“གསུམ་མེད་སྡེ་བ”ཡི་འགྱུར་ལྡོག
2020.03.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

“ནམ་ཟླ་ཇེ་འཁྱགས་རེད། འདི་ནི་ངས་ཁྱེད་ཀྱི་ནུ་མོར་ཉོས་པའི་ལྷམ་ཡིན། ཁྱེད་ཚོས་ཆེ་ཆུང་རན་མིན་ལ་ལྟོས་དང་།” “ཉེ་ཆར་ཁྲག་ཤེད་རྒྱུན་ལྡན་རེད་དམ། ཐེངས་སྔོན་མར་ཁྱེད་ཚོར་ཁྱེར་ཡོང་བའི་སྨན་དེར་ནུས་པ་ཡོད་དམ། གལ་ཏེ་ནུས་པ་ཡོད་ན་ཐེངས་རྗེས་མར་ངས་ད་དུང་སྨན་དེ་ཉོས་ཆོག”“ཁྱེད་ཚོར་དཀའ་ཁག་ཅི་ཞིག་ཡོད་དམ”

རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཆང་གིས་ཤོག་ཐུམ་ཆེ་མ་ཆུང་གསུམ་མང་པོ་ཁྱེར་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གཡང་འཁྱིལ་སྡེ་བའི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་བཀྲ་ཤིས་སྐྱབས་ཚང་ལ་སྐོར་རྒྱག་ཏུ་སོང་། བཀྲ་ཤིས་སྐྱབས་ཀྱི་བུ་མོ་སྒྲོལ་མ་སྐྱིད་ཀྱིས་གདོང་ལ་འཛུམ་དང་བཅས་ཏེ་ལི་ཆང་གིས་བསྐྱལ་ཡོང་བའི་ལྷམ་དང་། དཔེ་ཁུག སྨན་རྫས་སོགས་ཚུར་ལེན་ཞོར“བཀའ་དྲིན་ཆེ། བཀའ་དྲིན་ཆེ།”ཞེས་མཚམས་མེད་པར་བཤད་བྱུང་།

གཡང་འཁྱིལ་སྡེ་བར་བཀྲ་ཤིས་སྐྱབས་ལྟ་བུའི་གནས་སྤོའི་འཚོ་བ་གསར་པ་ཞིག་གི་མགོ་བརྩམས་པའི་ཁྱིམ་ཚང་རེ་བདུན་དང་མི་ཉིས་བརྒྱ་སོ་བཞི་ཡོད་པ་རེད། ཡུལ་གཞན་དུ་གནས་སྤར་བའི་ལས་གཞི་ལས། ཁོ་ཚོས་རྩྭ་ཆུ་བསྙེགས་པའི་འཚོ་བ་མཇུག་བསྒྲིལ་ཞིང་། འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་།

རྨ་ཆུའི་ཆུ་གློག་ཀུང་སི་རུ། ལི་ཆང་དང་འདྲ་བར། དུས་ཚིགས་རེར་ལས་བྱེད་པ་ཉེར་བཞི་སྐོར་ཐེངས་བགོས་ཏེ་གཡང་འཁྱིལ་སྡེ་བའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སོ་དྲུག་ལ་སོང་སྟེ་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ངོས་འཛིན་པའི་བྱ་བ་བསྒྲུབས་ནས། དུས་ཐོག་ཏུ་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱས་པའི་རྣམ་པར་རྒྱུས་ལོན་བྱེད་བཞིན་ཡོད།

གཡང་འཁྱིལ་སྡེ་བ་ནི་རྨ་ཆུ་ཀུང་སིས་དབུལ་ཕོངས་སྡེ་བ་གཉིས་ལ་དབུལ་སྐྱོར་བྱེད་པར་གཏན་འཁེལ་བྱས་པའི་གྲས་ཀྱི་གཅིག་ཡིན་པ་དང་། རྩེ་ཁོག་རྫོང་གི་ཁོངས་གཏོགས་ཡིན། རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་ཡིན་ལ་རང་ཞིང་གི་དབུལ་ནག་རྫོང་ཡང་ཡིན། ཟི་ལིང་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་ལྔ་ཙམ་ལ་བསྐྱོད་རྗེས། ང་ཚོ་གཡང་འཁྱིལ་སྡེ་བར་ཐོན་པ་རེད། ས་འདིའི་མཚོ་ངོས་ལས་མཐོ་ཚད་ལ་མུས་སུམ་སྟོང་ལྔ་བརྒྱ་ཡོད་པ་དང་། རང་བྱུང་གི་ཁོར་ཡུག་ཤིན་ཏུ་ཞན་ལ། སྲོལ་རྒྱུན་ཕྱུགས་ལས་གཉེར་བའི་སྡེ་བ་ཞིག་རེད།

“ཞིང་སྡེའི་མཉམ་ལས་ཁང་གི་ཐུན་མོང་དཔལ་འབྱོར་མེད་པ་དང་། འདེགས་སྐྱོར་ཐོན་ལས་མེད་ལ། ཕྱུག་འགྱུར་གྱི་ཐབས་ལམ་མེད་པའི་སྡེ་བ་ཞིག་རེད། སྡེ་བ་ཡོངས་ཀྱི་མི་རེས་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་ནི་སྒོར་སྟོང་གཉིས་དང་བདུན་བརྒྱ་བརྒྱད་ཅུ་ཡིན་པ་དང་། དེའི་གྲས་ཀྱི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་རེས་བཀོལ་ཆོག་པའི་ཡོང་འབབ་ནི་སྒོར་སྟོང་གཅིག་དང་བདུན་བརྒྱ་སོ་གསུམ་ཙམ་ལས་མེད་པ་རེད།” ལི་ཆང་གིས་གསར་འགོད་པར་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོར། རྨ་ཆུའིུ་ཆུ་གློག་ཀུང་སིས་རོགས་སྐྱོར་མ་བྱས་པའི་སྔོན་ལ། གཡང་འཁྱིལ་སྡེ་བ་ནི་དཔེ་མཚོན་ཅན་གྱི“གསུམ་མེད་སྡེ་བ”ཞིག་རེད་ཟེར།

སྡེ་བར་ཐོན་མ་ཐག བོད་ལུགས་བཟོ་སྐྲུན་གྱི་ཁྱད་ཆོས་མངོན་པར་གསལ་བའི“གཡང་འཁྱིལ་སྡེ་བའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས”ཀྱིས་ང་ཚོའི་མིག་དབང་འཕྲོགས། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དེ་ནི་རྨ་ཆུའི་ཆུ་གློག་ཀུང་སིས་མ་དངུལ་སྒོར་མོ་ས་ཡ་གཅིག་འབུམ་གཅིག་དང་ཁྲི་བཞི་ལྷག་བཏང་སྟེ་བསྐྲུན་པའི་ནུས་ཁུངས་གཙང་མས་གློག་དང་དྲོད་རླངས་མཁོ་འདོན་བྱེད་པ་དང་། བཙོག་ཆུ་མེད་པར་བཟོ་བ། རིག་ནུས་ཚོད་འཛིན་བྱེད་པ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱ་འགུལ་ལྟེ་གནས་ཤིག་རེད་ལ། ས་དེ་གའི་དཔེ་སྟོན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཀྱང་རེད།

ཡིན་ཡང་དེའི་ཡར་སྔོན་ལ། གཡང་འཁྱིལ་སྡེ་བའི་ཏང་ཡོན་བྱ་འགུལ་ལྟེ་གནས་ཀྱི་ས་རྒྱ་ཆུང་ཞིང་། བྱ་འགུལ་སྤེལ་དཀའ་བ་དང་། སྒྲིག་ཆས་ཆ་ཚང་ཞིག་ཀྱང་མེད། ཏང་དང་མང་ཚོགས་ཀྱི་བྱ་འགུལ་ལྟེ་གནས་དེ་གྲུབ་པ་ནས་གཡང་འཁྱིལ་སྡེ་བའི་ཏང་ཡོན་ལ་བྱ་འགུལ་སྤེལ་ས་ཡོད་པར་མ་ཟད། ལྷག་པར་དུ་དབུལ་སྐྱོར་ལས་བྱེད་པར་སེམས་པ་ལྷོད་ལྷོད་དང་སེམས་རྣལ་དུ་ཕབ་ནས་དབུལ་སྐྱོར་བྱེད་དུ་བཅུག་ཡོད།

“ལས་གཞི་གང་ཞིག་གིས་དབུལ་སྐྱོར་བྱེད་དམ།” “ཐབས་ལམ་ཅི་ཞིག་ལ་བརྟེན་ནས་ཕྱུག་འགྱུར་བྱེད་དམ།”སྡེ་བར་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་མེད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། རྨ་ཆུའི་ཀུང་སིས《གཡང་འཁྱིལ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་མཉམ་ལས་ཁང་གི་གསོ་སྤེལ་ལས་གཞི་ལག་ལེན་བྱེད་ཐུབ་མིན་གྱི་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ་དང་། མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་ལྷག་བཏང་ནས་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་མཉམ་ལས་ཁང་བཙུགས་པ་བརྒྱུད་དེ། སྡེ་བའི་ཐུན་མོང་ཐོན་ལས་རྣམ་གྲངས་ཀྱིས་དབུལ་ཐར་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་སྤྱད་དེ། སྡེ་བ་ཡོངས་དབུལ་ཐར་མངོན་འགྱུར་བྱེད་པར་སྐུལ་ཁྲིད་བྱས།

རྩེ་ཁོག་རྫོང་ཧོར་གྲོང་རྡལ་གཡང་འཁྱིལ་སྡེ་བའི་རྩྭ་སའི་སྟེང་དུ། ལོ་ཉེར་གསུམ་ལ་སོན་པའི་དངོས་གྲུབ་སྒྲོལ་མས་ལག་པས་འུར་ཆ་གཡུག་ཞོར་ལུག་འཚོ་བཞིན་འདུག ལུག་ནི་མིག་གིས་བལྟས་བལྟས་རིག་རིག་ལ་བརྒྱ་བརྒྱ་ལྷག་ནས་སྟོང་གཅིག་དང་ལྔ་བརྒྱ་ལྷག་ལ་བུད་སྟབས། མོ་རང་སེམས་གཏིང་ནས་དགའ་སྤྲོ་སྐྱེས། “ད་ལོར་མཉམ་ལས་ཁང་དུ་ལུག་རྫི་བྱས་ཏེ། ལོ་གཅིག་གི་ཡོང་འབབ་ནི་སྒོར་ཁྲི་གསུམ་བཞི་ལྷག་ལ་སླེབས། ང་ཚོ་ཧ་ཅང་དགའ་ཡོད། ལོ་མཇུག་ལ་སླེབས་ན་ད་དུང་ཁེ་སྤོགས་བགོ་རྒྱུའང་ཡོད་པས། མ་འོངས་པའི་འཚོ་བར་རེ་བཅོལ་བྱེད་ས་ཞིག་ཡོད་བྱུང”ཟེར།

དངོས་གྲུབ་སྒྲོལ་མ་ཚང་ནི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་རིམ་པ་གཉིས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་། མོ་ཚང་ལ་རྩྭ་ས་དང་ཕྱུགས་ཟོག་སོགས་ཀྱི་ཡོང་འབབ་གཅིག་ཀྱང་མེད་པ་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་མོ་དང་མོའི་ཨ་ཕ་གཉིས་ཕྱུགས་ལས་མཉམ་ལས་ཁང་དུ་ལས་ཞུགས་བྱེད་པར་བཀོད་སྒྲིག་བྱས་ཏེ། ཕྱུགས་རྫི་བྱས་པ་ཡིན་པ་དང་། ཟླ་རེར་ཟླ་ཕོགས་སྒོར་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་ཡོད་པས། འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་།

མཉམ་ལས་ཁང་འཕེལ་རྒྱས་སུ་བཏང་བ་བརྒྱུད་དེ། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་ཀྱིས་དུས་ཡུན་རིང་པོར་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། བརྟན་འཇགས་ངང་དབུལ་ཐར་མངོན་འགྱུར་བྱེད་པར་ཁག་ཐེག་ནན་མོ་བྱས་ཏེ། མཉམ་ལས་ཁང་གིས་ཁེ་བཟང་རེག་པ་ན་སྡེ་དམངས་ཀྱིས་མ་རྐང་འཇོག་པར་ཚུར་འགུག་བྱས་པ་དང་། དེས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་གཞི་ཁྱོན་རྒྱ་བསྐྱེད་ཐུབ་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་གི་གྲས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ཏེ་ཡོང་འབབ་བགོ་བཤའ་བྱེད་པ་དང་། དབུལ་སྐྱོར་གྱི་ཡུན་ཕན་ནང་རྐྱེན་གྲུབ་ཏུ་བཅུག་ནས་སྤྱི་ཚོགས་ཡོངས་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

མི་ལོ་བཞིའི་རིང་ལ།“གསུམ་མེད་སྡེ་བ”ཞིག་ནས་དབུལ་ཐར་གྱི“སྣེ་ཁྲིད་མཁན”དུ་གྱུར་པ་དང་། རྨ་ཆུའི་ཆུ་གློག་ཀུང་སིའི་རོགས་སྐྱོར་ལ་བརྟེན་ནས། གཡང་འཁྱིལ་སྡེ་བས་ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང“སྡེ་བ་དང་ཁེ་ལས་ཀྱིས་མཉམ་སྐྲུན”བྱས་པས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་སྡེ་དམངས་ཀྱི་འཚོ་བ་ཇེ་སྐྱིད་དུ་སོང་ཡོད།

                                                                                                                            རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།