2020ལོའི་རང་ཞིང་གི་དམངས་འཚོའི་དོན་དངོས་བཟོ་འགོད་གསར་དུ་བཏོན་པ།
2020.03.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

ཉེ་ལམ། རང་ཞིང་གིས་གཏན་འཁེལ་བྱས་པའི2020ལོའི་དམངས་འཚོའི་དོན་དངོས་བཟོ་འགོད་བཅུ་དངོས་སུ་བཏོན་བྱུང་།

2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ”གྱི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡང་ཡིན། ཏན་ཏན་ཏིག་ཏིག་སྒོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། གནད་གཅིག་གིས་ཕྱོགས་ཡོངས་ཁྲིད་པ། ཁྱོན་ཡོངས་ནས་དམངས་འཚོའི་ལས་དོན་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཡང་དང་བསྐྱར་དུ་གདམ་གསེས་བྱས་པ་བརྒྱུད། རང་ཞིང་གིས་མཇུག་མཐར་ཕྱོགས་བཅུ་ཡི་དམངས་ཚིས་དོན་དངོས་ཞེ་གཅིག་གཏན་འཁེལ་བྱས།

གཅིག་ནི་ལས་ཞུགས་དམིགས་སུ་འཛིན་པའི་བཟོ་འགོད་རེད། ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་ཏུ་སྤེལ་ཏེ། ཁེ་ལས་ཀྱི་ལས་བཟོ་པ་དང་ལས་ཞུགས་གཙོ་གནད་ཚོགས་སྤྱི་དང་དབུལ་ཕོངས་ངལ་རྩོལ་པ་བཅས་མི་འབུམ་གཅིག་ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་རྒྱུ་རེད། མཁར་གྲོང་གི་གསར་འཕར་ལས་ཞུགས་མི་ཁྲི་དྲུག་ལ་འབུད་རྒྱུ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་མི་ཐེངས་ས་ཡ་གཅིག་དང་ཁྲི་ལྔ་སྤོ་བསྒྱུར་ལས་ཞུགས་བྱེད་རྒྱུ། གསོ་སྦྱོང་ནང་དོན་ལེགས་སྒྱུར་བྱེད་པ་དང་། གསོ་སྦྱོང་ལས་རིགས་དང་སློབ་ཁྲིད་ཁ་གསབ་སྙོམས་སྒྲིག་བྱེད་པ། ལས་རིགས(ལག་རྩལ་བཟོ་བ)སློབ་གླིང་གིས་གསོ་སྦྱོང་ནུས་པ་དང་ལེན་བྱེད་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གསོ་སྦྱོང་ནང་དོན་དང་ཁྲོམ་རའི་དགོས་མཁོ་འཕྲོད་མཐུན་འབྱུང་ཚད་རིམ་གྱིས་ཇེ་མཐོར་གཏོང་རྒྱུ་རེད།

གཉིས་ནི་སློབ་གསོའི་རྨང་གཞི་བརྟན་པོར་གཏོང་བའི་བཟོ་འགོད་རེད། བྱིས་སྙོར་ཁང་བཅོ་ལྔ་གསར་འཛུགས་དང་། བསྐྱར་སྐྲུན་རྒྱ་བསྐྱེད(ལས་མགོ་རྩོམ་པ)བྱེད་རྒྱུ་དང་། འོས་འགན་སློབ་གསོའི་གཉོམ་སའི་ལྷུ་ཚིགས་ལེགས་སྒྱུར་དང་ནུས་ཤུགས་མཐོར་འདེགས་གཏོང་བའི་བཟོ་འགོད་ལ་སྐུལ་འདེད་བཏང་སྟེ། འོས་འགན་སློབ་གསོའི་སློབ་གྲྭ་དགུ་བཅུ་ལས་མགོ་བརྩམས་ནས་འཛུགས་པ་དང་། སློབ་ར་ལྗང་བསྒྱུར་ལས་གཞི་དོན་ལྔ་ལག་ཏུ་བསྟར་རྒྱུ་ཡིན་ལ། ལས་རིགས་སློབ་གླིང་ཉི་ཤུ་ལ་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཆེད་ལས་འཛུགས་པར་རོགས་རམ་བྱེད་རྒྱུ་རེད།

གསུམ་ནི་སྡོད་ཁང་ལ་འགན་སྲུང་བྱེད་པའི་བཟོ་འགོད་རེད། གྲོང་ཁྱེར་གྱི་སྤྱིལ་ཁང་ཁུལ་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་དང་མཁར་གྲོང་གི་གསར་རྙིང་སྡོད་ཁུལ་ཁྲི་ལྔ་ལེགས་བཅོས་གཏོང་བའི་ལས་གཞི་མགོ་རྩོམ་རྒྱུ། རོང་འབྲོག་ཁྱིམ་ཚང་ཁྲི་གསུམ་གྱི་སྡོད་གནས་ཆ་རྐྱེན་ཕྱོགས་བསྡུས་ལེགས་བཅོས་བྱེད་པའི་བཟོ་འགོད་ལས་གཞི་ལག་ཏུ་བསྟར་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་རྒྱུ་དངོས་བདག་དབང་འཛིན་ཡིག་སྒྲུབ་པའི་ལས་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་སྤེལ་ཏེ། བརྟན་འཇགས་རྒྱུ་དངོས་ལག་ཁྱེར་འཛིན་ཡིག་སྒྲུབ་མི་ཐུབ་པའི་ལོ་རྒྱུས་ཤུལ་བསྐྱུར་གནད་དོན་ཐག་གཅོད་རྒྱུ་རེད།

བཞི་ནི་བདེ་ཐང་མཚོ་སྔོན་བཟོ་འགོད་རེད། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་དང་འགག་སྒྲོལ་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། མི་འབུམ་གཅིག་དང་ཁྲི་གཉིས་ལ་ཞིབ་བཤེར་ལག་བསྟར་བྱེད་པ་དང་། སློབ་མ་སོགས་གཙོ་གནད་མི་ཚོགས་ལས་མི་ཁྲི་ལྔ་དང་སྟོང་དགུ་ལ་ནད་བཤེར་བྱེད་རྒྱུ། གློ་གཅོང་ནད་ལ་རིན་མེད་བརྟག་བཤེར་བྱེད་ཚད་ནད་གཞི་ཁྲི་གཅིག་དང་སྟོང་ལྔ་ལ་སླེབས་པ་དང་། སྐྱེས་ནས་ཟླ་བ་དྲུག་ནས་ཟླ་ཉེར་བཞི་བར་གྱི་ཕྲུ་གུ་དམར་འབྱར་འབུམ་གཅིག་ལ་རིན་མེད་འཚོ་བཅུད་ཁུག་མ་མཁོ་འདོན་བྱས་ཏེ། བྱིས་པའི་འཚོ་བཅུད་ལེགས་བཅོས་ལས་གཞིའི་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པར་བྱེད་རྒྱུ། ཞིང་སྡེའི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མ་དངུལ་བསྡུ་གསོག་ཚད་གཞི་མུ་མཐུད་དུ་ལེགས་སྒྲིག་བྱས་ཏེ། ཞག་སྡོད་སྨན་བཅོས་འགྲོ་གྲོན་དང་སྨན་བཅོས་འགན་བཅོལ་གྱི“དཀར་ཆག་གསུམ”གྱི་མི་སྒེར་རིན་སྤྲོད་བསྡུར་ཚད་ཇེ་ཉུང་དུ་གཏོང་རྒྱུ་རེད། སྨན་རྫས་གཅིག་བསྡུས་ཉོ་བསྡུ་བྱེད་ཚད་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། སྨན་རིན་བཅོས་འཕར་གྱི་རིན་གོང་སྔར་ལས་ཇེ་དམའ་རུ་གཏོང་རྒྱུ་རེད། བདེ་སྲུང་ཟས་རིགས་ལ་བདེ་འཇགས་ལྟ་སྐུལ་འཐེན་བཤེར་དང་ཉེན་ཁ་ལྟ་ཞིབ་ཚད་ལེན་འཐེན་བཤེར་ཐེངས་བརྒྱད་ཅུ་ལ་སྤེལ་རྒྱུ་ཡིན་པ་དང་། ཕྲུ་གུ་དམར་འབྱར་གྱི་བདེ་འཇགས་ཟས་རིགས་སྡེབ་སྦྱོར་ལ་འཐེན་བཤེར་ཐེངས་བཅོ་ལྔ་ལ་སྤེལ་རྒྱུ་རེད།

ལྔ་ནི་རྒན་བཀུར་བྱིས་སྐྱོང་བཟོ་འགོད་རེད། ལས་བཟོ་བའི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་གཟིགས་སྐྱོང་དང་། ལས་ཤོར་འགན་སྲུང་མ་དངུལ་གྱི་ཚད་གཞི་དང་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་མཐོར་འདེགས་གཏོང་རྒྱུ་དང་། རྒན་གསོའི་མལ་ཁྲི་སྡེབ་ཚད་ཆ་མི་སྙོམས་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱ་རྒྱུ་ཡིན་ཞིང་། འཚོལ་ཞིབ་བྱས་པ་བརྒྱུད་ནས་ཁྱིམ་ཚང་ནང་དུ་ལྟ་སྐྱོང་མལ་ཁྲི་འཛུགས་པ་དང་། ད་ཡོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་ཚད་ལ་ཤུགས་སྣོན་པ། ཕན་ཚུན་རོགས་སྐྱོར་རྣམ་པའི་ཞིང་སྡེའི་རྒན་གསོ་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀའི་རྒན་གསོའི་མལ་ཁྲིའི་མཁོ་འདོན་ཚད་ཇེ་མཐོར་བཏང་སྟེ། བོད་ཁུལ་གྱི་ཁུལ་དྲུག་གི་མལ་ཁྲི་སྟོང་བར་བཞག་འདུག་པའི་གནད་དོན་ཐོག་མར་ཐག་གཅོད་རྒྱུ་ཡིན་པ་དང་། ད་ཡོད་བྱིས་སྙོར་ཁང་གི་ཐོན་ཁུངས་ཀྱིས་ཀུན་ཕན་བུ་བཅོལ་ཞབས་ཞུར་སྐུལ་འདེད་གཏོང་རྒྱུ་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད།

དྲུག་ནི་དབུལ་སྐྱོར་དཀའ་སེལ་བཟོ་འགོད་རེད། མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཆེས་དམའ་བའི་སྙོར་སྐྱོང་ཚད་གཞི་ལེགས་སྒྲིག་མཐོར་འདེགས་བཏང་ནས། དབང་བོ་སྐྱོན་ཅན་གྱི་བྱིས་པ་སྟོང་གསུམ་དང་ཉིས་བརྒྱ་ལ་ཁམས་གསོའི་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱེད་པ་དང་། དབང་པོ་སྐྱོན་ཅན་ཁྲི་གཅིག་ལ་གཞི་རྩའི་རོགས་སྐྱོར་ཡོ་བྱད་འོས་འཚམ་སྡེབ་སྒྲིག་གི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད། མཁར་གྲོང་གི་དཀའ་ངལ་ཤིན་ཏུ་ཆེ་བའི“སྐྲན་ནད་གཉིས”ཕོག་པའི་བུད་མེད་སུམ་བརྒྱ་ལ་རོགས་སྐྱོབ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ནང་རྐྱེན་འཐུས་ཚང་དུ་བཏང་ནས། བསྐྱར་དུ་དབུལ་པོར་གྱུར་པའི་མི་གྲངས་དང་གསར་བྱུང་དབུལ་ཕོངས་མི་གྲངས་དུས་ཐོག་ཏུ་རོགས་སྐྱོར་ཁྲོད་འཇོག་རྒྱུ་དང་བདེ་ཐང་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཞག་སྡོད་སྨན་བཅོས་འགྲོ་གྲོན་གཏོང་སྤྲོད་ཀྱི་བསྡུར་ཚད་བརྒྱ་ཆའི་དགུ་བཅུ་ཡན་དུ་བརྟན་འཇགས་བྱེད་རྒྱུ་རེད།

བདུན་ནི་རིག་རྩལ་དམངས་ཕན་བཟོ་འགོད་རེད། སྲིད་གཞུང་གིས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་བར་སྐུལ་འདེད་བཏང་ནས། “ཟློས་གར་གྲོང་གསེབ་ཏུ་བསྐྱོད་པ”ཡི་རིག་རྩལ་ཐེངས་སྟོང་གཉིས་ལ་སྤེལ་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་འགུལ་ཁྱབ་གདལ་དུ་གཏོང་ཚད་རྒྱ་ཆེར་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་ཞང་གྲོང་དང་སྡེ་བ། སྡེ་ཁུལ། དགོན་པ་སོགས་བརྒྱ་ལ་དམངས་ཡོངས་ལུས་སྦྱོང་ཡོ་བྱད་བཀོད་སྒྲིག(གསར་བསྒྱུར)བྱེད་རྒྱུ་རེད།

བརྒྱད་ནི་བདེ་སྐྱིད་ཁྱིམ་གཞིས་བཟོ་འགོད་རེད། “མཛེས་པའི་མཁར་གྲོང”བཅུ་ཡི་འཛུགས་སྐྲུན་ལས་གཞི་ལས་མགོ་རྩོམ་རྒྱུ། “མཐོ་སྒང་གི་མཛེས་པའི་ཞིང་སྡེ”དང་སྡེ་བའི་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་དང“སྤྱོད་ཁང་གསར་བརྗེ”ཡི་ཕྱོགས་སྒྲིལ་ཤུགས་ཚད་ཆེ་རུ་བཏང་ནས། སྡེ་བ་སུམ་བརྒྱ་ལ་གཅིག་གྱུར་འཆར་འགོད་ཀྱིས་འགྲུབ་པར་བྱེད་དགོས། འཐུང་ཆུའི་བདེ་འཇགས་ཕྱོགས་སུ་གནས་པའི་མངོན་མེད་ཉེན་ཁར་དམིགས་ཏེ། བཟོ་འགོད་མཐོར་འདེགས་རིམ་སྤར་བྱེད་པ་དང་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། འཐུང་ཆུའི་བདེ་འཇགས་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་ཁག་ཐེག་ནན་མོ་བྱེད་རྒྱུ་རེད།

དགུ་ནི་སྤུས་ལེགས་ཞིང་དར་བཟོ་འགོད་རེད། རྫས་ལུད་དང་ཞིང་སྨན་ཉུང་འཕྲི་ནུས་འཕར་གྱི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱས་ཏེ། རྫས་ལུད་དང་ཞིང་སྨན་བཀོལ་སྤྱོད་བྱེད་ཚད་ནི་ལོ་སྔོན་མ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཉི་ཤུ་དང་བརྒྱ་ཆའི་བཅུ་ཉུང་དུ་གཏོང་རྒྱུ་རེད། ནོར་གནག་དང་བོད་ལུག་གི་ཐོག་མའི་ཐོན་ཡུལ་རྩད་གཅོད་བཟོ་འགོད་ཚོད་ལྟ་བྱེད་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། བོད་ཁུལ་གྱི་ཕྱུགས་ལས་རྐྱང་བའི་རྫོང་དུ་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་། ཕག་གི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ། སོན་བཟང་རྒྱུད་སྤེལ་ཆུ་ཚད་མཐོར་འདེགས་གཏོང་བ། ཕག་གསོ་ར་བ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཕག་གི་ཐོན་སྐྱེད་མྱུར་དུ་སླར་གསོ་བྱས་ནས། མཁོ་འདོན་ཁག་ཐེག་དང་རིན་གོང་བརྟན་འཇགས་ཡོང་བར་བྱེད་རྒྱུ་རེད།

བཅུ་ནི་བདེ་འཇགས་མཚོ་སྔོན་གྱི་བཟོ་འགོད་རེད། ཟི་ལིང་གནམ་གྲུ་འབབ་ཐང་གི་དུས་རིམ་གསུམ་པའི་བཟོ་འགོད་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང་། ཡུལ་ཤུལ་གནམ་གྲུ་འབབ་ཐང་བསྐྱར་བཟོ་རྒྱས་སྐྲུན་ལས་གཞི་མུ་མཐུད་དུ་འཛུགས་སྐྲུན་བྱེད་རྒྱུ་རེད། ནག་ཚོགས་དང་ངན་ཕྱོགས་ལ་འབྲེལ་བའི་རྐུ་འཕྲོག་གཡོ་ལེན་དང་། འཆལ་རྒྱན་དུག་གསུམ། ཟས་སྨན་ཁོར་གསུམ་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་འབུར་ཐོན་གྱི་ཁྲིམས་འགལ་ཉེས་བསགས་གྱོད་གཞི་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ་དང་། གློག་འཕྲིན་དྲ་རྒྱའི་རྣམ་པ་གསར་བའི་ཁྲིམས་འགལ་ཉེས་སྤྱོད་མཐའ་གཅིག་ཏུ་བཀག་སྡོམ་བྱེད་རྒྱུ། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་འཛུལ་སྒོ་དང་ཐོན་སྒོ་བཅོ་ལྔ་དང་དོང་ཁའི་ལམ་རྟགས། ལམ་ཐིག སྲུང་རའི་བར་བརྒལ་དང་ལྷོད་གཏོང་སྒྲིག་བཀོད་བཅས་ལ་དག་ཐེར་བཅོས་སྐྱོང་བྱས་ཏེ། འགྲིམ་འགྲུལ་བདེ་འཇགས་ཡོང་ཚད་ཇེ་མཐོར་གཏོང་རྒྱུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང“རྒྱལ་ཡོངས་ཕྱོགས་བསྡུས་གནོད་འཕྲི་དཔེ་སྟོན་སྡེ་ཁུལ”བཅུ་ནས་ཉི་ཤུ་གསར་སྐྲུན་བྱས་ཏེ། གཞི་རིམ་སྡེ་ཁུལ་ཕྱོགས་བསྡུས་གནོད་འགོག་གནོད་འཕྲིའི་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།