རླངས་དང་གློག་ཤུགས། དེ་མིན་དངུལ་རྩའི་ལས་ཁུངས་བཅས་ལ་མཐུན་སྦྱོར་བྱས་ནས་བྱ་ཐབས་སྣ་མང་བཏོན་པ་དང་། དམིགས་བསལ་གྱི་དུས་སྐབས་སུ་ཁུལ་ཡོངས་ཀྱི་ཁེ་ལས་ཀྱི་སོལ་རླངས་དང་གློག མ་དངུལ་སོགས་ཐོན་སྐྱེད་རྒྱུ་ཆ་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་བརྟན་འཇགས་དང་ཕན་ནུས་མཐོ་བའི་ཐོན་སྐྱེད་བྱེད་པར་འགན་སྲུང་བྱས།

གསུམ་ནི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་། ད་ལོ་གཏན་འཁེལ་བྱས་པའི་ལས་གཞི་གཙོ་བོ་བརྒྱ་དང་རེ་གསུམ་ལ་དམིགས་ནས།  འགོ་ཁྲིད་མཉམ་འབྲེལ་ས་ཚིགས་ཀྱི་འགན་འཁྲིའི་ལམ་ལུགས་དང་སྡེ་ཁག་གི་སྣེ་ཁྲིད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་གནད་འགག་གི་དུས་རིམ་ཁོང་དུ་ཆུད་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་དམ་འཛིན་བྱས། ཧུར་ཐག་གིས་གསར་དུ་བསྐྲུན་པའི་ལས་གཞི་ལ་དྲ་ཐོག་ནས་ཞིབ་མཆན་འགོད་རྒྱུ་ཁྱབ་གདལ་བྱས་པ་དང་། ལས་གཞིའི་དུས་འགོའི་བྱ་བ་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་བ་མ་ཟད། ཐོ་འགོད་ཀྱི་གོ་རིམ་ཇེ་ཉུང་དུ་བཏང་བ་དང་ལས་ཀའི་བརྒྱུད་རིམ་སྟབས་བདེ་རུ་བཏང་བ། ལས་ཀའི་ཕན་ནུས་ཆེ་རུ་བཏང་བ་བཅས་བྱས་ནས་ལས་གཞི་བདེ་བླག་ངང་སྙན་ཞུ་བྱེད་པ་དང་སྔ་མོ་ནས་དོན་འཁྱོལ་བྱ་རྒྱུར་ཆ་རྐྱེན་བསྐྲུན། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་དམིགས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་སྟོབས་ཤུགས་ཡོད་པའི་ཁེ་ལས་ལ་དམ་པོར་དམིགས་ཏེ། ཁྱད་ལྡན་ཅན་དང་རང་གཤིས་ཅན་གྱི་ཚོང་འགུགས་སྲིད་ཇུས་ལས་པ་དང་། ནུས་ལྡན་སྒོས་ཚོང་འགུགས་བྱ་ཐབས་སྣ་མང་སྤེལ་ནས་ལས་གཞི་སྔར་ལས་ཆེ་བ་དང་ལས་གཞི་ཡག་པོ་མཚོ་ནུབ་ཏུ་དོན་འཁྱོལ་ཐུབ་པ་བྱས།

བཞི་ནི་ལས་གཞི་འདོན་སྤེལ་གྱི་ཕན་འབྲས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་པ། དོན་དངོས་སྟེང་བསགས་འབོར་ཁེ་ལས་ཀྱི་བརྟན་འཇགས་ནུས་པ་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གོང་སྤེལ་གྱི་བསགས་འབོར་ལས་གཞི་གསེད་བཀྲོལ་བྱས་ནས། བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བྱས་ཏེ།ཐོག་མར་ལས་སྒོ་ཚུགས་པར་སྐུལ་འདེད་གཏོང་བ་དང་འཛུགས་སྐྲུན་བྱས་ནས་བཟོ་སྐྲུན་ལེགས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བ། ཐོན་སྐྱེད་བྱས་ནས་ཕན་འབྲས་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་ལྟར། ཐོན་ལས་སྦྲེལ་ཐག་བསྲིང་བ་དང་བསགས་འབོར་ལས་གཞི་འཕེལ་རྒྱས་ཀྱི་སྦས་ཤུགས་ལ་སྐུལ་སློང་བྱེད་པ། གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཕར་ཚད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཁེ་ལས་ཁག་ཅིག་གི་ཐོན་འབབ་དང་ཕན་འབྲས་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དཔལ་འབྱོར་འཕར་སྣོན་གསར་བ་འབྱུང་དུ་འཇུག་དགོས། ལྷག་པར་དུ་སྣུམ་རླངས་དང་ཚྭ་མཚེའུ་སོགས་ཀྱི་ལས་རིགས་ལ་ཐོན་སྐྱེད་བཀོད་གཏོང་དང་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཐོན་འབབ་བརྟན་པོ་དང་ཐོན་འཕར་ཡོང་བ་བྱས་ཏེ། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕར་སྣོན་འབྱུང་བར་འདེགས་སྐྱོར་བྱས་ནས། ལོ་འཁོར་གྱི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་འགྲུབ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ལས་མཇུག་སྒྲིལ་བར་ཁག་ཐེག་བྱས།

གསར་འགོད་པས་ཇི་ལྟར་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་གི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་བརྟེན་ནས་ཁེ་ལས་ཀྱི་གྲུབ་ཚུལ་སྔར་བས་ལེགས་སྒྲིག་དང་། རྣམ་པ་བསྒྱུར་བར་སྐུལ་འདེད། འཕར་སྣོན་བརྟན་པོ། ཉམས་ཉེན་སེལ་བ་བཅས་བྱས་ནས། སྔར་ལས་བརྟན་པའི་འཕེལ་རྒྱས་ཀྱི་སྟེགས་བུ་བསྐྲུན་དགོས་སམ་ཞེས་དྲིས་ཚེ།

མིན་ཧེ་ཡིས་བཤད་དོན།འཐབ་འཛིང་ཆེན་པོ་དང་ཉམས་སད་ཆེན་པོར་གདོང་གཏོད་པའི་ཁྲོད། ང་ཚོས་མུ་མཐུད་དུ“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་དང་ཚོང་ལས་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན་ནས། སྲིད་དོན་ཞབས་ཞུའི“གཅིག་འཐུས་རྣམ་པའི”ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བཏང་བ་དང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སྤེལ་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།

གཅིག་ནི་སྲིད་ཇུས་ཀྱི་འགན་སྲུང་ཇེ་དྲག་ཏུ་བཏང་བ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་ཚོང་དོན་ཁོར་ཡུག་ལེགས་སྒྲིག་བྱེད་པའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་ལག་ལེན་དངོས་འབེབ་བྱས་ཏེ།  སྲིད་ཇུས་ཀྱི་རོགས་སྐྱོར་དང་སྲིད་བསྡུ་དབང་གཏོང་། འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བ་སོགས་ཀྱི་ཐད། ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་གཙོ་བོའི་འགན་སྲུང་ལ་གཟིགས་སྐྱོང་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁུལ་ཡོངས་ཀྱི་ཁེ་ལས་ལ་ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

གཉིས་ནི་མཉམ་འབྲེལ་དྲ་བ+འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།“དངོས་གཞིའི་སྲིད་དོན”དང“དྲ་ཐོག་སྲིད་དོན”གཉིས་འཁོར་སྐྱོད་ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱིས་ལས་དོན་སྒྲུབ་པར“སྒོ་གཅིག་མ་གཏོགས་འཛུལ་མི་ཆོག་པ”དམིགས་འབེན་དུ་བྱས་ཏེ། སྲིད་འཛིན་གྱི་ཞིབ་མཆན་འགོད་པ་དང་སྤྱི་པའི་ཞབས་ཞུ། དམངས་ཕན་ཞབས་ཞུ། ཐོན་ཁུངས་བཀོད་སྒྲིག ཕན་ཚུན་སྐུལ་འདེད། ཕན་ནུས་ལྟ་ཞིབ་སོགས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུ་ནུས་ཤུགས་ཡོད་དགུས་བསྐྲུན། རིམས་ནད་སྔོན་འགོག་གི་དུས་སྐབས་སུ། འགན་ནུས་སྡེ་ཁག་སོ་སོས་ལས་དོན་སྒྲུབ་པའི་ཐབས་ལམ་དང་ལས་སྒོའི་བློ་འདྲིའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་བརྒྱུད། ཁེ་ལས་ལ“དྲ་ཐོག་ནས་གཉེར་བ་དང་།  མྱུར་སྐྱེལ་གཞུང་སྒྲུབ་ཁང་། བློ་འདྲི་གཞུང་སྒྲུབ་ཁང”བཅས་ཀྱི་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཀྱི་རྒྱུན་ལྡན་སྒོས་ཐོན་སྐྱེད་ཚོང་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད། ཁེ་ལས་གཉེར་བའི་དུས་ཚོད་དེ་བཅའ་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་ལས་ཀའི་ཉིན་གྲངས་ཉི་ཤུ་ནས་ལས་ཀའི་ཉིན་གྲངས་ལྔ་བར་ཇེ་ཐུང་དུ་བཏང་ཡོད། མ་དངུལ་འཇོག་པའི་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་བསྒྱུར་དང་བཟོ་སྐྲུན་འཛུགས་སྐྲུན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་བསྒྱུར་ལ་མཐུན་སྦྱོར་ངང་སྐུལ་འདེད་བྱས་ཏེ། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་ཚན་ཕྱོགས་ཡོངས་ནས་གཙང་བཤེར་བཅས་བྱས་པས་ཁུ་བསྡུ་བྱེད་ཚད་བརྒྱ་ཆ་དོན་དགུ་ཟིན་ཡོད།

གསུམ་ནི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རིམས་ནད་སྔོན་འགོག་དང་ལས་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོའི་ཁྱད་པར་བའི་དུས་སྐབས་ལ་སྐུལ་འདེད་བྱས་ཏེ། ང་ཚོས་ནུས་ཤུགས་ཡོད་དགུས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ། ཁྱད་གདལ་སྒོས་རིན་གོང་ཇེ་དམའ་རུ་གཏོང་བ་དང་གྲོན་དངུལ་གཙང་བཤེར། ཁུར་བོ་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། སྲིད་འཛིན་ལས་དོན་རང་བཞིན་དང་ཚོང་གཉེར་ཞབས་ཞུའི་རང་བཞིན་གྱི་དངུལ་བསྡུ་ཁག་ཅིག་མེད་པར་བཟོ་བ་དང་ཇེ་དམའ་རུ་བཏང་བས། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་གསུམ་མཉམ་འགུལ་གྱི་དངུལ་བསྡུ་དཀར་ཆག་གསལ་ཐོ་ལས་པ་དང་བབ་བསྟུན་ལེགས་སྒྲིག་བྱས་ཡོད། མ་དངུལ་གཏོང་བའི་ལས་གཞི་དྲ་ཐོག་ནས་ཞིབ་མཆན་ལྟ་སྐུལ་དོ་དམ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཛུགས་སྐྲུན་ལས་གཞི་གལ་ཆེན་ལ་གཤིབ་སྦྲེལ་ཞིབ་མཆན་འགོད་པའི་རྨང་གཞིའི་ཐོག“ལྗང་མདོག་བགྲོད་ལམ”བཏོད་ཡོད།

གཙོ་གནད་ལས་གཞི་ལས་མགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་བྱེད་པར་དམིགས་ནས། དུས་ཚོད་ཀྱི་མཚམས་ཚིགས་དང་སྐུལ་འདེད་བྱ་ཐབས། འགན་འཁྲི་གཙོ་བོ་བཅས་གསལ་བོ་བྱས་པ་དང་། ས་ཞིང་དང་ནུས་ཁུངས་ཟད་གྲོན། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔ་སྣུར་སྒོས་ཇུས་འགོད་ཡག་པོ་བྱས་ཏེ། རྡོ་སོལ་ཏུན་འབུམ་དྲུག་གི་ལས་གཞི་གཙོ་བོ་ཐོན་སྐྱེད་བྱེད་མགོ་བརྩམས་ནས་ཕན་འབྲས་མངོན་ཡོད། ལས་གཞི་མཉམ་འགུལ་གྱི་སྐུལ་འདེད་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཆུ་དང་གློག ལམ་བཅས་ཀྱི་ཆ་ཚང་སྒྲིག་ཆས་ཀྱི་ཆ་རྐྱེན་མགྱོགས་མྱུར་སྒོས་དངོས་འབེབ་བྱས་ཏེ། རྒྱུ་ཆ་མཁོ་སྤྲོད་དང་ཆ་ཚང་སྒྲིག་ཆས་ཀྱི་མ་དངུལ་རྗེས་འདེད་བྱ་བ་ཡག་པོ་སྒྲུབ་པ། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞི་ལས་འགོ་ཚུགས་ཚད་བརྒྱ་ཆའི་བཞི་བཅུ་ཡན་ཟིན་པ་དང་། ཟླ་ལྔ་བའི་ཟླ་མཇུག་ཏུ་བརྒྱ་ཆའི་དྲུག་ཅུ་ཡན་ཟིན་སྲིད་ལ། ལོ་སྟོད་དུ་གཙོ་གནད་ལས་གཞི་ཚང་མ་ལས་འགོ་བསྐྱར་ཚུགས་ཐུབ་པར་བརྩོན་ལེན་བཅས་བྱེད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།