ང་ནི་ཏང་ཡོན་ཡིན་པས། ང་རང་སྔོན་ལ་འགྲོ།
2020.04.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཏང་རྩ་འཛུགས་རེ་རེ་ནི་འཐབ་འཛིང་གི་བཙན་རྫོང་རེ་རེ་ཡིན་ལ། ཏང་ཡོན་རེ་རེ་ནི་སྣེ་ཁྲིད་མཁན་གྱི་དར་ཆ་རེ་རེ་ཡིན། བཙན་རྫོང་ལ་སྨྲ་བ་མེད་ཀྱང་། སྟོབས་ཆེན་གྱི་ནུས་ཤུགས་གཞི་གཅིག་ཏུ་བསྡུ་ཐུབ་པ་དང་། དར་ཆ་ལ་སྐད་སྒྲ་མེད་ཀྱང་། དཔའ་ཉམས་ཆེ་བའི་འཐབ་འཛིང་གི་སྤོབས་པ་བསྐྱེད་ཐུབ་པ་ཡིན། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། རང་ཞིང་གི་རོང་འབྲོག་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་བློ་བརྟན་འགྱུར་མེད་སྒོས་ཐེངས་འདིའི་ཛ་དྲག་ཆེ་བའི་འཐབ་འཛིང་གི་ཆེས་མདུན་ཕྱོགས་ཀྱི་གཡུལ་ས་རུ་ཀྲོང་ངེར་འགྲེངས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོའི་ཆེས་སེམས་འགུལ་ཐེབས་པའི་རྣམ་པ་ཞིག་ཏུ་གྱུར་ཡོད་ཅིང་། མང་ཚོགས་ཀྱི་སེམས་ནང་གི་ཆེས་མཆོག་ཏུ་གྱུར་པའི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་བཀན་མོ་རུ་གྱུར་ཡོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བ་ལེགས་པར་བསྒྲུབ་རྒྱུ་དེ་མིག་སྔའི་ཆེས་གཟབ་ནན་དང་ཆེས་དགོས་གཏུགས་ཆེ་བ། ཆེས་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས། ལེགས་པར་འཛིན་པ་དང་ནན་མོར་འཛིན་པ། ཞིབ་ཚགས་ཀྱིས་འཛིན་པ་བཅས་བྱས་པར་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་གོམ་སྟབས་བརྟན་པོའི་ངང་སྤེལ་བ་རེད། ཏང་ཡོན་ལས་བྱེད་པ་རྣམས་ནི་དེ་བས་ཀྱང་རང་འགུལ་གྱིས་ལས་གནས་སུ་བརྩོན་པས་གཞོལ་བ་དང་། ཧུར་ཐག་གིས་འགན་ཕྲག་ཏུ་ལེན་པ། བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་བྱ་སྤྱོད་ལ་བརྟེན་ནས“རིམས་ནད་ནི་བཀའ་རྒྱ་ཡིན་ལ། སྔོན་འགོག་ནི་འགན་འཁྲི་ཡིན”པའི་ཆབ་སྲིད་ཀྱི་རང་རྟོགས་ཤིག་མངོན་གསལ་དུ་བསྟན། མིག་སྔའི་བར་དུ། མཚོ་བྱང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཅུ་གཅིག་བཙུགས་ཟིན་པ་དང་། ཏང་ཡོན་རིམས་ནད་སྔོན་འགོག་ཚོད་འཛིན་གདོང་ལེན་རུ་ཁག་ཉིས་བརྒྱ་ལྷག་སྒྲིག་འཛུགས་བྱས་ཡོད། སྨན་བཅོས་ལས་ཁུངས་དགུ་ཙམ་ནས་སྨན་བཅོས་མི་སྣ་བཞི་བརྒྱ་དང་གྱ་གཉིས་ཀྱིས་རང་ངོས་ནས“རེ་འདུན་ཞུ་ཡིག”སྤྲད་ཅིང་། རང་འགུལ་གྱིས་མིང་ཐོ་བཀོད་ནས་དམག་འཐབ་ལ་ཞུགས་པའི་རིམས་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་སྲོག་སྐྱོབ་སྨན་བཅོས་བྱ་བར་ཞུགས།

“ཕྱི་ནས་རིམས་ནད་མཆེད་པ་སྔོན་འགོག་དང་ནང་ནས་རིམས་ནད་ཁྱབ་པ་སྔོན་འགོག”བྱེད་པའི་བླང་བྱ་ལྟར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པའི་རྨང་གཞིའི་སྟེང་། གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བརྒྱད་ཅུ་ལྷག་རྩ་འཛུགས་བྱས་ནས། གྲོང་རྡལ་ཡོངས་ཀྱི་སྡེ་བ་སོ་སོའི་སྡེ་བའི་ཁ་སྒོ་དང་རླངས་འཁོར་ཕར་ཚུར་འགྲོ་འོང་ཅུང་ཟད་མང་བའི་ལམ་རྒྱུད་གང་རུང་དུ་གནས་སྐབས་ཀྱི་ཞིབ་བཤེར་ཚད་ལེན་ས་ཚིགས་ཉེར་གཅིག་བཙུགས་པ་དང་། ཐབས་ལམ་སྣ་མང་སྤྱད་པ་དང་ཕྱོགས་མཚམས་སྒོ་མོ་ནས། ཆད་ལུས་གཅིག་ཀྱང་མེད་པར་རིམས་ནད་སྔོན་འགོག་ཕྲེང་བཤེར་བྱ་བ་ལེགས་པར་སྤེལ་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་དེ་གཞན་འགུལ་གྱི་ཞིབ་བཤེར་ནས། རང་འགུལ་གྱི་འགོག་ཟོན་ལ་འཕོ་འགྱུར་བྱུང་ཡོད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་དཔུང་རྡང་སྦྲེལ་ནས་མཉམ་དུ་རིམས་ནད་སྔོན་འགོག་བྱེད་པའི་བརྒྱུད་རིམ་ཁྲོད། སྐོར་ཚོགས་སྐོར་ཚོགས་བྱས་ནས་སྔོན་འགོག་ཚོད་འཛིན་བྱེད་པ་དང་། མཐུན་སྒྲིལ་གཅིག་གྱུར་ཡོང་བར་བྱས་པ་དེ། གཞི་རིམ་གྱི་ནད་ཡམས་སྔོན་འགོག་དྲ་རྒྱ་འཛུགས་པའི་ཆེས་གལ་ཆེན་གྱི་རྨང་རྡོ་ལྟ་བུར་གྱུར་ཡོད།

ཇི་ལྟར་གནད་འགག་གི་དུས་སྐབས་སུ་སླེབས་ན། དེ་ལྟར་གུང་ཁྲན་ཏང་ཡོན་གྱི་འགན་འཁྲིའི་ལས་འགན་གསལ་པོར་ངོས་ཟིན་དགོས་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་སྐབས་སུ། ཏང་ཡོན་སྔར་ལས་མང་པོ་ཞིག་གིས་རང་ཉིད་ཀྱི་ཐོབ་ཐང་གསལ་ལེར་མངོན་པ་དང་སྣང་བརྙན་འཛུགས་པའི་ཐུན་མོང་གི་དཔུང་གྲལ་དུ་དངོས་སུ་ཞུགས་ནས། རང་འགུལ་གྱིས་ཏང་གི་མཚོན་རྟགས་བྲང་ཁར་འདོགས་པ་དང་། རང་འགུལ་གྱིས“དམིགས་བསལ་ཏང་དངུལ”སྤྲོད་པ། ཐ་ན་འཕྲིན་ཕྲན་གྱི་མགོ་བརྙན་མཐའ་དག་ཀྱང་ཏང་གི་མཚོན་རྟགས་ཀྱི་ཚུགས་ཀར་བསྒྱུར་ནས་སྒྲིག་འགོད་བྱས་ཡོད་ཅིང་། གྱོན་གོས་ཀྱི་བྲང་ཀའི་ཐད་དུ་ཏང་གི་མཚོན་རྟགས་བཏགས་ཡོད་པའི་ཏང་ཡོན་མང་པོ་ཞིག་མེ་རྫས་ཀྱི་དུ་ཞགས་མེད་པའི་རིམས་འགོག་གཡུལ་སའི་འཐབ་ས་རུ་ཧུར་ཐག་གིས་ཞུགས་ཡོད།

གནས་གང་དུ་པྲོག་གསར་གློ་ཚད་ཀྱི་ནད་ཡམས་བྱུང་ཡོད་ན། ཏང་ཡོན་ཚོའི་ལུས་ཀྱི་གྲིབ་གཟུགས་ཡུལ་དེ་གར་གཏན་ཆགས་སུ་འགྱིང་ཡོད་ལ། གནས་གང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ཡོད་ན། ཡུལ་དེ་གར་ཏང་རྩ་འཛུགས་ཀྱང་ཐོན་ཡོད་པ་རེད། རོང་འབྲོག་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྣམས་སྐུལ་སློང་བྱས་ནས་རིམས་ནད་ལ་ཞིབ་བཤེར་དང་ཞབས་ཞུ་ཚུལ་བཞིན་སྒྲུབ་པའི་བྱ་བར་སྣེ་ཁྲིད་སྒོས་ཞུགས་ཡོད་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཚབས་ཆེ་བའི་འགག་རྩ་དང་ཉེན་ཁའི་གནས་སུ་ལྷུང་བའི་སྐབས་སུ་ཏང་ཡོན་རྣམས་ཀྱིས་ལས་ཡུལ་དང་པོ་རུ་གདོང་མཆོང་བྱེད་པ་དང་ཆེས་མདུན་ཕྱོགས་ཀྱི་གཡུལ་ས་རུ་དམག་འཐབ་དྲག་པོ་བྱས་པ་རེད། འགོག་སྲུང་ལས་འགན་སྒྲུབ་པ་དང་ལུས་ཀྱི་ཚ་གྲང་བརྟག་པ། རིམས་འགོག་དྲིལ་སྒྲོག་བྱེད་པ། ཕྱིར་ལོག་པའི་མི་སྣའི་འགྲོ་འོང་རྒྱུས་ལོན་བྱེད་པ། རོང་འབྲོག་པ་མང་ཚོགས་འདུ་འཛི་ཆེ་སར་མི་འགྲོ་བར་ཁྱིམ་ནས་མང་ཙམ་སྡོད་པ་དང་རྒྱུན་དུ་ཚེགས་ཡང་བྱས་ནས་ལག་པ་བཀྲུ་བ། གལ་ཏེ་སྒོའི་ཕྱི་རོལ་ཏུ་འགྲོ་ན་ཁ་ཐུམ་རྒྱག་དགོས་པ་སོགས་ཏང་ཡོན་ཚོས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་ཁྲིད་སྟོན་བྱས་པ་ལག་ལེན་དུ་འདེབས་ཅི་ཐུབ་བྱས་ཤིང་། ལས་ཡུལ་དང་པོ་རུ་གདོང་མཆོང་བྱེད་བཞིན་པའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཚོས་ཀྱང་། མང་ཚོགས་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་ནས་སྙིང་ཁོང་རུས་པའི་གཏིང་ནས་ཁོ་ཚོར་གུས་འདུད་ཞུས་པ་དང་། རིམས་ནད་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་སྔར་ལས་བརྟན་པོ་བཅངས་ཡོད། ཁོ་ཚོའི་སྣེ་ཁྲིད་དང་འབོད་སྐུལ་གྱི་འོག་ཏུ། རྒྱ་ཆེའི་རོང་འབྲོག་ཁུལ་དུ་ཁྲིམས་ལྟར་དང་གོ་རིམ་ལྡན་པའི་ངང་ཚན་རིག་དང་མཐུན་པ་དང་ཕན་འབྲས་ཆེན་པོ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཕན་ཚུན་གཞོགས་འདེགས་ཀྱིས་མཉམ་འགོག་མཉམ་འཛིན་བྱེད་པའི་བྱེད་ཐབས་སྤྱད་དེ། དམངས་ཡོངས་ཀྱིས་རིམས་ནད་ལ་འཐབ་པའི་སྟོབས་ཆེན་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད།

                                                                                                           རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།