ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདེབས་འཛུགས་ལས་རིགས་ལ་ཕྱོགས་ཡོངས་ནས་ལོ་ལེགས་བྱུང་བ་དང་། ཕྱུགས་ལས་འགག་སྒྲོལ་རིགས་སྒྱུར་ལ་གྲུབ་འབྲས་ཐོབ་ཅིང་། ཉ་ལས་ཐོན་སྐྱེད་བསྟུད་མར་འཕར་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱུ་སྤུས་དང་རིན་གོང་དུས་མཉམ་དུ་འཕར་བ་བཅས་ན་ནིང་རང་ཞིང་གི་ཞིང་ཕྱུགས་ལས་ཐད་ཐོན་ལེགས་བྱུང་།
2019ལོའི་ཟླ10པར། མི་སེམས་དགའ་བའི་གཏམ་བཟང་ཞིག་མཚོ་བྱང་རྩྭ་ཐང་ནས་ཞིང་ཆེན་ཡོངས་སུ་ཁྱབ་པ་དང་། རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གསེར་ཐང་ཞང་ཡེ་ཧྥུན་སྡེ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལདུ་ནས་སོན་གསོ་སྤེལ་རྟེན་གཞིའི་ཞིང་ས་རུ་ནས་སྤྱི་རྒྱ500ཙམ་ཐོན་སྐྱེད་བྱུང་།
མཚོ་བོད་མཐོ་སྒང་དུ་ནས་འདེབས་འཛུགས་བྱས་པར་ལོ་ངོ་སྟོང་གསུམ་དང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་། ནས་ནི་མཚོ་སྔོན་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གཙོ་བོ་ཡིན་ལ། སྙལ་བཟོའི་བཟོ་ལས་དང་གཟན་ཆས་ལས་སྣོན་གྱི་རྒྱུ་ཆ་གཙོ་བོ་ཡིན་པར་མ་ཟད། ད་དུང་འཚོ་བཅུད་བདེ་སྲུང་རིགས་ཐོན་རྫས་བྱེད་པའི་ཐོན་ལས་གལ་ཆེན་དུའང་གྱུར་ཡོད། 2018ལོར། རང་ཞིང་གི་ནས་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་དྲུག་དང་སྟོང་དྲུག་ལ་སླེབས་པས་འབྲུ་རིགས་ལོ་ཏོག་གི་བཞི་ཆའི་གཅིག་ཟིན་པ་དང་། ནས་ཐོན་སྐྱེད་ལས་སྣོན་བྱེད་པའི་ཁེ་ལས་ཆེ་འབྲིང་རིགས་བཅོ་བརྒྱད་ཀྱིས་དབུལ་ནག་ས་ཁུལ་གྱི་དབུལ་ཕོངས་མི་གྲངས་བརྒྱ་ཆའི་ལྔ་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བྱས་ཡོད།
“འབྲུ་རིགས་ཡོད་ཚེ་སེམས་ཁྲལ་མེད།”2019ལོར། ཞིང་ཆེན་ཡོངས་སུ་ཞིང་ལས་ལོ་ཏོག་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་འབུམ་ལྔ་དང་ཁྲི་ལྔ་སྟོང་བདུན་ལ་སླེབས་པ་དེ་ལོ་སྔོན་མ་ལས་འཕར་སྣོན་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་ལྷག་ལ་སླེབས་ཤིང་། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་འཕར་ནས་བསྟུད་མར་ལོ12རིང་ལ་ཏུན་ས་ཡ་གཅིག་ཡན་ལ་སླེབས་པ་རྒྱུན་འཁྱོངས་བྱས། སྣུམ་རྒྱུའི་སྤྱིའི་ཐོན་ཚད་ཏུན་འབུམ་གཉིས་དང་ཁྲི་དགུ་ལྷག་ལ་སླེབས་པས་སྤྱིའི་ཆ་ནས་དོ་མཉམ་ཡོང་ལ། སྔོ་ཚོད་སྤྱིའི་ཐོན་ཚད་ཏུན་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཅིག་ལ་སླེབས་ནས་བརྒྱ་ཆའི་གཉིས་ལྷག་འཕར་ཡོད།
མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཡིན་པའི་ཆ་ནས། ཕྱུགས་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། འདེབས་འཛུགས་ལས་རིགས་ལ་ཕྱོགས་ཡོངས་ནས་ལོ་ལེགས་བྱུང་བའི་དུས་མཚུངས་སུ། ན་ནིང་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་འགག་སྒྲོལ་རིགས་བསྒྱུར་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
མཚོ་སྔོན་ནི་རྒྱལ་ཡོངས་སུ་ལག་ཡོད་ནོར་གནག་གི་གྲངས་འབོར་ཆེས་མང་བའི་ས་ཁུལ་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་སུ་ད་ཡོད་ནོར་གནག་གི་གྲངས་ཀ་ས་ཡ་ལྔ་ཙམ་ཡོད་པ་དང་། འཛམ་གླིང་ནོར་གནག་གི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་སོ་བརྒྱད་ཟིན་ཞིང་། འཛམ་གླིང་ནོར་གནག་གི་ཕ་ས་བསྐྲུན་པར་ལྷན་སྐྱེས་ཀྱི་དགེ་མཚན་ལྡན་པ་རེད། ཉེ་བའི་ལོ་འགའི་རིང་ལ་ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བར་བརྟེན། ཞིང་ཆེན་ཡོངས་ཀྱི་རྫོང་བཅུ་གཉིས་དང་ར་བ་གཅིག་ལ་སྐྱེ་ལྡན་ཕྱུགས་ལས་ཀྱི་བདེན་དཔང་ར་སྤྲོད་དང་། རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་བརྒྱད་ལྷག་ལ་བདེན་དཔང་ར་སྤྲོད་ཐོབ་ནས་བསྟུད་མར་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་རེ་གསུམ་བཙུགས་ཤིང་། ནོར་གནག་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་ལྷག་དང་བོད་ལུག་ས་ཡ་གཉིས་དང་འབུམ་དགུ་ལ་བདེན་དཔང་ར་སྤྲོད་ཐོབ་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞིར་གྱུར་ཡོད།
2019ལོར། ཞིང་ཆེན་ཡོངས་སུ་ལོ་ཧྲིལ་བོར་ནོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་དྲུག་སྟོང་ལྔ་ལྷག་ཡོད་པ་དང་། “ས་ཚིགས་ནས་ས་ཚིགས”བརྒྱུད་དེ་ཕག་འབུམ་གཉིས་ལྷག་ དང་ཕག་ཤ་ཏུན་ཁྲི་བཞི་དང་སྟོང་གསུམ་བདུན་བརྒྱ་སྐྱེལ་འདྲེན་བྱས་ཏེ་ཚོང་རའི་མཁོ་འདོན་འགན་སྲུང་བྱས་ཤིང་། སྒོ་ང་དང་འོ་མའི་ཐོན་ཚད་སོ་སོར་ཏུན་ཁྲི་གསུམ་དང་སྟོང་གསུམ་དྲུག་བརྒྱ་དང་འབུམ་བཞི་དང་ཁྲི་ལྔ་ལྷག་ལ་སླེབས་ནས2019ལོའི་ལོ་སྟོད་དང་ཕལ་ཆེར་མཉམ་པ་བྱུང་།
2019ལོར་ད་དུང་རང་ཞིང་གི་ཉ་ལས་ཐོན་སྐྱེད་བསྟུད་མར་འཕར་བ་དང་། སྡོམ་རྩིས་བྱས་པ་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་སུ་ཉ་རིགས་གསོ་སྤེལ་བྱེད་ས་བརྒྱ་དང་བཅུ་གཉིས་ཡོད་པ་དང་། གསོ་སྤེལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་བདུན་བཞི་བརྒྱ་ལ་སླེབས་ཡོད། ཆུ་ཐོན་དངོས་རྫས་སྣ་ཚོགས་ཐོན་སྐྱེད་བྱས་ཚད་ཏུན་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་ཉེར་ལྔ་ལ་སླེབས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་ལྔ་གསུམ་འཕར། དུས་མཚུངས་སུ། རང་གིས་ཐོན་སྐྱེད་བྱས་པའི་འདེབས་འཛུགས་ལས་རིགས་དང་། སྒོ་ཕྱུགས་དང་ཁྱིམ་བྱ། ཆུའི་ཐོན་རྫས་བཅས་ཞིབ་དཔྱད་ཚད་ལེན་བྱས་ཚད་སོ་སོར་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་བརྒྱད་དང་། བརྒྱ་ཆའི་བརྒྱ། བརྒྱ་ཆའི་བརྒྱ་བཅས་སུ་སླེབས་ནས་རྒྱལ་ཡོངས་སུ་ཅུང་མཐོ་བའི་ཆུ་ཚད་དུ་སླེབས་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།