ལུད་རྫས་འདང་ཚིམས་པ་གསོག་ཉར་བྱས་པ་དེས་རང་ཞིང་གི་དཔྱིད་འདེབས་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

“ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག”  རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ལྷོད་གཡེང་དུ་གཏོང་མི་རུང་བ་དང་དཔྱིད་འདེབས་གྲ་སྒྲིག་བྱ་རྒྱུར་འགོར་འགྱངས་བྱེད་མི་རུང་།

བཟོ་ཚོང་མཉམ་ལས་དང་ཞིང་ལས་ཁེ་ལས་འབྲེལ་མཐུད་བྱེད་བདེ་བ་དང་རྒྱལ་ཡོངས་ཀྱི་དཔྱིད་འདེབས་ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་ཀྱི་དགོས་མཁོ་སྐོང་ཆེད།  ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་ཡོངས་ལ་ཚོང་གཉེར་དྲ་ཚིགས་མང་པོ་ཡོད་པ་དང་བདག་གཉེར་སྣ་ཁ་ཆ་ཚང་ཞིང་འགན་ལེན་ཡོད་པ། གྲུབ་འབྲས་ཕུལ་བྱུང་ཡིན་ལ་ཡིད་རྟོན་བློས་འགེལ་ཆོག་པ་བཅས་ཀྱི་ཞིང་སྤྱོད་དངོས་རྫས་ཁེ་ལས་གྱ་བརྒྱད་ཀྱི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་གི་མཚོ་སྔོན་ཞིང་ཕྱུགས་ཐོན་སྐྱེད་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི་དང་མང་ངེ་ཞིན་ཡོན་ཅ་ལུད་ཚད་ཡོད་འགན་འཁྲི་ཀུང་སི་གཉིས་དེའི་ནང་དུ་ཚུད་ཡོད་པ་རེད།

མཚོ་སྔོན་ཞིང་ཕྱུགས་ཐོན་སྐྱེད་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིས་སྔ་མོ་ནས་འཆར་གཞི་བཟོ་བ་དང་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ་འདང་ངེས་ཀྱི་གྲབས་གསོག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་དཔྱིད་འདེབས་གྲ་སྒྲིག་བྱེད་པ་དང་དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ལྡན་ལུད་རྫས་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་འཆར་གཞི་ཆེན་པོ་བཟོས་ཏེ། མཚོ་སྔོན་ཞིང་ཆེན་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱས།

ཟི་ལིང་གྲོང་ཁྱེར་ཚྭ་འདམ་གཤོང་ལམ་དུ་གནས་པའི་ཞིང་ཆེན་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཚོགས་པའི་ལུད་རྫས་གསོག་མཛོད་ཁང་གི་སྒོ་རའི་ནང་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཆེ་ཆུང་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། ལས་བཟོ་པ་རྣམས་ཀྱིས་ལུད་རྫས་ཁུག་མ་རེ་རེ་བྱས་ཏེ་རླངས་འཁོར་གྱི་ནང་དུ་སྐྱེལ་བའི་ལས་ལ་བྲེལ་བཞིན་འདུག

ར་སྐོར་ནང་དང་མཛོད་ཁང་བཅས་སུ་ལུད་རྫས་སྒྱེ་མོ་རེ་རེ་གྲལ་དུ་བསྒྲིགས་ཡོད་ཅིང་། “སྤྱིར་ན་ལུད་རྫས་དེ་དག་ལོ་མ་སར་གོང་ནས་གྲབས་གསོག་བྱས་པ་ཞིག་ཡིན་ཞིང་དེའི་དམིགས་ཡུལ་ནི་རང་ཞིང་གི་དཔྱིད་འདེབས་ཐོན་སྐྱེད་ཀྱི་ལུད་རྫས་འདང་ངེས་བྱེད་པར་འགན་སྲུང་བྱེད་པའི་ཆེད་དུ་ཡིན”ཞེས་མཚོ་སྔོན་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཚོགས་པའི་སྤྱི་ཁྱབ་ལས་འཛིན་པ་ལིག་ཧའེ་ལུང་གིས་བཤད།

མཚོ་སྔོན་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་མཚོ་སྔོན་ཞིང་ཆེན་ཞིང་ལས་དངུལ་ཁང་མཁར་ཤར་ཡན་ལག་དངུལ་ཁང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བརྟེན། གྲབས་གསོག་དངུལ་བུན་གྱི་མ་དངུལ་སྔ་སྣུར་དུ་སྤྲད་པ་དང་ཡུལ་དངོས་སུ་དངུལ་བུན་གཏོང་བའི་འགྲོ་ལུགས་སྒྲུབ་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཚོགས་པས་སྔ་ལོ་དང་བསྡུར་ན་ཉིན་བཞི་བཅུ་སྔ་སྣུར་གྱིས་ཉོ་སྒྲུབ་གྲབས་གསོག་བྱས་པས་གྲབས་གསོག་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་མཇུག་སྒྲིལ་མེད་པ་དང་དཔྱིད་འདེབས་ལ་ཐོན་པའི་སྐབས་འདིར། མཚོ་སྔོན་ཞིང་ལས་རྒྱུ་ཆ་ཚོགས་པས་འགན་འཁུར་བའི་ཞིང་ཆེན་རིམ་པའི་ལུད་རྫས་གསོག་འཇོག་ལམ་ལུགས་ཀྱི་ནུས་པར་མངོན་གསལ་དོད་པོ་ལྡན། “མ་གཞི་ལུད་རྫས་ཀྱི་མཁོ་སྤྲོད་མི་འདང་བས་དཔྱིད་འདེབས་འཐུས་ཤོར་འགྲོ་བར་སེམས་ཁྲལ་བྱེད་ཀྱི་ཡོད།ད་ལྟའི་ལུད་རྫས་གསོག་འཇོག་གི་གནས་ཚུལ་ལ་བལྟས་ན་ང་ཚོའི་སེམས་བདེ་མོ་བྱས་ནས་བསྡད་ཆོག”ཅེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་ཞིང་པ་ཞིག་གིས་གསར་འགོད་པ་དེ་ལྟར་བཤད།

རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་འདེབས་ཐོན་སྐྱེད་མཁོ་འདོན་གྱི་དུས་སྐབས་གཙོ་བོའི་ནང་། མཚོ་སྔོན་ཞིང་ལས་རྒྱུ་ཆ་ཚོགས་པས་ཞིང་ལས་རྒྱུ་ཆ་ཚོང་གཉེར་དང་ཞབས་འདེགས་ཞུ་སྟངས་ལ་འགྱུར་ལྡོག་བཏང་ནས། ཁ་པར་བརྒྱུད་ནས་སྔོན་ལ་མངག་ཉོ་བྱེད་པ་དང་དྲ་ཐོག་ནས་མངག་ཉོ་བྱེད་པ་སོགས་ཀྱི་གློག་རྡུལ་ཞབས་ཞུའི་བྱ་བ་ཧུར་ཐག་གིས་སྤེལ་བ་དང་། གཅིག་གྱུར་སྒོས་སྡེབ་སྐྱེལ་དང་དངོས་ཟོག་སྒོ་འགྲམ་དུ་སྐྱེལ་བ་སོགས་ཀྱི་ཐབས་ལམ་སྤྱད་དེ་མི་སྣ་མང་པོ་འདུ་འཛོམས་བྱེད་ཚད་ཉུང་དུ་གཏོང་རྒྱུ་དང་དུས་མཚུངས་སུ་ལས་སྒོའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་སྐྱེལ་འདྲེན་གྱི་མ་རྩ་དམའ་རུ་གཏོང་བ། བར་མཚམས་ཀྱི་འཁོར་རྒྱུག་ལྷུ་ཚིགས་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཞིང་པ་དང་དེ་བཞིན་ཆེད་ལས་མཉམ་ལས་ཁང་དང་འདེབས་འཛུགས་བྱེད་མཁན་གྱི་ཁྱིམ་ཚང་སོ་སོར་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཕན་འབྲས་བསྐྲུན་བཞིན་ཡོད།

ན་ནིང་གི་ཟི་ལིང་ས་ཁུལ་གྱི་སིལ་ཚོང་རིན་གོང་དང་བསྡུར་ན་ད་ལོར་ལིན་སྐྱུར་ཨར་ཨན་གྱི་རིན་གོང་9.2%མར་ཆག་པ་དང་ཏན་ལུད་ཐོན་རྫས་ཀྱི་རིན་གོང་8.3%མར་ཆག་པ། མཉམ་བསྲེས་ལུད་རྫས་སྣ་ཚོགས་ཀྱི་རིན་གོང་9%མར་ཆག་ཡོད་ཚུལ་སྐོར་ནས་ལིག་ཧའེ་ལུང་གིས་གསར་འགོད་པར་ངོ་སྤྲོད་གསལ་བོ་བྱས་བྱུང་།

མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་ཞིང་ལས་རྒྱུ་ཆ་ཚོགས་པས་མ་རྐང་ཚོད་འཛིན་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་ཆེད་སྤྱོད་ལུད་རྫས་ཚད་ཡོད་ཀུང་སིས་དུས་ཐོག་ཏུ་ལས་མགོ་བསྐྱར་ཚུགས་བྱས་པ་མ་ཟད།རང་ཞིང་གི་ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་སྤེལ་ཏེ་སྐྱེ་ལྡན་ལུད་རྫས་རིམ་སྤོར་བྱེད་པ་གོ་རིམ་ལྡན་པའི་ངང་སྤེལ་བར་རྒྱབ་སྐྱོར་བྱས་ཡོད།

གསར་འགོད་པས་མཚོ་སྔོན་ཆེད་སྤྱོད་ལུད་རྫས་ཚད་ཡོད་ཀུང་སི་ཟི་ལིང་གྲོང་ཁྱེར་ཀན་ཧོ་བཟོ་ལས་གླིང་ཁུལ་དུ་ཡོད་པའི་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་རྟེན་གཞི་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཟོ་གྲྭ་དེས་ཐོན་སྐྱེད་སླར་གསོ་བྱས་པ་ནས་བཟུང་བཟོ་གྲྭའི་འཁོར་ཁང་སོགས་སུ་དུག་སེལ་གང་ལེགས་བྱས་པ་དང་ལས་རྐང་དང་པོའི་ལས་བཟོ་བ་རྣམས་ལ་དུས་ཚོད་གཏན་འཁེལ་གྱིས་དྲོད་ཚད་འཇལ་བ་དང་ཁ་ཐུམ་སྤྲོད་པ་བཅས་ཀྱི་རིམས་འགོག་བྱ་བ་དམ་འཛིན་བྱེད་པའི་ཞོར་དུ། ནུས་ཤུགས་ཡོད་རྒུས་རང་ཞིང་གི་སྐྱེ་ལྡན་ལུད་རྫས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ཐད་ཀྱི་མཁོ་སྤྲོད་འགན་སྲུང་བྱེད་ཀྱིན་འདུག

བཟོ་གྲྭའི་འཁོར་ཁང་དུ་འཕྲུལ་འཁོར་གྱི་འུར་སྒྲ་ལྡིར་ལྡིར་ངང་གྲགས་པ་དང་བསྟུན་ནས་ལས་བཟོ་བ་རྣམས་ཀྱིས་ཚ་ཚ་འུར་འུར་གྱིས་ཐོན་སྐྱེད་རྒྱུ་ཆའི་རིགས་འཕྲུལ་འཁོར་ནང་དུ་ལྡུག་བཞིན་ཡོད་ཅིང་། དེ་ལྟར་འཕྲུལ་འཁོར་རྒྱུན་མི་ཆད་པར་འཁོར་སྐྱོད་བྱས་པ་དང་བསྟུན་ནས་ཐོན་པའི་སྐྱེ་ལྡན་ལུད་ཁུག་མ་རེ་རེ་བཞིན་རང་ཞིང་གི་ས་གནས་ཁག་སོ་སོར་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད།

“མིག་སྔར་ཉིན་གཅིག་གི་ཐོན་འབབ་ཧ་ལམ་ལུད་རྫས་ཏུན་150ཡས་མས་ཟིན་གྱི་ཡོད།”ཅེས་ལིག་ཧའེ་ལུང་གིས་བཤད།

མཚོ་སྔོན་ཞིང་ལས་རྒྱུ་ཆ་ཚོགས་པས་ཉེ་ལམ་རྒྱལ་ནང་དུ་སྲན་རིགས་སྐྱེ་དངོས་ཁྲོད་ནས་ཨན་གཞི་སྐྱུར་ལེན་པ་དང་མ་རྨོས་ལོ་ཏོག་གི་ཁྲོད་ནས་ཀུའུ་ཨན་སྐྱུར་བླངས་རྗེས་ཀྱི་ཞོར་ཐོན་དངོས་རྫས་ནང་འདྲེན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་དང་སྤུས་ལེགས་ཀྱི་ནོར་ལུག་གི་ལུད་རྫས་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་མ་བཅོས་རྒྱུ་ཆ་གཙོ་བོའི་གཞི་རྟེན་དུ་བྱས་ནས་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་བྱས་པ་རེད།མཚོ་ལྷོ་ས་ཁུལ་སོགས་སུ་འདེབས་འཛུགས་བྱས་པའི་ནས་དང་ལོ་དཀར།  མཚོ་ནུབ་ས་ཁུལ་གྱི་འདྲེ་ཚེར་མའི་སྐྱེ་དངོས་དང་དེ་བཞིན་ཟི་ལིང་མཐའ་འཁོར་ས་ཁུལ་གྱི་སྔོ་ཚལ་རིགས་ཀྱི་འདེབས་འཛུགས་ཞིང་ལས་ཁྲོད་རྒྱུན་མཐུད་ལུད་ནུས་ཚོད་ལྟ་བྱས་པ་བརྒྱུད་ས་རྒྱུ་ཇེ་ལེགས་སུ་ཕྱིན་པ་དང་ལུད་ནུས་སྤྱོད་ཚད་མཐོ་བ།ཐོན་འཕར་ཕན་འབྲས་མངོན་གསལ་ཡིན་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད།

ལིག་ཧའེ་ལུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་མང་པོའི་རིང་མཚོ་སྔོན་ཞིང་ཆེན་ཆེད་སྤྱོད་ལུད་རྫས་ཚད་ཡོད་ཀུང་སིས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ས་ལུད་སུའོ་དང་མཚོ་སྔོན་ཞིང་ཆེན་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་ལག་རྩལ་རྒྱབ་སྐྱོར་ལ་བརྟེན་ནས།  མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་སྐྱེ་དངོས་སྣ་ཁ་མི་འདྲ་བ་སྡེབ་སྦྱོར་དང་ནུས་མང་རྣམ་པའི་ལུད་རྫས་ཐོན་སྐྱེད་བྱས་ནས་ཞིང་ལས་སྐྱེ་དངོས་ཀྱི་སྤུས་ཚད་ནུས་ཡོད་སྒོས་མཐོ་རུ་གཏོང་བ་དང་ཐོན་ཚད་མང་དུ་བཏང་ནས། སྲོལ་རྒྱུན་གྱི་ཕྱུགས་རིགས་ལ་བརྟེན་པའི་ལུད་རྫས་ཐོན་སྐྱེད་རྒྱུ་ཆས་སྐྱེ་དངོས་ལ་མཁོ་བའི་འཚོ་བཅུད་གཞི་རྒྱུ་མི་འདང་བའི་ཞན་ཆར་ཁ་གསབ་བྱེད་པ་སོགས་ཀྱི་ཕན་འབྲས་ཐོན་ཡོད།

མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་ཀྱི་གཙོ་གནད་ཁེ་ལས་དང་སྐབས་དང་པོའི་སྐྱེ་ལྡན་ལུད་རྫས་མནའ་འབྲེལ་ལས་འཛིན་སྡེ་ཁག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་ཆེད་སྤྱོད་ལུད་རྫས་ཚད་ཡོད་ཀུང་སིས་རང་ཞིང་གི་ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ཀྱི་སྤྱིའི་དམིགས་ཚད་འཆར་འགོད་གཞིར་བཟུང་ནས། ཐོན་སྐྱེད་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་སྟེང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། སྐྱེ་ལྡན་ལུད་རྫས་ཀྱི་ལག་རྩལ་དང་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་ཆེན་པོ་གཏོང་བ། བྱེད་ནུས་རྣམ་པ་དང་འཚོ་བཅུད་རྣམ་པའི་སྐྱེ་ལྡན་ལུད་རྫས་ཀྱི་ཐོན་རྫས་གསར་པའི་ཕྱོགས་སུ་བསྒྱུར་བ་སོགས་ཀྱི་ཐོན་སྐྱེད་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་རང་ཞིང་གི་ལྗང་མདོག་ལུད་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་ཐོག་མ་དེ་འཛུགས་སྐྲུན་བྱེད་བཞིན་ཡོད།

                                                 ལོ་ཙཱ་བ། གཡང་འབུམ་རྒྱལ།