འགྱིག་ཤོག་གི་གད་སྙིགས་མེད་པའི་ཧི་ནན་རྩྭ་ཐང་།
2020.04.07 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 26

  —རྒྱལ་ཡོངས་གྱི་ཞིང་གྲོང་གཙང་དག་བྱ་འགུལ་སྔོན་ཐོན་རྫོང་ཁག་ཧི་ནན་སོག་རྫོང་།

ཉེ་ལམ། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་དང་། ཞིང་ལས་དང་ཞིང་སྡེ་པུའུ་ཡིས《2019ལོའི་རྒྱལ་ཡོངས་གྲོང་གསེབ་གཙང་དག་བྱ་འགུལ་སྔོན་ཐོན་རྫོང་ཁག་ལ་ཁྱབ་བསྒྲགས་གཟེངས་བསྟོད་དང2020ལོར་གྲོང་གསེབ་གཙང་དག་བྱ་འགུལ་གཏིང་ཟབ་ངང་སྤེལ་བའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། བྱེད་ཐབས་ནུས་ལྡན་དང་ཕན་འབྲས་འབུར་ཐོན། མི་དམངས་ཀྱི་འདུན་མར་མཐུན་པའི“རྒྱལ་ཡོངས་གྲོང་གསེབ་གཙང་དག་བྱ་འགུལ་གྱི་སྔོན་ཐོན་རྫོང”106ལ་གཟེངས་བསྟོད་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཧི་ནན་རྫོང་དང་ཧོང་ཡོན་རྫོང་གཉིས་དེའི་གྲལ་དུ་ཚུད་ཡོད།

ཧི་ནན་རྫོང་ནི་ཞིང་ཆེན་ཡོངས་ཀྱི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་ལ། ཀུན་གྱིས“ཧི་ནན་སོག་རྫོང”ཞེས་འབོད་ཀྱིན་ཡོད། དེ་གའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ལ་རྨ་ཁུག་རྩྭ་ཐང་ཞེས་ཟེར་ཞིང་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཐོན་ལས་རྟེན་གཞི་རེད།

དུས་ཡུན་རིང་བོར། ཧི་ནན་རྫོང་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་མཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དང་། རང་བྱུང་ཁམས་ལ་བརྩི་འཇོག སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་སྤྱི་འདོམས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་འཚོལ་སྙེག་བྱས་ཡོད།  ཧི་ནན་རྫོང་གིས་ས་གནས་མང་ཚོགས་ཀྱིས་རང་བྱུང་ཁམས་ལ་བརྩི་མཐོང་དང་བབ་བསྟུན་བྱེད་པའི་སྲོལ་རྒྱུན་བསམ་བློ་རྨང་གཞི་དང་གཙོ་གནད་དུ་བཟུང་ནས“འགྱིག་བཀག་བཀའ་རྒྱ”བཏང་སྟེ“ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང”འཛུགས་སྐྲུན་བྱས། གསར་གཏོད་སྒོས་རྫོང་རིམ་པའི་ལས་བྱེད་པའི་འགན་འཁྲི་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་སོགས་བྱེད་ཐབས་རབ་དང་རིམ་པ་སྤེལ་ནས། ཚད་གཞི་མཐོན་པོས་སྐྱེ་ཁམས་བདེ་འཇགས་དང་ཕྱུགས་ལས་འཕེལ་རྒྱས།  འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་།

ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཀྱི་རྨང་གཞི་བརྟན་པ།

དུས་རབས་སྔོན་མར། ཨ་བྲའི་གནོད་འཚེ་དང་ཡུན་རིང་འབད་འཐབ་བྱས་རིང་། ཧི་ནན་རྫོང་གིས་སྒོ་ཕྱུགས་ཉུང་ཤོས་ཀྱིས་རང་ཁ་གསོས་ཏེ་ཚད་མཐོན་པོས་རྩྭ་ཐང་བཅོས་སྐྱོང་བྱ་བར་འབད་བརྩོན་བྱས། ལོ20ལྷག་གི་ཨ་བྲ་གསོད་པའི་བྱ་འགུལ་དེ་ཕྱུགས་བཀག་རྩྭ་གསོ་དང་ཆབས་ཅིག་ཏུ་སྤེལ་ཞིང་། དུས་རབས་སྔོན་མའི་དུས་མཇུག་ཏུ་སླེབས་སྐབས་ཧི་ནན་རྫོང་ལ་རྒྱལ་ཁ་ཐོབ་ནས་གཟན་རྩྭ་དང་སྔོ་ཁེབས་ཀྱི་ཚད་ཆེས་ཆེར་འཕར་བ་དང་། ད་ལྟའི་སོག་རྫོང་རྩྭ་ཐང་ལ་མི་རྣམས་ཀྱིས“མཚོ་སྔོན་གྱི་ཆེས་མཛེས་ཤོས”དང“ཨེ་ཤ་ཡའི་རྩེ་གྲའི” རྩྭ་ཐང་ཞེས་བརྗོད་ཀྱིན་ཡོད།

དེ་བཞིན། གད་སྙིགས་དཀར་པོ་གང་སར་ཁྱབ་པ་མཐོང་སྐབས། ཁོ་ཚོས་སྔར་བཞིན་འབོད་སྐུལ་དང་ལེན་བྱས་ཏེ་རང་འགུལ་ངང“འགྱིག་བཀག”རུ་དཔུང་ནང་ཞུགས་ཏེ་རྫོང་ཡོངས་ཀྱི་གོང་འོག་སེམས་པ་གཅིག་ཏུ་སྒྲིལ་ནས་རྩྭ་ཐང་དག་གཙང་བཟོ་རྒྱུའི་དམ་བཅའ་བཞག

རྩྭ་ཐང་ལ་བརྟེན་པ་དང་རྩྭ་ཐང་སྲུང་སྐྱོབ་བྱེད་པ་དེ་ནི་ས་དེའི་མི་རྣམས་ཀྱིས་ལོ་ངོ་སྟོང་རིང་གི་འཚོ་བའི་ཁྲོད་ཕྱོགས་སྡོམ་བྱས་པའི་རྩ་ཆེའི་ཉམས་མྱོང་ཞིག་ཡིན་ལ། ཁོ་ཚོའི་སེམས་གཏིང་གི་དད་སེམས་ཤིག་ཀྱང་ཡིན།

རྨ་ཁུག་རྩྭ་ཐང་དུ་སྐྱོད་སྐབས། རྟག་ཏུ་མཐོང་ཐུབ་པ་དང་འཕྲད་སྲིད་པ་ནི་མི་གསུམ་ནས་ལྔ་དཔུང་དུ་སྡེབ་ནས་ཚི་སྣའི་ཁུག་མ་འཁྱེར་དེ་ཆུ་བོ་དང་གཞུང་ལམ་བརྒྱུད་ནས་གད་སྙིགས་གཙང་དག་བྱེད་པའི་གཟུགས་བརྙན་དེ་རེད།

“དེ་གའི་མང་ཚོགས་ལ་མ་གཞི་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་མོ་ལྡན་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་རྨང་གཞི་དང་འགོ་འཛུགས་ས་ཧ་ཅང་ཡག་པོ་ཡོད་ཅེས་བརྗོད་ཆོག” ཁོ་ཚོས་“རྒྱུན་མཐུད་འཕེལ་རྒྱས”ཞེས་པར་གོ་བ་ཟབ་མོ་ལེན་མི་ཐུབ་ནའང་།  མི་རབས་ནས་མི་རབས་བར་རྩྭ་ཐང་དེར་འཚོ་སྡོད་བྱེད་པའི་འབྲོག་པ་རྣམས་ལ་རང་ཉིད་ཀྱི་བབ་ཆགས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཤིག་ཆགས་ཡོད། དེ་ནི་མི་དང་རི་བོ། ཆུ་བོ། རྩྭ་ཐང་། སྲོག་ཆགས་བཅས་ནི་སྤྱི་ཡོངས་ཀྱི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན། དེར་བརྟེན་ཁོ་ཚོས་གང་འདོད་དུ་རྔོན་རྒྱག་པ་དང་གང་བྱུང་དུ་ཤིང་གཅོད་པ་སོགས་རང་བྱུང་ཆོས་ཉིད་དང་རང་བྱུང་ཆ་ཚང་རང་བཞིན་ལ་གནོད་པའི་བྱ་སྤྱོད་བཀག་ཅིང་། རང་བྱུང་ཁམས་ལ་བརྟེན་པ་དང་ཆབས་ཅིག་རང་བྱུང་ཁམས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱིན་ཡོད།

“འགྱིག་བཀག་སྲོལ་རྒྱུན”སེམས་གཏིང་དུ་ཆགས་པ།

ཧི་ནན་རྫོང་མཁར་གྱི་ཁྲོམ་གཞུང་དུ་སྐྱོད་སྐབས། སྒོ་རྩིས་ཚོང་ཁང་ཆེ་ཆུང་གང་རུང་དང་། སྔོ་ཚལ་དང་ཤིང་འབྲས་ཚོང་ཁང་དུ་མི་མང་པོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་དམར་པོ་རེ་བཟུང་ཡོད། ལོ15ཡི་ནང་འགྱིག་རྫས་བཀག་འགོག་བྱས་པ་ནས་བཟུང་ཐེངས་གཅིག་རང་བཞིན་གྱི་འགྱིག་ཁུག་སོག་རྫོང་དུ་རྙེད་དཀའ་བ་དང་། ལོ་བཅོ་ལྔའི་སྔོན་བཏོན་པའི“གད་སྙིགས་དཀར་པོ”བཀག་འགོག་བྱེད་པའི་བྱེད་ཐབས་དེ་མགྱོགས་མྱུར་ངང་སྲིད་གཞུང་ནས་དམངས་ཡོངས་རང་བཞིན་གྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

གོམ་པ་རེ་རེ་བཞིན་མ་སྤོས་ན་ལེ་དབར་སྟོང་ཕྲག་ཆོད་མི་ཐུབ། 2004ལོར་ཧི་ནན་རྫོང་གིས《རང་སྐྱོང་སྲོལ་ཡིག》བཏོན་ནས་འགྱིག་ཁུག་བྲིན་ཚོང་དང་། མཁོ་འདོན། བེད་སྤྱོད་བཅས་བྱེད་མི་ཆོག་པའི“གད་སྙིགས་དཀར་པོར”འཐབ་བརྡ་བཏང་བ་རེད། སྐབས་ཤིག་རིང་ཁྲིམས་འཛིན་མི་སྣ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་པར“འགྱིག་བཀག”ལས་སྒོ་ཞིག་མང་དུ་ཕྱིན་ཡོད། ཁོ་ཚོས་རླངས་འཁོར་འབབ་ཚུགས་དང་ཚོང་ཁང་ངམ་ཁྲོམ་གཞུང་དུ་ སྐོར་བསྐྱོད་དང་ཁྲོམ་རར་ལྟ་སྐུལ། ཁྱིམ་ཚང་རེ་རེར་དྲན་སྐུལ་ཁ་ཏ་བྱས་ནས་དམིགས་ཚད་འགན་འཁྲིའི་ཡི་གེ་བྲིས་ཤིང་།  2016ལོར་ལོ11རིང་གི“འགྱིག་བཀག”བྱ་འགུལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་ཧི་ནན་རྫོང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》སླར་ཡང་བཏོན་ནས་ཐཱན་ཉུང་དང་། གྲོན་ཆུང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་བ་མ་ཟད། སླར་ཡང“འབེབས་དཀའ་བའི་ཐེངས་གཅིག་རང་བཞིན་གྱི་རྒྱུན་སྤྱོད་སྤོས་འགྱིག་དངོས་པོ་བཀག་འགོག”གི་ལམ་སྲོལ་བཏོན་པ་རེད།

འཕྲོད་བསྟེན་དག་ཐེར་བཅོས་སྐྱོང་གི་སྲོལ་བཟང་ཆགས་པ།

ཟླ3པའི་ཚེས19ཉིན། ཎ་དམ་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་དར་ཆ་ལྷབ་ལྷུབ་ཏུ་གཡོ་བའི“སྐད་ཅོར”གྱིས་རིམས་ནད་ཀྱི་སྨུག་རྡུལ་མེད་པར་བཟོས་ཏེ། “མཛེས་སྡུག་ལྡན་པའི་སོག་རྫོང་སྲུབ་སྐྱོང་བྱེད། ། དང་བླངས་ཞབས་ཞུ་སྔོན་འགྲོ་བྱེད།”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་སྟོང་གི་མིང་འགོད་བྱེད་སྒོ་དང་ཁོར་ཡུག་བཅོས་སྐྱོང་་བྱ་འགུལ་སྤེལ་ཞིང་། བྱ་འགུལ་སྤེལ་ཡུལ་དུ་ལས་བྱེད་མང་ཚོགས་དང་། ཁེ་ལས་དང་ལས་དོན་སྡེ་ཁག སློབ་མ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་བ་སོགས་མི1000ལྷག་འདུས་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཧི་ནན་རྫོང་གིས་“ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་རྫོང་སྟོབས་ལྡན”འཛུགས་རྒྱུ་དམིགས་ཡུལ་དུ་བཟུང་། སྔ་རྗེས་སུ《ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི“བྱ་སྤྱོད་ཆེན་པོ་བརྒྱད”ཀྱི་ཇུས་གཞི》དང《ས་ཁོངས་ཡོངས་ཀྱི་གད་སྙིགས་མེད་པའི་དཔེ་སྟོན་རྫོང་གསར་འཛུགས་བྱེད་པའི་ལག་བསྟར་བསམ་འཆར》།《ཆུ་དཔོན་ལམ་ལུགས་ལས་དོན་གྱི་ལམ་ལུགས་ལྔ》དང《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་བསྟར་ཞིབ་སྲོལ》སོགས་སྒྲིག་སྲོལ་ལམ་ལུགས་བཏོན་ཞིང་། གནད་སྨིན་དབུལ་ཐར་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་བརྟེན་ནས་ཞང་གྲོང་དང་གྲོང་ཚོའི་འཕྲོད་བསྟེན་དཔུང་ཁག་བཙུགས་ཏེ་ཟླ་རེར་གཅིག་སྡུད་ངང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཐེངས2བྱས་ནས་ཁོར་ཡུག་བཅོས་སྐྱོང་་གི་ཡུན་ཕན་ལམ་སྲོལ་བཙུགས་ཡོད།

ད་ལྟ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་སྣེ་ཁྲིད་དང་། དང་བླངས་ཞབས་ཞུ་རུ་ཁག་གིས་རང་འགུལ་ངང་སྣེ་ཁྲིད། མང་ཚོགས་ཧུར་ཐག་གིས་ཞུགས་པའི་གཅིག་སྡུད་ཁོར་ཡུག་བཅོས་སྐྱོང་་བྱ་སྤྱོད་དེ་སོག་རྫོང་རྩྭ་ཐང་དུ་སྲོལ་བཟང་དུ་གྱུར་ཡོད། ཟླ་རེར་ཉིན་གཉིས་རིང་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་རང་འགུལ་ངང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ནང་ཞུགས་ནས་གཞུང་ལམ་འགྲམ་རྒྱུད་དང་ཆུ་ཡུར་ནས་གད་སྙིགས་གཙང་དག་བྱེད་ཀྱིན་ཡོད།

2019ལོ་ནས་བཟུང་ཧི་ནན་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་དང་། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ནས“གཙང་ཆུའི་བྱ་སྤྱོད”དང“འཁྱགས་གཏོར་བྱ་འགུལ”སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། གྲོང་སྡེའི་གཙང་དག་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་ཏེ། རིམ་རྩིས་ལྟར་ན་ཕྱུགས་རིགས་དང་བྱ་རིགས་ཀྱི་ལུད་སོགས་ཟོག་རོ་ཏུན5000གཙང་སེལ་བྱས་པ་དང་། ཆུ་ལམ་རྒྱུད་ཀྱི་གད་སྙིགས་ཏུན20གཙང་སེལ་བྱས་ཤིང་། གྲོང་ཚོར་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་བུ་སྤྱི་ལེ300ལྷག་བཅོས་སྐྱོང་བྱས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།