སའེ་ན་སྡེ་བའི་འགྱུར་ལྡོག་ལ་ལྟ་བ།
2020.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

སའེ་ན་སྡེ་བས་ཕྱོགས་གཅིག་ནས“རིམས་ནད”འགོག་སྲུང་བྱེད་པའི་དམག་འཐབ་མུ་མཐུད་དུ་རྒྱག་པ་དང་ཕྱོགས་གཞན་ཞིག་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་བྱ་བ་དམ་འཛིན་བྱེད་ཀྱི་ཡོད། ཉེ་ལམ་གསར་འགོད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་ཁི་ཁི་གྲོང་རྡལ་སའེ་ན་སྡེ་བར་སོང་སྟེ་སྡེ་མིའི་རྒྱུན་ལྡན་འཚོ་བའི་ འགྱུར་ལྡོག་སྐོར་ལ་རྒྱུས་ལོན་བྱེད་དུས།  མཚོ་ནུབ་ཁུལ་གྱི་མངའ་ཁོངས་ཧྲིལ་པོ་ཕྱོགས་ཡོངས་ནས་དབུལ་ཐར་བྱས་རྗེས་སུ་ཁུལ་དེས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་བའི་ཕན་འབྲས་སྐོར་ནས་མྱོང་ཚོར་ཟབ་མོ་བྱུང་།

“ད་ལྟའི་འཚོ་བ་ནི་དངོས་གནས་སྐྱིད་པོ་རེད། སྡེ་བའི་ལས་བྱེད་པས་སྡེ་བའི་དོན་དག་ཡོད་ཚད་ལ་རང་གི་བྱ་བ་ནང་བཞིན་སེམས་ཁུར་བྱས་ཏེ། སྡེ་བའི་ཁྱིམ་ཚང་རེ་རེ་ནས་སྡེ་མི་རྣམས་འཕྲད་པའི་དཀའ་ཁག་ཆེ་བའི་བྱ་བ་སྣ་ཚོགས་ལ་རྒྱུས་ལོན་བྱས་ཏེ།  ཐབས་བརྒྱ་ཇུས་སྟོང་གིས་སྡེ་མི་ཚོའི་དཀའ་གནད་སེལ་བ་དང་བྱ་བ་དངོས་བསྒྲུབས་ནས་ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་དང་ཐུགས་ཁུར་ཚོར་དུ་བཅུག ཉེ་ལམ་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་བྱ་བ་བཟང་པོ་གསུམ་བསྒྲུབས་པ་དེས་ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།”ཅེས་སྡེ་མི་ཅིན་ཅིན་ལི་ཡིས་སྡེ་བའི་མིག་སྔར་གྱི་འཚོ་བའི་གནས་ཚུལ་སྐོར་ནས་དེ་ལྟར་བཤད།

སའེ་ན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཁྲེང་ཁའེ་ཡིས་སེར་སྣ་ནི་ཧོར་རིགས་ཀྱི་སྐད་ཡིན་ཞིང་། དེ་ནི་“ཡག་པོ”ཞེས་པའི་དོན་རེད། 2001ལོར་སའེ་ན་སྡེ་བའི་མི་རྣམས་ ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སོགས་དབུལ་ཕོངས་ཀྱི་ས་ཁུལ་མང་པོ་ཞིག་ནས་བུའུ་ལན་རྫོང་གི་ཁི་ཁི་གྲོང་རྡལ་དུ་གནས་སྤར་ནས་ཡོང་བ་དང་། ཁོ་ཚོ་གནས་དེར་ཐོག་མར་ཡོང་སྟེ་ལུང་སྟོང་ཞིག་ནས་འཚོ་བ་རོལ་མགོ་བརྩམས་པ་རེད། ལོ་འདི་དག་གི་རིང་ལ་ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཚང་མས་ཀྱང་དཀའ་སྤྱད་དངོས་སྒྲུབ་བྱས་པ་བརྒྱུད་ད་ལྟ་སྡེ་བ་དེའི་ཕྱོགས་ཡོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ལྷག་པར་དུ་ཉེ་བའི་ལོ་གཉིས་ཀྱི་རིང་། སྡེ་བའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་པ། ཕྱོགས་མང་པོ་མཐུན་སྦྱོར་བྱེད་པ་དང་གཅིག་སྡུད་སྒོས་མཁྲེགས་གཏོར་བཅས་བྱས་ནས། སྡེ་མི་རྣམས་ཀྱིས་སེམས་ཁུར་དང་རེ་སྒུག་བྱེད་བཞིན་པའི་བྱ་བ་སྣ་ཚོགས་ནས་མགོ་བརྩམས་ཏེ་སྡེ་མི་རྣམས་ལ་དབུལ་ཐར་མཁྲེགས་གཏོར་ལས་ཐོན་པའི་ཕན་འབྲས་སྣ་ཚོགས་ཉམས་སུ་མྱོང་དུ་བཅུག

སྔོན་ཆད་སའེ་ན་སྡེ་བའི་ཁྱིམ་ཚང་རེ་རེར་ས་ཁང་ལས་གྲུབ་པའི་གསང་སྤྱོད་ཁང་ཞིག་ལས་མེད་པས་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་དེ་འདྲ་ལེགས་རྒྱུ་མེད་དེ། དབྱར་ཁ་ཐོན་དུས་སྦྲང་ནག་མང་པོ་གང་སར་འཁོར་བཞིན་ཡོད་པར་མ་ཟད་དྲི་ངན་ཕྱོགས་བཞིར་ཁྱབ་ཀྱིན་ཡོད་པས་མ་མཐའི་འཕྲོད་བསྟེན་ལ་ཡང་འགན་སྲུང་བྱེད་ཐུབ་ཀྱི་མེད།

གནད་དོན་དེ་དག་ནི་དོན་དག་ཆུང་ཆུང་ཞིག་གཏན་ནས་མིན།  སའེ་ན་སྡེ་བའི་ཏང་ཀྲི་པུའུ་ཡིས་གསང་སྤྱོད་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞི་ཡོད་པའི་གནས་ཚུལ་ཤེས་རྗེས་ ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱས་ཤིང་། རྫོང་དང་གྲོང་རྡལ། སྡེ་བ་བཅས་རིམ་གསུམ་མཉམ་འགུལ་དང་ཕྱོགས་མང་པོའི་མཐུན་སྦྱོར་འོག སའེ་ན་སྡེ་བར་སྔོན་ལ་གསང་སྤྱོད་ཁང་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་མགོ་བརྩམས་ནས་སྡེ་བ་ཡོངས་སུ“གསང་སྤྱོད་གསར་བརྗེ”ཐེངས་ཤིག་སྤེལ།

“དོན་ཆུང་དག་ཀྱང་དོན་ཆེན་དུ་བརྩིས་ནས་བསྒྲུབས་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་གནས་ཡག་པོ་འདུག”   དབྱང་ཁྲེང་ཁུའེ་ཡིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད། སའེ་ན་སྡེ་བ་ཡོངས་སུ་དཔེ་སྟོན་ཁྱིམ་ཚང་102ལ་དངུལ་སྐར་མ་གཅིག་ཀྱང་མ་བླངས་པར་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་།   སྦགས་བཙོག་མེད་པ་བཅས་ཀྱི་བཙོག་འབུད་མ་ལག་བཙུགས་པ་དང་། ཆུ་འཐེན་ཆབ་གཞོང་བཀོལ་པ་དེས་བཙོག་ཆུ་གང་སར་མི་ཁྱབ་པ་དང་སྒོ་འགྲམ་གྱི་ཡུར་བུ་གཙང་མར་གྱུར་ནས་སྡེ་བའི་འཕྲོད་བསྟེན་གྱི་རྣམ་པ་དེ་སྔར་ལས་ཇེ་ལེགས་སུ་སོང་ཡོད།  མིག་སྔར་ད་དུང་ཁྱིམ་ཚང་162འཆར་གཞིའི་ནང་བཅུག་ཟིན་པ་དང་། ད་ལོ་ཕྱོགས་ཡོངས་ནས་བསྒྱུར་བཀོད་ལེགས་འགྲུབ་འབྱུང་ཐུབ་པས་སྐབས་དེར་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཚང་མས་འཕྲོད་བསྟེན་གསང་སྤྱོད་ཁང་བཀོལ་སྤྱོད་བྱེད་ཐུབ་པ་རེད།

སའེ་ན་སྡེ་བའི་གསང་སྤྱོད་གསར་བརྗེ་ནི་སྡེ་བའི་ཁོར་ཡུག་གི་འཕྲོད་བསྟེན་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པ། སྡེ་མིའི་བདེ་ཐང་གི་བྱང་ཚད་དང་ཤེས་དཔལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ཞིང་། སའེ་ན་སྡེ་བའི་རང་འགུལ་གྱི་གདམ་ག་ལས་སྡེ་བ་ཡོངས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་དང་ཐོབ་ཚོར་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

དཔྱིད་ཀྱི་དུས་ཚིགས་སླེབས་ན་ཡང་བུའུ་ལན་རྫོང་གི་གནམ་གཤིས་སྔར་བཞིན་གྲང་ངར་ཆེ།  ཡིན་ནའང་སའེ་ན་སྡེ་བའི་ཁྱིམ་ཚང་རེ་རེ་ནང་དུ་དྲོ་སོབ་སོབ་བྱེད་ཀྱིན་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན།  སའེ་ན་སྡེ་བ་ནི་བུའུ་ལན་རྫོང་གི་གློག་གི་ཚ་ཐབ་ཚོད་ལྟའི་སྡེ་བ་ཞིག་ཀྱང་རེད། 2019ལོའི་ཟླ་8ཚེས་6ཉིན་བུའུ་ལན་རྫོང་གློག་འདོན་ཀུང་སིས་སའེ་ན་སྡེ་བ་དང་མཉམ་ལས་བྱས་ནས། སྡེ་བའི་ཁྱིམ་ཚང་རེ་རེར་ཁ་གསབ་སྒོར་མོ350རེ་བྱིན་ནས་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་264ཡི་སྔར་གྱི་ས་ཐབ་ཚང་མ་གློག་གི་ཚ་ཐབ་ཏུ་བསྒྱུར་ཡོད།

དབྱང་ཁྲེང་ཁུའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། 2019ལོའི་ཟླ་9ཚེས་16ཉིན་ནས་བཟུང་བུའུ་ལན་རྫོང་གློག་འདོན་ཀུང་སིའི་ལས་བཟོ་བ་དང་གློག་དྲོད་ཚ་ཐབ་ཐོན་སྐྱེད་བཟོ་གྲྭའི་ལག་རྩལ་མི་སྣ་སའེ་ན་སྡེ་བར་ཡོང་ནས་སྡེ་མི་ཚོར་གློག་དྲོད་ཚ་ཐབ་སྒྲིག་སྦྱོར་བྱེད་མགོ་བརྩམས་པ་དང་། མིག་སྔའི་བར་ཁྱིམ་ཚང་140ལ་སྒྲིག་སྦྱོར་བྱས་ཟིན་ལ་ལྷག་མ་རྣམས་ཀྱང་མུ་མཐུད་དུ་བསྒྱུར་བཀོད་བྱ་རྒྱུའི་འཆར་གཞི་འདུག

སྡེ་མི་དབྱང་ཡུས་ཁྲུན་གྱིས་གློག་དྲོད་ཚ་ཐབ་སྒྲིག་སྦྱོར་བྱེད་བཞིན་པའི་ལས་བཟོ་པར་བཤད་རྒྱུར།  “རྒན་ལགས། མགྱོགས་མྱུར་ངང་སྒྲིག་བཟོ་བྱེད་རོགས། སྒྲིག་བཟོ་བྱས་ཚར་རྗེས་ངས་ཀྱང་དེ་བཀོལ་སྤྱོད་བྱེད་ན་འདོད། ཉིན་འགའི་སྔོན་དུ་ང་རང་ད་དུང་གློག་གི་ཚ་ཐབ་དེ་བདེ་འཇགས་མིན་པར་སྐྲག་པ་ཡིན། ཁ་སང་ཁྱིམ་མཚེས་ཚང་དུ་སོང་བ་ན་ཁོ་ཚོས་གློག་གི་ཚ་ཐབ་དེ་གཙང་མ་ཡིན་པར་མ་ཟད་ཧ་ཅང་བདེ་འཇགས་དང་སྟབས་བདེ་ཡང་རེད”ཟེར།  དེ་ལྟར་ལས་བཟོ་བ་དང་ཁ་བརྡ་བྱེད་པའི་དུས་ཡུན་ཐུང་ངུའི་ནང་དབྱང་ཡུས་ཁྲུན་ཚང་གི་ཁྱིམ་གྱི་གློག་དྲོད་ཚ་ཐབ་གཞི་ནས་སྒྲིག་སྦྱོར་བྱས་ཟིན་པ་དང་། གློག་རྒྱུན་ཚོད་ལྟ་བྱས་པར་སྐར་ཆ་བཅུ་ཕྲག་ཁ་ཤས་འགོར་རྗེས་གློག་གི་ཚ་ཐབ་ངོས་ཀྱི་དྲོད་ཚད་མགྱོགས་མྱུར་གྱིས་ཇེ་མཐོར་འགྲོ་བཞིན་འདུག  “སྔོན་ཆད་ས་ཡི་ཚ་ཐབ་བཀོལ་སྤྱོད་བྱེད་སྐབས་སུ་ཉལ་སའི་ནང་ཡོངས་སུ་ཚ་ཐབ་ཀྱི་དྲི་མས་ཁེངས་པ་མ་ཟད། ད་དུང་ནམ་ཕྱེད་ལ་བུད་ཤིང་བསྣོན་དགོས་པས་དཀའ་ཁག་ཆེན་པོ་འདུག ”ཅེས་དབྱང་ཡུས་ཁྲུན་གྱིས་བཤད།

ཞིང་སྡེའི་འཚོ་བར་རྒྱུས་མངའ་ཡོད་མཁན་ཚང་མས་ཤེས་གསལ་ལྟར། སྔོན་ཆད་སྡེ་མི་མང་ཆེ་བས་སོག་མ་སྦར་ཏེ་ཚ་ཐབ་ལ་དྲོད་འདོན་ཀྱི་ཡོད།  དེས་ཁོར་ཡུག་ལ་འབག་བཙོག་བཟོ་བར་མ་ཟད་ཚ་བའི་ལས་ཆོད་ཀྱང་དེ་འདྲའི་མཐོན་པོ་མེད། ལྷག་པར་དུ་དགུན་ཁར་ཐོན་དུས་ཚ་ཐབ་ཀྱི་དུ་བས་མིའི་ལུས་ཕུང་ལ་གནོད་སྐྱོན་བཟོ་བའི་གནས་ཚུལ་ཡང་ཐོན་གྱི་ཡོད།

དབྱང་ཁྲེང་ཁུའེ་ཡིས་མཚམས་སྦྱོར་བྱེད་རྒྱུར། སྡེ་བའི་ཁྱིམ་ཚང་རེ་རེའི་ཁང་པའི་མདུན་རྒྱབ་དང་སྡེ་བའི་ནང་གི་སྤྱི་པའི་ས་ཁུལ། ལམ་འགྲམ་གྱི་སྡོང་བོ་དང་གད་སྙིགས་ཀྱི་རིགས།  རྡོ་སོལ་སོགས་གང་བྱུང་དུ་སྤུང་བའི་གནད་དོན་བཅོས་སྒྲིག་བྱེད་པ་དང་སྡེ་མི་རྣམས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ནི་ཐོག་མཐའ་བར་གསུམ་དུ་སྡེ་བའི་ཏང་ཀྲི་པུའུ་ཡིས་སེམས་ཁྲལ་བྱེད་པའི་བྱ་བ་ཞིག་རེད། སྔོན་ཆད་ཀྱི་ས་ཐབ་གློག་གི་ཚ་ཐབ་ཏུ་བསྒྱུར་བ་དེས་ད་ལྟ་སྡེ་བའི་ཁོར་ཡུག་གི་གནས་ཚུལ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་སོང་ཡོད་ཟེར།

སའེ་ན་སྡེ་བས་ལོ་ཤས་རིང་གི་ལས་གཞི་འཛུགས་སྐྲུན་བྱས་པ་བརྒྱུད་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་ཨར་འདམ་གྱི་ལམ་ལས་ཟིན་པས་ཕྱི་ཕྱོགས་སུ་འགྲོ་བར་སྟབས་བདེ་པོ་བཟོས་ཡོད། ཡིན་ནའང་ད་ལྟ་ཞིང་ཚིགས་ཀྱི་ལམ་དེ་འདྲ་བདེ་མོ་ཞིག་མིན། གལ་ཏེ་ལམ་དེ་ཡག་པོ་ཞིག་ལས་ཐུབ་ཚེ་དེ་ལས་ཀྱང་བཟང་།  སའེ་ན་སྡེ་བའི་ཏང་ཀྲི་པུའུ་ཡིས་ཁྱིམ་ཚང་རེ་རེ་སྒོ་མྱུལ་བྱས་ནས་སྡེ་མི་རྣམས་ཀྱི་བསམ་ཚུལ་ལ་རྒྱུས་ལོན་བྱེད་དུས། སྡེ་མི་མང་ཆེ་བའི་སེམས་འདུན་ཡང་ཞིང་ཚིགས་ཀྱི་ས་ལམ་དེ་ཨར་འདམ་གྱི་ལམ་དུ་བསྒྱུར་རྒྱུ་དེ་རེད།

གལ་སྲིད་སྡེ་མི་རྣམས་ལ་ཕན་ཐོགས་པའི་བྱ་བ་ཞིག་ཡིན་ཚེ་སྡེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་དགོས། དེ་བས་སའེ་ན་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བའི་ཞིང་བར་གྱི་ས་ལམ་དེ་ཨར་འདམ་གྱི་ལམ་དུ་བསྒྱུར་བའི་བྱ་བ་དེ་ཐོག་མའི་འགན་འཁྲིའི་ཁྲོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། མྱུར་དུ་མཚོ་སྔོན་གློག་སྒྱུར་བཟོ་སྐྲུན་ཀུང་སི་དང་འབྲེལ་གཏུག་བྱས་ནས་མ་དངུལ་སྒོར་མོ་ཁྲི་20བརྩོན་ལེན་བྱས་ཏེ། ཞིང་ཚིགས་སུ་ཨར་འདམ་གྱི་ལམ་ལས་རྒྱུ་ལག་བསྟར་བྱས།

ཟླ་བ་གཅིག་ལྷག་ཙམ་ཨར་ལས་བྱས་པ་བརྒྱུད། སྡེ་བའི་ཞིང་ནང་དུ་རིང་ཚད་མི་འདྲ་བའི་ཨར་འདམ་གྱི་ལམ་གཉིས་ལས་པ་དེས་སྡེ་མི་ཚོས་ཞིང་ནང་དུ་རྨོ་འདེབས་བྱེད་པར་སྟབས་བདེ་བསྐྲུན་པར་མ་ཟད།   སྔོན་ཆད་ཆར་པ་འབབས་དུས་སུ་འདམ་གྱིས་ཁེངས་པའི་ས་ལམ་གྱི་རྣམ་པ་དེ་ཡོངས་སུ་མཇུག་སྒྲིལ་བ་རེད།

སྡེ་མི་ཆི་ཏན་ཅ་ཡིས་“སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་དང་ཧུར་བརྩོན་ལ་བརྟེན་ནས་སྡེ་བའི་ཞིང་ནང་དུ་ལམ་ཡག་པོ་ཞིག་བཟོས་ཟིན་པ་དེས་ང་ཚོས་ལས་ཀ་བྱེད་པའི་སེམས་ཤུགས་ཀྱང་སྔོན་ཆད་དང་བསྡུར་ན་ཆེ་རུ་ཕྱིན་སོང་།”ཟེར།

                                                                                       ལོ་ཙཱ་བ། གཡང་འབུམ་རྒྱལ།