ཏང་ཡོན་རྒན་པ་ཞིག་གི་ཐོག་མའི་བསམ་འདུན། 
2020.04.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

 ཟླ་གསུམ་པར་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཆ་མང་ཆེ་བར་དཔྱིད་མགོ་ཚུགས་ཡོད་ནའང་།“འཛམ་གླིང་ལ་ཁར”གྲགས་པའི་རྨ་ཆུའི་མགོ་ཁུངས་སུ་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་ཞིང་ས་གཞི་ཐམས་ཅད་ཁ་བ་དཀར་པོས་གཡོགས་འདུག ཉིན་ཞིག་གི་ཞོགས་པའི་དུས་སུ། ལོ་དྲུག་བཅུ་ལྷག་ལ་སོན་པའི་རྒན་པོ་ཞིག་གིས་གྲང་ངར་ལ་མ་འཛེམས་པར་གོམ་པ་ཁྱར་ཁྱོར་ངང་དངུལ་ཁང་དུ་ཡོང་ནས་སྒོར་ཁྲི་གཅིག་བླངས། སྒོར་ཁྲི་གཅིག་པོ་དེ་ནི་རྒན་པ་ཁོང་ལ་མཚོན་ན་འཚོ་བའི་ཁྲོད་དུ་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་གྱིན་ཡོད་ལ། འོན་ཀྱང་སྐབས་འདིར་རང་དོན་རྒྱབ་ཏུ་བསྐྱུར་ནས་གཞན་དོན་ཕྲག་ཏུ་ལེན་འདོད་པའི་འདུན་པ་དེར་དོན་སྙིང་ཆེན་པོ་ལྡན་ལ་གོང་བཀུར་བྱེད་འོས་པ་ཞིག་ཅི་ལ་མིན། རྒན་པོའི་མིང་ལ་རྣམ་རྒྱལ་ཟེར་ཞིང་ཁོ་རང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྐྱ་རེངས་ཞང་དཀར་རྩེ་སྡེ་བའི་ཏང་ཡོན་ནང་ཞུགས་ནས་ལོ39ལོན་པའི་ཏང་ཡོན་རྒན་པ་ཞིག་རེད། རྒན་པོས་བཤད་ཚུལ་ལྟར་ན། “འདི་ནི་ཡུན་རིང་ཞིག་ལ་བསམ་བློ་བཏང་མཐར་རང་གིས་སྒྲུབ་འདོད་པའི་དོན་དག་ཅིག་ཡིན”ཟེར།

དུས་ཡུན་རིང་པོར་འབྲོག་ཁུལ་དུ་འཚོ་སྡོད་བྱས་པས་སྐད་བརྡ་འཕྲོད་དཀའ་བ་དང་། རང་གི་བསམ་དོན་ཅི་བཞིན་དུ་བརྗོད་མི་ཐུབ་པ་བཅས་ལ་དམིགས་ནས། རྒན་པོས་རང་ལ་རེ་བ་ནན་མོ་བཟུང་ནས་སྡེ་བ་དང་ཞང་གྲོང་གི་ལས་བྱེད་པའི་འགྲོ་རོགས་འོག་རྨ་སྟོད་རྫོང་རྩ་འཛུགས་པུའུ་ཡི་ནང་དུ་ཡོང་། རྩ་འཛུགས་པུའུ་ཡི་ནང་དུ་ཕྱིན་མ་ཐག གྲང་ངར་གྱིས་ལུས་པོ་ཅུང་འདར་གྱིན་ཡོད་ནའང་རྒན་པོ་རྣམ་རྒྱལ་གྱིས་ཆུ་དྲོན་མོ་ཧུབ་གང་ཡང་མི་འཐུང་བར། ལག་པ་གཉིས་འཕུར་འཕུར་ཙམ་བྱས་ཏེ་དམར་མདོག་ཏུ་གྱུར་པའི་ལག་ཟུང་གིས་མྱུར་དུ་རུམ་ནས་སྒོར་ཁྲི་གཅིག་བླངས་ཏེ་མདུན་ཅོག་སྟེང་བཞག་པ་དང་། རྒྱ་སྐད་ལ་དེ་འདྲའི་བྱང་ཆ་མེད་པའི་སྒོ་ནས“ངས་ཞལ་འདེབས་འབུལ་རྒྱུ་ཡིན། ངས་ཞལ་འདེབས་འབུལ་རྒྱུ་ཡིན།”ཞེས་ཡང་ཡང་བཤད། ཁོས་བརྙན་འཕྲིན་གྱི་ལམ་ནས་ཝུའུ་ཧན་ས་ཁུལ་དུ་པྲོག་གསར་གློ་ཚད་བྱུང་བ་ཤེས་རྗེས། གུང་ཁྲན་ཏང་ཡོན་རྒན་པ་ཞིག་ལ་མཚོན་ན། རིམས་འགོག་གི་ལས་ཡུལ་དང་པོའི“ལྡོག་སྐྱོད་པ”བྱེད་མི་ཐུབ་ནའང་། རིམས་ནད་ས་ཁུལ་དུ་རང་ཉིད་ཀྱི་ནུས་པ་ཅུང་ཙམ་སྒྲུབ་འདོད་པས། རིམས་ནད་ས་ཁུལ་དུ་སྒོར་མོའི་ཞལ་འདེབས་ཕུལ་བ་རེད་ལ། དེ་ནི་ཁོས་ཡུན་རིང་པོར་བསམ་བློ་བཏང་བའི་དོན་དེ་ཡིན།

རྒན་པོ་དང་མཉམ་དུ་རྩ་འཛུགས་པུའུ་རུ་ཡོང་བའི་ལས་བྱེད་པ་དག་གིས་རྒན་པོ་ཁོང་གིས་སྒོར་མོ་ཞལ་འདེབས་སུ་ཕུལ་བའི་གནས་ཚུལ་དེར་ཡར་སྔོན་རྒྱུས་མངའ་མེད་པས། ཡུལ་དངོས་ནས་སྡེ་བའི་ལས་བྱེད་པས་ཚིག་འཇམ་པོས་བཀག་འགོག་བྱེད་པ་དང་།ཞལ་འདེབས་འབུལ་འདོད་རུང་སེམས་པ་མཚོན་བྱེད་ཙམ་གྱིས་ཆོག་པར་ཁ་བརྡ་གང་མང་བྱས་རུང་རྒན་པོའི་ཆོད་སེམས་ལ་འགྱུར་བ་གཏན་ནས་གཏོང་མ་ཐུབ།

རྩ་འཛུགས་པུའུ་ཡི་ལས་བྱེད་པས་ཏང་ཡོན་རྒན་པ་རྣམ་རྒྱལ་གྱི་གནས་ཚུལ་དེ་ཅི་ཡིན་གསལ་པོ་མ་རྟོགས་པའི་སྐབས་དེར། སྡེ་བའི་ལས་བྱེད་པས་བཤད་པའི་སྐད་ཆ་དེས་གནས་དེར་ཡོད་པའི་མི་ཚང་མའི་དོགས་པ་བསལ་བ་རེད། རྒན་པོ་རྣམ་རྒྱལ་མི་ཚེ་གང་པོར་དབུལ་པོ་ཡིན་ལ། བུ་ཕྲུག་གཅིག་ཀྱང་མེད་པར་ཁོ་རང་གཅིག་པུས་འཚོ་བ་རོལ་བཞིན་ཡོད་པས། རྫོང་གི་དམིགས་བསལ་དཀའ་ཁག་ཡོད་པའི་བསྙེན་བཀུར་བྱ་ཡུལ་ཡིན། འཚོ་བ་ཧ་ཅང་དཀའ་ཁག་ཆེ་ལ། དཔལ་འབྱོར་གྱི་ཡོང་ཁུངས་སྣ་གཅིག་རྐྱང་ཡིན་ཞིང་། གཙོ་བོ་སྲིད་གཞུང་གི་རོགས་སྐྱོབ་དང་རྩྭ་སའི་ཁ་གསབ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། སྒོར10000པོ་དེ་ནི་ཁོང་གིས་དུས་ཡུན་རིང་པོར་བསགས་པའི་བསགས་དངུལ་རེད། གནས་ཚུལ་དེ་ཤེས་རྗེས། ཡུལ་དེ་ན་ཡོད་པའི་ལས་བྱེད་པ་དག་ལ་ཏང་མི་རྒན་པ་དེའི་བྱེད་སྟངས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་རེད། ཡུལ་དངོས་ཀྱི་མི་རྣམས་རྒན་པོ་རྣམ་རྒྱལ་གྱི་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་ཁྲོད་དུ་ཞུགས་རུང་། རྒན་པོས་བློ་བརྟན་འགྱུར་མེད་ངང་བཤད་རྒྱུར། “ཏང་གི་སྲིད་ཇུས་བཟང་བ་དང་ཏང་གིས་རོགས་སྐྱོར་འོག སྔོན་ཆད་ཀྱི་དཀའ་ཁག་ཆེ་བའི་དབུལ་ཕོངས་ཀྱི་འཚོ་བའི་རྣམ་པ་བསྒྱུར། ཏང་གིས་ཟས་གོས་རང་འགྲུབ་ཀྱི་འཚོ་བ་འདི་གནང་བྱུང་། ཏང་ཡོན་རྒན་པ་ཞིག་ལ་མཚོན་ན། ད་ལྟ་རྒྱལ་ཁབ་ལ་དཀའ་ཁག་ཡོད་པའི་སྐབས་སུ། ངས་རྒྱལ་ཁབ་ཀྱི་ཆེད་དུ་དོན་དག་ཞིག་སྒྲུབ་འདོད། མི་ཚང་མས་ཞལ་འདེབས་འབུལ་བཞིན་པ་མཐོང་བས། ང་ལའང་ཞལ་འདེབས་འབུལ་འདོད་སྐྱེས། འདི་ནི་ངས་བསམ་པ་མཚོན་བྱེད་ཙམ་ཡིན་ལ། ཏང་ཡོན་ཞིག་གི་འོས་འགན་ཡང་ཡིན། ཏང་རྩ་འཛུགས་ཀྱིས་དང་ལེན་བྱ་རྒྱུ་ནི་ངའི་རེ་བ་ཡིན”ཟེར། རྒན་པོའི་བྱ་སྤྱོད་དང་ལྷག་བསམ་རྣམ་དག་གི་སྐད་ཆ་དེ་དག་ཐོས་རྗེས། ཚང་མས་བཀག་འགོག་བྱེད་མ་ཐུབ་པར། ཁྱད་པར་ཅན་གྱི་ཞལ་འདེབས་དེ་དང་ལེན་བྱས་པ་དང་། ཏང་ཡོན་ཞིག་གི“ཐོག་མའི་བསམ་འདུན”དེའང་མཐོང་བྱུང་།

རང་འགུལ་སྒོས་ཞལ་འདེབས་ཕུལ་ནས་རིམས་འགོག་ལ་རྒྱབ་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། མགོ་ལོག་ཁུལ་གྱི་རྒྱ་ཆེ་བའི་ཏང་ཡོན་ཚོས་ཐོག་མཐའ་བར་གསུམ་དུ“ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན་ཕྱོགས་སོ་སོས་རོགས་འདེགས”བྱེད་པའི་རོགས་རེས་སྙིང་སྟོབས་ལག་བསྟར་བྱས་ནས། བརྒྱུད་ལམ་སྣ་ཚོགས་སྤྱད་དེ་རོགས་འདེགས་བྱས། ཁོ་ཚོའི་ལས་རིགས་དང་ཡོང་སྒོ་མི་འདྲ་ནའང་། ཚང་མས་ཕངས་མེད་སྦྱིན་པ་དང་དོན་དངོས་ཀྱིས་ཏང་ཡོན་གྱི་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཏང་གི་དྲིན་དྲན་པ། བརྩེ་སེམས་ཆེན་པོ་མཚོན་པའི་གདོང་ལེན་མིག་དཔེའི་སྙིང་སྟོབས་མངོན། ཏང་ཡོན་རྒན་པ་རྣམ་རྒྱལ་ནི་ཏང་ཡོན་མང་པོའི་མིག་དཔེ་ཡིན། ཏང་དང་རྒྱལ་ཁབ་ལ་དགོས་མཁོ་ཡོད་པའི་སྐབས་སུ། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དོན་དངོས་བྱ་སྤྱོད་ཀྱིས་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས། དུ་བ་མེད་པའི་དམག་འཁྲུག་འདིར་རྒྱལ་ཁ་ལེན་ཆེད་བརྩེ་སེམས་དང་སྟོབས་ཤུགས་ཕུལ་ཞིང་། དགེ་སེམས་དང་དྲང་བདེན་གྱི་བྱ་སྤྱོད་ཀྱིས་གུང་ཁྲན་ཏང་ཡོན་ཞིག་གི་བརྩེ་སེམས་ཆེན་པོ་དང་ཁྱིམ་དར་རྒྱལ་སྐྱོང་གི་བསམ་ཚུལ་མངོན་ལ། འགན་འཁྲི་དང་ཁག་འཁུར་མཚོན། དུས་རབས་གསར་པར་མིག་དཔེ་བཙུགས་ཤིང་དྲང་ནུས་ཁྱབ་སྤེལ་བྱས། །

                                                                     རྩོམ་སྒྲིག་པ། གཡང་འབུམ་རྒྱལ།