རྨ་ཆུ་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་མགོ་བསྐྱར་ཚུགས་ཀྱི་བྱ་བ་དམ་འཛིན་བྱས།
2020.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

 མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་བཏུལ་ཐང་དུ། མཚོ་སྔོན་ནས་ཧི་ནན་བར་གྱི་ཆན་ཧྥུའུ་800ཡི་གློག་ཕྱིར་གཏོང་བྱེད་པའི་ལས་གཞིའི་འཛུགས་སྐྲུན་ཡུལ་དངོས་སུ་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་དུ་ལས་བཟོ་པ་རྣམས་ཀྱིས་ཁ་ཐུམ་བརྒྱབ་ནས་རང་རང་གི་ལས་ཀར་བྲེལ་བཞིན་འདུག  ཟླ་3ཚེས་19ཉིན་ཀྲུང་དབྱང་གི་ལས་ཐོན་བསྐྱར་ཚུགས་བྱ་བའི་རྟོག་ཞིབ་ཚན་ཆུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནུས་རྒྱུ་གསར་པའི་ལས་གཞི་བསྐྱར་དུ་མགོ་བརྩམས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།  རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་རང་རྟོགས་ངང་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་རང་འགུལ་ངང་ཁེ་ལས་ཀྱི་འགན་འཁྲི་འཁུར་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་མགོ་བསྐྱར་ཚུགས་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་དམ་འཛིན་ལེགས་པོ་བྱས་པར་ཁས་ལེན་གང་ལེགས་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་བྱས་པས། ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་ཐད་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་སྟེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་འདུག་ཅེས་རྟོག་ཞིབ་ཚན་ཆུང་གི་ཚན་གཙོ་ལུང་གོ་ཆང་གིས་གདེང་འཇོག་གང་ལེགས་བྱས།

གློ་བུར་དུ་བྱུང་བའི་རིམས་ནད་ནི་ལས་རིགས་སོ་སོ་སྔར་འཕྲད་མ་མྱོང་པའི་འགྲན་སློང་ཆེན་པོ་ཐེངས་ཤིག་རེད། འགྲན་སློང་ཆེན་པོའི་མདུན་དུ་རྨ་ཆུ་ཀུང་སིས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དེ་བདེ་འཇགས་ཐོན་སྐྱེད་དོ་དམ་ནང་བཅུག་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་པ། གློག་འདོན་འཕྲུལ་ཆས་འཁོར་སྐྱོད་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱུ་ནོར་གསོག་འབོར་གྱི་བདེ་འཇགས་ཐོན་སྐྱེད་བརྟན་པོ་ཡོང་བར་འགན་སྲུང་བྱས། དུས་ཚིགས་དང་པོར་རྨ་ཆུ་ཀུང་སིས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་122.47ཟིན་པ་དེ་དུས་མཚུངས་ལས་9.26%འཕར་ཡོད། དེའི་ནང་ཆུ་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་80.28ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་14.50%འཕར་བ་དང་། འོད་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་15.05ལེགས་གྲུབ་ཟིན་ནས་དུས་མཚུངས་ལས་5.30%འཕར་བ། རླུང་གློག་གིས་ཆན་ཝ་ཆུ་ཚོད་དུང་ཕྱུར་7.84ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་15.71%འཕར་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་དང་ནུབ་བྱང་གློག་དྲའི་བདེ་འཇགས་ཐད་ནུས་པ་ཆེན་པོ་ཐོན་ཡོད།

རྨ་ཆུ་ཀུང་སིར་འཛུགས་སྐྲུན་ལས་གཞི་མང་པོ་ཡོད་པ་དེ་ཞིང་ཆེན་ནང་ཁུལ་དང་དེ་བཞིན་ཞིང་ཆེན་ཕྱིའི་བཟོ་སྐྲུན་སྡེ་ཁག་མང་པོ་དང་འབྲེལ་བ་ཡོད་པས་ལས་བཟོ་བ་རྣམས་ཇི་ལྟར་གོ་རིམ་ལྡན་པའི་ངང་ལས་མགོ་བསྐྱར་ཚུགས་ཀྱི་བྱ་བར་ཞུགས་རྒྱུ་དང་ལོགས་སུ་བཀར་ནས་ལྟ་རྟོག་བྱེད་རྒྱུ་བཅས་ནི་དཀའ་ཁག་ཆེ་བའི་དོན་དག་ཅིག་རེད།

རྨ་ཆུ་ཀུང་སིས་སྔོན་ལ་ལས་གནས་སུ་ཐོན་པའི་ལས་བཟོ་བ་རྣམས་སྔོན་ལ་ལོགས་བཀར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཁོ་ཚོར་མགྲོན་ཁང་གླས་པ་དང་བཟའ་བཏུང་གི་རིགས་བཀོད་སྒྲིག་བྱས་པར་མ་ཟད། རིམས་ནད་སྔོན་འགོག་སྐོར་གྱི་མཁོ་ཆས་འདོན་སྤྲོད་བྱས་པ་དང་དེ་མིན་ད་དུང་རླངས་འཁོར་གླས་ནས་ཡོང་མཁན་གྱི་ལས་བཟོ་བ་རྣམས་ལ་ལམ་གླ་བྱིན་པ་སོགས་བྱ་བ་སྣ་ཚོགས་གོ་རིམ་ལྡན་པར་བསྒྲུབས་ཏེ་ལས་ཐོན་བསྐྱར་དུ་ཚུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

རྨ་ཆུ་ཀུང་སི་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འོད་ཤུགས་རྟེན་གཞི་དང་རླུང་གློག་དང་དེ་བཞིན་ཆུ་གློག་སོགས་ཀྱི་ལས་གཞི་ཡོད་པ་དང་ལས་བཟོ་བ་མང་པོ་ཞིག་ཀྱང་མཚོ་ལྷོའི་ས་ཁུལ་དུ་ཡོད། རྨ་ཆུ་ཀུང་སི་དང་མཚོ་ལྷོ་ཁུལ་སྲིད་གཞུང་གཉིས་ཀྱིས་ཐུན་མོང་སྒོས་གྲོས་མོལ་བྱས་ཏེ། ཕྱོགས་གཅིག་ནས་ལས་བཟོ་བ་དང་སྒྲིག་ཆས་བཟོ་གྲྭ  སྒྲིག་ཆས་མཁོ་འདོན་སོགས་དང་མཐུན་སྦྱོར་འབྲེལ་གཏུག་བྱེད་པའི་བྱ་བ་ཡག་པོར་བསྒྲུབས་པ་དང་ཕྱོགས་གཞན་ཞིག་ནས་གཅིག་གྱུར་སྒོས་ལོགས་བཀར་བྱེད་སའི་མགྲོན་ཁང་གླས་ནས་ཕྱོགས་སོ་སོའི་ལས་བཟོ་བ་རྣམས་ལོགས་སུ་བཀར་བའི་བྱ་བ་བཟང་བོར་བསྒྲུབས།

རིམས་ནད་ས་ཁུལ་གཙོ་བོ་ནས་ཕྱིར་ལོག་པའི་མི་སྣར་དམིགས་ཏེ་རྨ་ཆུ་ཀུང་སིས་བདེ་ཐང་གནས་ཚུལ་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་པ་དང་ཆ་འཕྲིན་སྙན་སེང་ལས་དོན་ཚོ་ཆུང་བཙུགས་ནས། བཟོ་སྐྲུན་ལས་ཡུལ་20ལྷག་ཙམ་ལ་ཕྱིར་ལོག་མཁན་གྱི་ལས་བཟོ་བ་ཚང་མའི་ལམ་བར་གྱི་འབྲེལ་ཡོད་ཆ་འཕྲིན་བསྡོམས་རྩིས་བྱས་ནས་མི་རེར་རེའུ་མིག་རེ་བཟོས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་གནད་དུ་འཁེལ་བར་བྱས།

ཕྱོགས་གཅིག་ནས་ལས་བཟོ་བ་རྣམས་ལས་གནས་སུ་མ་ཞུགས་གོང་གི་ཆ་འཕྲིན་ཞིབ་བཤེར་དང་ལོགས་བཀར་ཡག་པོ་བྱས་པ་དང་ཕྱོགས་གཞན་ཞིག་ནས་ལས་བཟོ་བ་རྣམས་ལས་ཀར་ཞུགས་རྗེས་སུ་རིམས་ནད་འགོག་སྲུང་བྱ་བ་ཡག་པོར་བསྒྲུབས།

“ང་ཚོའི་ས་གནས་སུ་རིམས་ནད་སྔོན་འགོག་ཞིབ་བཤེར་ས་ཚིགས་གཉིས་བཙུགས་ཡོད།ཡུལ་དངོས་སུ་ཡོང་མཁན་གྱི་མི་དང་རླངས་འཁོར་ཚང་མ་ཞིབ་བཤེར་བརྒྱུད་རྗེས་ད་གཟོད་ཡོང་ཆོག་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་ཁ་ལོ་བ་སོགས་རང་དགར་རླངས་འཁོར་དུ་བབས་མི་ཆོག་པ་དང་། རླངས་འཁོར་སྟེང་གི་དངོས་པོ་རྣམས་སར་ཕོག་རྗེས་སུ་མྱུར་དུ་ཡུལ་དངོས་དང་ཁ་འབྲལ་དགོས། ཞེས་རྨ་ཆུ་ཀུང་སིའི་བཟོ་སྐྲུན་འཛུགས་སྐྲུན་ཡན་ལག་ཀུང་སིའི་ནུས་རྒྱུ་གསར་པའི་འཛུགས་སྐྲུན་པུའུ་ཡི་ལས་འཛིན་པ་ཀྲང་ཧྥུན་ཧྭ་ཡིས་དེ་ལྟར་བཤད།

ཟླ་4ཚེས་2ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཏུལ་ཐང་ཞོལ་མ་རུ་ལས་བཟོ་བ་བཞི་སྟོང་ལྷག་གིས་གོ་རིམ་ལྡན་པའི་སྒོ་ནས་རང་རང་གི་བྱ་བའི་ལས་ལ་བྲེལ་བཞིན་འདུག རྨ་ཆུ་ཀུང་སིའི་མཚོ་ལྷོ་ཁུལ་གྱི་དམིགས་བསལ་མཐོ་གནོན་ཕྱིར་སྐྱེལ་བགྲོད་ལམ་གྱི་མ་ལག་ཚང་བའི་གློག་ཁུངས་ས་ཚིགས་ཀྱི་འོད་ནུས་ལས་གཞི་དེ་ཟླ་2ཚེས་13ཉིན་ལས་མགོ་བསྐྱར་ཚུགས་བྱས་ཚུན། བཏུལ་ཐང་ཞོལ་མའི་ལས་བཟོ་བའི་གྲངས་འབོར་ཀྱང་ཉིན་རེར་བཞིན་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་བཟོ་སྐྲུན་གྱི་མྱུར་ཚད་ཀྱང་སྔོན་དཔག་གི་དམིགས་ཚད་དུ་སླེབས་ཀྱི་ཡོད།

བཟོ་སྐྲུན་ལས་གཞིའ་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ལུའུ་པེའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་རིམས་ནད་ཀྱི་དབང་གིས་བཟོ་སྐྲུན་ལས་ཡུན་ལ་ཤུགས་རྐྱེན་ཐེབས་མོད། ཡིན་ནའང་ང་ཚོ་ཚང་མར་བཟོ་སྐྲུན་གྱི་འཕེལ་རིམ་འགན་ལེན་བྱེད་ཐུབ་པའི་ཡིད་ཆེས་ཡོད་ལ། མི་སྣ་དང་སྒྲིག་ཆས་ཚང་མས་མིག་སྔའི་བཟོ་སྐྲུན་མྱུར་ཚད་ཀྱི་དགོས་མཁོ་སྐོང་ཐུབ་པས། སྔོན་གྱི་གཏན་འཁེལ་འཆར་གཞི་ལྟར་ཟླ་4པའི་ཟླ་དཀྱིལ་དུ་བཟོ་སྐྲུན་འཛུགས་སྐྲུན་ལེགས་འགྲུབ་འབྱུང་ཐུབ་ཟེར།

དེ་དང་ཆབས་ཅིག་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་རྨ་ཆུའི་ཆུ་གློག་ནུས་རྒྱུ་གསར་པའི་ཡན་ལག་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལག་རྩལ་མི་སྣས་རིམས་ནད་འགོག་སྲུང་གྱོན་ཆས་གྱོན་ནས་གློག་ཀླད་ཀྱི་བརྙན་ཤེལ་ལ་བལྟས་ཏེ་ཐོན་སྐྱེད་བཀོད་གཏོང་བྱེད་བཞིན་ཡོད་པ་རེད།

རྒྱལ་ནང་གི་གློག་རྡུལ་རིམ་པའི་ཤེལ་མང་ཀུའེ་ཐོན་སྐྱེད་བྱེད་པའི་ཁེ་ལས་འབའ་ཞིག་ཡིན་པའི་ཆ་ནས་དེའི་ཕྱིར་ཚོང་གིས་རྒྱལ་ནང་ཁྲོམ་རའི་15%ཡས་མས་ཟིན་ཡོད། ང་ཚོས་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་ནས།  ད་ལྟ་གློག་རྡུལ་རིམ་པའི་ཐོན་རྫས་ཀྱི་ཐོན་ནུས་དེ་འདས་ཟིན་པའི་80%ཡས་མས་ནས་95%ཡན་བར་མཐོ་རུ་བཏང་ཡོད། ད་ལོའི་ལོ་མཇུག་ཏུ་རྒྱལ་ནང་གི་དབྱིན་ཚུན་12ཀྱི་གློག་འདྲེན་ཕྱེད་རྫས་ཀྱི་རྒྱུ་ཆའི་ཚད་ལེན་ཚོད་ལྟའི་དམིགས་ཚད་དུ་བསླེབ་དགོས་ཞེས་རྨ་ཆུ་ཀུང་སི་ནུས་རྒྱུ་གསར་པ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཞུའུ་ཀའོ་མེན་གྱིས་བཤད།

ནུས་རྒྱུ་གསར་པའི་ཡན་ལག་ཀུང་སིའི་འགྲན་སློང་གོ་སྐབས་སུ་བྱས་ནས་ཁྲོམ་རའི་དགོས་མཁོར་དམིགས་ཏེ་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བའི་རྨང་གཞིའི་ཐོག གློག་རྡུལ་རིམ་པའི་ཤེལ་མང་ཀུའེ་ཡི་ཁྲོམ་ར་དེ་ནུས་ཤུགས་ཡོད་རྒུས་གསར་འབྱེད་བྱེད་དགོས།  ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་གྱི་བར་དུ་རྨ་ཆུ་ཀུང་སིས་རྨ་ཆུའི་ཆུ་གློག་གི་ཤེལ་མང་ཀུའེ་ཡི་བྲིན་ཚོང་ཚད་བརྒལ་ལེགས་གྲུབ་བྱུང་ནས་དུས་ཚིགས་དང་པོར་ཕྱིར་ཚོང་བྱས་ཚད་ན་ནིང་གི་དུས་མཚུངས་ལས་113%འཕར་ཡོད།

ཚ་རྔ་འགག་ཆུ་གློག་ས་ཚིགས་སུ་ཐོན་སྐྱེད་བྱ་བ་བྲེལ་བ་ཆེ་ལ་གོ་རིམ་ལྡན་པར་སྤེལ་བཞིན་ཡོད་པ་རེད།

དཀའ་ངལ་ཇི་འདྲ་ཆེ་ན་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དེ་བས་ནན་དུ་བཏང་ནས་ཚ་རྔ་འགག་ཆུ་གློག་ས་ཚུགས་ཀྱིས་ལས་མགོ་བསྐྱར་ཚུགས་ཀྱི་བདེ་འཇགས་དང་ཉེན་ཁར་ནུས་ཤུགས་ཡོད་རྒུས་དོ་དམ་ཚོད་འཛིན་བྱས་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་མེད་པར་བཟོས་ནས་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱས།

ས་ཚིགས་ཀྱི་མི་སྣ་ཡོངས་ཀྱི་འཕྲོད་བསྟེན་འགོག་སྲུང་བྱ་ཐབས་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཐེངས་འདིའི་ཚ་རྔ་འགག་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་གསུམ་པའི་Bརིམ་པའི་ཞིབ་བཤེར་བཟོ་བཅོས་དང་འཕྲུལ་ཚན་གཞན་དག་གི་Cརིམ་པའི་ཞིབ་བཤེར་བཟོ་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་།  རིམས་ནད་ཀྱི་ཤུགས་རྐྱེན་དང་ཞིབ་བཤེར་བཟོ་བཅོས་ལས་གཞིའི་གནས་མང་ལ་ཁྱབ་རྒྱ་ཆེ་བ་དང་ལས་འགན་ལྕི་བ་སོགས་ཀྱི་དཀའ་ངལ་འཕྲད་སྐབས། གློག་ཤུགས་ཞིབ་བཤེར་བཟོ་བཅོས་ཀུང་སིའི་ཚ་རྔ་འགག་ལས་གཞི་པུའུ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོག་མཐའ་བར་གསུམ་དུ་ མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། དུས་ཚོད་གཏན་འཁེལ་ནང་སྔར་ཡོད་ཀྱི་ཚད་ལྡན་ཞིབ་བཤེར་བཟོ་བཅོས་ལས་གཞི་ལེགས་གྲུབ་བྱས།

ང་ཚོས་ས་གནས་དེ་གའི་སྲིད་གཞུང་དང་ཀུང་སིའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།  རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་བསྐྱར་གསོ། བདེ་འཇགས་ཐོན་སྐྱེད་འགན་ལེན་བཅས་ཀྱི་ཇུས་གཞི་བཟོས་ནས་ཕྱི་ནས་ཡོང་བའི་མི་སྣ་རྣམས་ལས་ཀར་ཞུགས་རྒྱུར་ཚོད་འཛིན་ནན་མོ་བྱས་ཏེ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་འགན་ལེན་བྱས་ཡོད། ཇུས་མང་མཉམ་སྤྱོད་དང་མཉམ་འགོག་མཉམ་བཅོས་བྱས་པ་བརྒྱུད་ཚ་རྔ་འགག་གློག་གཏོང་ཡན་ལག་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སུ་གློག་ཁང་གི་བདེ་འཇགས་ཐོན་སྐྱེད་བྱ་བ་ཁག་འགན་ལེན་བྱས་ཡོད། ཟླ་3ཚེས་19ཉིན་བར་ཚྭ་རྔ་འགག་ཆུ་གློག་ས་ཚིགས་ཀྱིས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་12.14ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་22.6%འཕར་ཡོད། ཅེས་ཚ་རྔ་འགག་གློག་གཏོང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་དབྱང་ཞའེ་ལིས་ཀྱིས་བཤད།

                                                                                            ལོ་ཙཱ་བ། གཡང་འབུམ་རྒྱལ།