འབྲོང་ལུང་ཞང་གི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”གིས་འབྲོག་པའི་རྩྭ་ཐང་དུ་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོ”དྲིལ་བསྒྲགས་བྱས།
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཞང་མདའ་བཞི་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་འཚོ་བའི་གནས་སུ། ལུས་ལ“སྟོད་ཐུང་དམར་པོ”གྱོན་པའི་སྐྱ་དམག་རུ་ཁག་ཅིག་ཐོན་ཡོད།
“སྟོད་ཐུང་དམར་པོ”གྱོན་པའི་སྐྱ་དམག་རུ་ཁག་དེ་ནི་འབྲོང་ལུང་ཞང་གི“ཏང་ཡོན་སྐྱ་དམག་རུ་ཁག”ཡིན་པ་དང་། རུ་ཁག་གི་མི་དྲུག་པོར་སྐྱ་རྩལ་ལྡན་ཞིང་ལམ་ལ་གསལ་ཆ་ཡོད་པ། སྐད་ཡིག་གཉིས་ཤེས་པའི་ཞང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིས་གྲུབ་པ་ཞིག་ཡིན་ཞིང་། ཆེད་དུ་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་ཆ་འཕྲིན་དུས་ལྟར་མི་གོ་བའི་ཡུལ་མཐའ་འཁོབ་ཏུ་བསྐྱོད་དེ། “ཡིག་ཆ་ཨང་དང་པོའི”དགོངས་དོན་སྒྲོག་འགྲེལ་བྱས་ནས་ཏང་གི་ཐུགས་ཁུར་དེ་ཞང་དང་སྡེ་བ་ཡོངས་སུ་ཁྱབ་པར་བྱས།
“ད་ལྟ། རྩྭ་ར་སྔོ་སེར་ཡིན་པ་དང་ལུ་གུ་རྩེབ་པར་གྲ་སྒྲིག་བྱེད་བཞིན་པའི་སྐབས་རེད། ད་ལོའི་དཔྱིད་ཀར་རིམས་ནད་སྔོན་འགོག་ལ་ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ། ‘ཡིག་ཆ་ཨང་དང་པོ’སྒྲོག་འགྲེལ་གྱི་བྱ་བ་ཡང་དལ་འགོར་བྱེད་མི་རུང་ལ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་མཐོར་འདེགས་སུ་གཏོང་དགོས་པ་དང་། ཁོར་ཡུག་ལེགས་བཅོས་བྱ་བ་ཡང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བྱ་བ་འདི་དག་ཚང་མ་དངོས་འབེབ་བཟང་བོ་བྱེད་དགོས་ལ་གཅིག་ཀྱང་བསྐྱུར་མི་རུང་། “ཏང་ཡོན་སྐྱ་དམག་རུ་ཁག”གི་རུ་དཔོན། ཞང་ཏང་ཨུའི་རྩ་འཛུགས་ཨུ་ཡོན་དཔལ་ལྡན་ཚེ་རིང་གིས་འགྲོ་ཞོར་དུ་ད་ལོའི་བྱ་བའི་གཙོ་གནད་ལ་བསམ་བློ་གཏོང་བཞིན་ཡོད་ཅེས་བཤད།
“ཏང་ཡོན་སྐྱ་དམག་རུ་ཁག”ས་ཆ་གང་དུ་སླེབས་ཀྱང་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། བས་མཐའི་ཕྱུགས་ར་དང་འབྲོག་པ་ཁྱིམ་ཚང་། ལམ་འགྲམ་གྱི་ལུག་གསོ་སྤེལ་གནས། དོ་དམ་ས་ཚིགས་བཅས་གནས་གང་ཡིན་རུང་འབྲོག་པ་མང་ཚོགས་དང་མཉམ་དུ་ས་ལ་བསྡད་ནས་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོ”དང་། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན། “ཕྱུགས་ལས་དང་ཡུལ་སྐོར་མཉམ་འདྲེས”བཅས་ལག་བསྟར་བྱ་རྒྱུར་དམིགས་ནས“ལྗང་མདོག་སྐྱེ་ལྡན”དང་། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་འབད་པ་བྱེད་པ། ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བར་འཕེལ་རྒྱས་བཏང་སྟེ། དྲིས་ལན་འདེབས་སྟངས་དང་རྩོད་སྒྲུབ་ཀྱི་རྣམ་པ། དཔེ་འཇོག་གི་རྣམ་པ་བཅས་ལ་བརྟེན་ནས། འབྲོག་པ་མང་ཚོགས་དང་མཉམ་དུ་མྱོང་ཚོར་གླེང་བ་དང་། གནད་དོན་འདོན་པ། ཞན་ཆ་གླེང་བ། ཐབས་ཇུས་འགྲོལ་བ་བཅས་བྱས་ཏེ། ཐུན་མོང་གི་འཕེལ་རྒྱས་གཏོང་བའི“བསམ་ཕྱོགས་ཆེན་པོ”གཉེར་ནས་འབྲོག་ཁྱིམ་ཕྱུག་འགྱུར་གྱི“ཕུགས་འདུན་ཆུང་ངུ”མཉམ་དུ་དོན་གཉེར་བྱེད་རྒྱུ་རེད།
“ཏང་ཡོན་སྐྱ་དམག་རུ་ཁག”གི་རུ་མི་འཇིགས་མེད་རྒྱ་མཚོ་ཡིས་བཤད་རྒྱུར། ཏང་ཡོན་ཞིག་ཡིན་ཚེ་མང་ཚོགས་ལ་རོགས་རམ་བྱེད་དགོས་པ་དང་། དོན་དག་ཅི་ཞིག་ཡིན་རུང་མང་ཚོགས་སེམས་སུ་བཅངས་དགོས་ལ། འབྲོག་པ་མང་ཚོགས་རྣམས་ལ་འཚོ་བ་སྔར་ལས་བཟང་བོ་རོལ་དུ་འཇུག་དགོས་ཟེར།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཞིག་རེད་ཅེས་གསུངས་ཡོད། ད་ལོའི་ཀྲུང་དབྱང་གི‘ཡིག་ཆ་ཨང་དང་པོ’ཡིས་སྲིད་ཇུས་བཟང་པོ་མང་པོ་བཏོན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་བ་ཁག་ཅིག་བཏོན་ཡོད་པས་ང་ཚོའི་ཕྱུག་འགྱུར་གྱི་ཡིད་ཆེས་ཇེ་ཆེར་བཏང་ཡོད། ཞང་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག ད་ལོར་སྡེ་བའི་གཅིག་བསྡུས་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་འགྲོ་བའི་བར་སྟོང་སྔར་བས་ཆེ་རུ་འགྲོ་བར་ཡིད་ཆེས་ཡོད”ཅེས་འབྲོང་ལུང་ཞང་མདའ་བཞི་སྡེ་བའི་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་གཞོན་པ་ཝུན་ཁྲང་གིས་སྒྲོག་འགྲེལ་ལ་ཉན་རྗེས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།
གཞུང་ལམ་བརྒྱུད་ནས་ནུབ་ཕྱོགས་སུ་བསྐྱོད་དེ་བྱེ་ལུང་བརྒལ་བ་ན། མཐོ་སྒང་གི་དཔྱིད་དུས་སུ་ད་དུང་གྲང་ངར་ཧ་ཅང་ཆེ། མདོ་ལ་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་བཅུ་ཡོད་པའི་གཡང་ལུང་རྩྭ་ཐང་དུ“ཡིག་ཆ་ཨང་དང་པོའི”སྒྲོག་འགྲེལ་བྱ་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།
གཡང་ལུང་ཞང་ཨར་ཀེ་སྡེ་བའི“ཧྲུའུ་ཅི་དང་པོ”ཆིས་ཀྲིན་ཆི་ཡིས་དབུལ་སྐྱོར་བྱ་བའི་རུ་མིའི་སྣེ་ཁྲིད་དེ་གུང་ཟས་ཟོས་རྗེས། རླངས་འཁོར་ལ་བསྡད་དེ་ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ་སུམ་ཅུ་ཡོད་པའི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་དཔའ་མཆོག་ཚེ་རིང་གི་ཁྱིམ་དུ་ཐོན།
“ཧྲུའུ་ཅི་ཆི་ལགས། གུང་ཟས་ཟོས་སམ། ཁྱེད་ཚོས་ཉིན་འདི་དག་གི་རིང་དཀའ་ལས་མྱངས་སོང་། ཁྱིམ་དུ་ཡར་ཕེབས་ཅེས་དཔའ་མཆོག་ཚེ་རིང་གིས་སྤྲོ་སེམས་འཁོལ་བའི་ངང་འོ་ཇ་མངར་མོའི་སྣེ་ལེན་བྱས།
“དེ་རིང་ང་ཚོས་གཙོ་བོ་ད་ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི‘ཡིག་ཆ་ཨང་དང་པོའི’དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པ་མ་ཟད། ཁྱེད་ཚང་གི་ཕྱུགས་ཟོག་གསོ་སྤེལ་གྱི་གནས་ཚུལ་དང་ཐོན་སྐྱེད་འཆར་གཞི་ལ་ཡང་བསྐྱར་རྒྱུས་ལོན་ཞིག་བྱེད། ད་ལོ་ཞང་ཏང་ཨུ་དང་སྲིད་གཞུང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་བ། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལམ་བུའི་སྟེང་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་ཁག་ཐེག་བྱེད་རྒྱུ་རེད་ཅེས་བཤད།
“སྡེ་བའི་ནང་དུ་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བ་ནས་བཟུང་། ངས་སྔ་རྗེས་སུ་ལས་གཞིའི་ཁང་བ་དང་དོང་ཆུ་འཛུགས་སྐྲུན་སོགས་དམངས་ཕན་ལས་གཞི་ལོངས་སྤྱོད་བྱས་པ་ཡིན། ད་ལྟ་བྱིས་པ་ཡང་སློབ་ཡོན་མི་དགོས་པར་སློབ་གྲྭར་འགྲོ་ཐུབ་པ་དང་། ང་ལ་ཡང་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ཡོད། ད་ལོ་གློག་དྲ་ཆེན་པོ་ཡོངས་སུ་ཁྱབ་པར་བྱས་ན་ངའི་འཚོ་བར་འགྱུར་ལྡོག་སྔར་ལས་ཆེ་བ་འབྱུང་སྲིད། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། ང་ཚོ་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱལ་ཁབ་སྟོབས་ཆེན་ཡིན་པར་བློ་སྤོབས་ཆེན་པོ་སྐྱེ་བཞིན་ཡོད་ཟེར།
ད་ལོའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གླེང་སྐབས། དཔའ་མཆོག་ཚེ་རིང་གིས་ད་ལྟ་གསོ་ཁ་ན་ཡོད་པའི་ནོར་དྲུག་ཅུ་ཡོད་པ་དང་། དངུལ་བུན་རྣམ་གྲངས530བརྒྱུད་ནས་ནོར་སྐོར་ཞིག་ཉོ་རྒྱུའི་འཆར་གཞི་ཡོད། སང་ལོ་ནོར་ཉི་ཤུ་གསོ་ཁ་ནས་འབུད་རྒྱུ་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཡོང་སྒོ་སྒོར་ཁྲི་ལྔ་ལྷག་ཡོད་ཟེར།
དཔའ་མཆོག་ཚེ་རིང་གི་ཐོན་སྐྱེད་དང་འཚོ་བར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་མེད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཧྲུའུ་ཅི་ཆི་ལགས་ཀྱིས“ད་ལྟ་ཏང་གི་སྲིད་ཇུས་བཟང་ལ། ང་ཚོ་རང་ཉིད་ཀྱིས་ཀྱང་སྲིད་ཇུས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། ཧུར་ཐག་གིས་ཕྱུགས་ལས་འཕེལ་རྒྱས་བཏང་སྟེ། རང་ཉིད་ཀྱིས་བདེ་སྐྱིད་འབྱོར་འབྲིང་གི་ཁྱིམ་ཚང་ཞིག་གི་ཆེད་འབད་འཐབ་བྱེད་དགོས་ཞེས་བཤད།
དཔྱིད་རླུང་གྲང་ངར་ཆེ་ནའང་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་གྱིས་འབྲོག་པ་མང་ཚོགས་ཀྱི་སེམས་སུ་དྲོད་འཁོལ་སྦྱིན་ཡོད།
“ཏང་གི་སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་ཡིན་ལ། དུས་ནམ་ཡིན་ཡང་ང་ཚོ་འབྲོག་པ་མང་ཚོགས་སེམས་སུ་བཅངས་ཡོད། “‘ཡིག་ཆ་ཨང་དང་པོའི’དགོངས་དོན་གྱིས་ང་ཚོར་བློ་སེམས་བདེ་རུ་བཅུག་ཡོད་ལ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ལས་ཀར་འབད་པ་བྱེད་དགོས། སྒྲོག་འགྲེལ་བྱ་ཡུལ་དུ་སྐད་ཆ་དེ་ལྟ་བུ་ཡང་ཡང་ཐོས་ཐུབ་ལ་དེ་ནི་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་རེད།
ལོ་ཙཱ་བ། ཤ་བོ་རིན་མཚོ།