ཆི་ལིན་རྫོང་གིས་འཇོན་མིའི་ཞབས་ཞུའི་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་ཚུགས་པར་ཁག་ཐེག་བྱས།
2020.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཆི་ལིན་རྫོང་གིས“རིམས་ནད་ལ་ཁ་གཏོད་པ”དང་“ལས་ཐོན་བསྐྱར་ཚུགས”གཉིས་ཀྱི་བྱ་བ་བཟང་པོར་སྒྲུབ་སྟེ། འཇོན་མིའི་རང་རྟོག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་ཚུགས་པར་བློ་གྲོས་གཅིག་བསྡུས་དང་སྟོབས་ཤུགས་འབུལ་ཆེད། འཇོན་མིའི་བློ་སྟོབས་ཀྱི་རྒྱབ་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ནས། བྱ་སྤྱོད་དངོས་ལས་དུས་རབས་གསར་བའི་འཇོན་མིའི་རྒྱལ་གཅེས་ཀྱི་བརྩེ་བ་དང་འགན་འཁྲི་མངོན་པར་བྱས།

“འཇོན་མི་དང་སྨན་བཅོས་ཞབས་ཞུ”ཡིས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་བྱེད་སྐབས་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འགག་སྒོ་དང་པོ་སྲུང་སྟེ། རིམས་ནད་འགོག་རྒོལ་དམག་འཐབ་ཀྱི“གཙོ་ཤུགས་དམག”སྟེ་འཕྲོད་བསྟེན་སྨན་བཅོས་འཇོན་མི་རྣམས“རིམས་ནད”འཐབ་ཁུལ་ནས་ཕྱིར་ཐོན་ཏེ། ཡང་བསྐྱར་བཟོ་གྲྭ་དང་ཁེ་ལས་སུ་བསྐྱོད་པ་དང་། “རྫོང་དང་། ཞང་། སྡེ་བ”རིམ་པ་གསུམ་གྱི་ལེགས་སྒྲིག་རང་བཞིན་ལྡན་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ལ་གཞི་བཅོལ་ནས། སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཁུལ་གྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། གོང་འོག་མཉམ་འབྲེལ་གྱིས་ནད་བརྟག་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་དོ་དམ་གྱི“དྲ་བ་གཅིག”ཇེ་བརྟན་དུ་བཏང་བ་དང་། སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཁུལ་གྱི་དབྱེ་བ་ལྟར། འཕྲོད་བསྟེན་ལྟ་རྟོག་དོ་དམ་སྡེ་ཁག་དང་། རྫོང་རིམ་པའི་སྨན་ཁང་། ཞང་དང་གྲོང་བརྡལ་འཕྲོད་བསྟེན་ཁང་བདུན་གྱི་ཆེད་ལས་ལག་རྩལ་འཇོན་མི་བརྒྱ་ལྷག་གིས་གྲུབ་པའི་སྔོན་འགོག་ཚོད་འཛིན་ཡན་ལག་རུ་ཁག་དགུ་ཡིས་ཆུ་གློག་མ་རྐང་ཚད་ཡོད་ཀུང་ཟིའི་ཆི་ལིན་ཡན་ལག་ཀུང་ཟི་དང་། མཚོ་སྔོན་རྨ་ཆུའི་འབྲིང་གྲས་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟི། མཚོ་སྔོན་ནུབ་མཚོ་རྡོ་སོལ་དང་གློག་ཚད་ཡོད་འགན་འཁྲི་ཀུང་ཟིའི་མུ་རི་གཏེར་ཁུལ་གསུམ། མདའ་བཞི་ཁྲུང་ཁི་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་བཅོ་ལྔ་རུ་ཁེ་ལས་ཀྱིས་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པར་མཛུབ་སྟོན་བྱས་པ་དང་། ལས་ཀར་ཞུགས་པའི་མི་སྣའི་བདེ་ཐང་ལ་ཞིབ་བཤེར་དང་ལྟ་ཞིབ་བྱས་ཤིང་། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་གསོ་སྦྱོང་བྱ་བ་སྤེལ་ནས། དུས་ཚོད་ཐུང་ངུའི་ནང་ཁེ་ལས་ཀྱིས་ལས་ཐོན་བསྐྱར་ཚུགས་བྱེད་ཐུབ་པར་སྐུལ་འདེད་བྱས།

“འཇོན་མི་དང་ཞིང་ལས་ལག་རྩལ་ཞབས་ཞུ”ཡིས་རིམས་ནད་འགོག་སྲུང་ཚོད་འཛིན་དང་འཕེལ་རྒྱས་ཀྱི་ཡོང་སྒོ་གཉིས་དམ་འཛིན་པའི་བྱ་བ་བཟང་པོར་སྒྲུབ། ཞིབ་ཚགས་ཅན་གྱི་ཐོན་ལས་བསྐྱར་ཚུགས་ཀྱི“སྒོ་ཁར་ཡོང་ནས་ཞབས་ཞུ”སྒྲུབ་པའི་བྱ་བ་སྤེལ་ནས། ཕྱོགས་སོ་སོའི་ཐོན་ཁུངས་ཀྱིས་གཞི་རིམ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་། ཞིང་ལས་དང་འབྲེལ་བའི་སྡེ་ཁག་དང་ལས་ཁུངས་སོ་སོ་ནས་ཆེད་ལས་ལག་རྩལ་མི་སྣ་ལྔ་བདམས་ནས་ཡུལ་དངོས་སུ་སོང་སྟེ་ལག་རྩལ་དངོས་བརྒྱུད་སྒྲོག་བྱས་ཏེ། དུས་ལྟར་ཞིང་བར་ཕན་པ་དང་ཞིང་བ་སྟོབས་ལྡན་གཏོང་བའི་སྲིད་ཇུས་དངོས་འབེབ་བྱས་པ་དང་། རྫོང་ཡོངས་ཀྱི་དམངས་ཁྲོད་ཕྱུགས་ཟོག་སྨན་པ་བརྒྱ་དང་གྱ་དྲུག་རྩ་འཛུགས་བྱས་ནས་ཕྱུགས་དང་བྱ་རིགས་ཀྱི་ནད་སྔོན་འགོག་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་བར་མ་ཟད། གསོག་འཇོག་བྱེད་པའི་གཟན་རྩྭ་ཉོ་བ་དང་། དཔྱིད་ཀར་རྩེབས་པའི་ལུ་གུར་བདག་སྐྱོང་བྱེད་པ། དཔྱིད་ཀའི་རྨོ་འདེབས་ལ་གྲ་སྒྲིག་བྱེད་པ། ཕྱུགས་ལས་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི“རྩ་འཛུགས་མཁན”དང་།“ཞབས་ཞུ”བྱ་བ་བཟང་པོར་སྒྲུབ། དུས་ཚོད་དང་པོའི་ནང་འདེབས་འཛུགས་གསོ་སྤེལ་ཁྱིམ་ཆེན་དང་། མཉམ་ལས་ཁང་། ཁེ་ལས་སོགས་ཀྱི་ཕྱིར་འཚོང་བྱེད་མཁན་ལ་འབྲེལ་འདྲིས་བྱེད་པར་རོགས་རམ་བྱས་ནས། ཚོང་རའི་ཆ་འཕྲིན་ལ་རྒྱུས་ལོན་ཞིབ་མོ་བྱེད་པ་དང་། འཁོར་རྒྱུག་གི་གནས་ཚུལ་ཁོང་དུ་ཆུད་པ། ཕྱིར་ཚོང་ཐབས་ལམ་རྒྱ་བསྐྱེད་པ། ལས་ཐོན་བསྐྱར་ཚུགས་ཀྱི་མྱུར་ལམ་བསྐྲུན་ཏེ། སྡེ་བ་རིམ་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཉིས་བརྒྱ་ལྷག་ཐག་གཅོད་བྱེད་པར་མཛུབ་སྟོན་བྱས།

“འཇོན་མི་དང་ལས་ཞུགས་ཞབས་ཞུ”ཡིས་ལས་ཀ་བསྐྱར་ཚུགས་ཀྱི་ལས་ཞུགས་མྱུར་ལམ་བསྐྲུན་པར་རོགས་རམ་བྱས། “རིམས་ནད་ལ་འཐབ་རྩོད་བྱེད་པར”ལྷོད་གཡེང་མི་བྱེད་པ་དང་། ཞབས་ཞུ་མཚམས་མི་འཇོག ཆི་ལིན་རྫོང་ལས་ཞུགས་སྡེ་ཁག་གིས“དྲ་ཐོག”ནས་ལས་ཞུགས་བྱེད་པའི་ཞབས་ཞུ་སྒྲུབ་སྟེ། མི་བཅོ་ལྔས་གྲུབ་པའི“སྤྱི་ཚོགས་བྱ་བའི་འཇོན་མིའི་ཞབས་ཞུ་རུ་ཁག”གིས“དྲ་ཐོག་དང་ཡུལ་དངོས”གཉིས་ནས“ཁེ་ལས་ཀྱིས་ལས་བཟོ་པ་དང་ཕྱིར་ལས་རྐང་དུ་ལོག་པའི་དགོས་མཁོ”གཉིས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་སྐུལ་འདེད་བཏང་ནས། “ཁ་གཏད”དང་“གནད་ལ་འཁེལ་བའི”སྒོ་ནས་ཁེ་ལས་དང་། ལས་ཁུངས། ལས་གཞིས་མི་བཀོལ་བའི་དགོས་མཁོ་ལ་ལྟ་རྟོག་ནན་མོ་བྱས་ཏེ། ལས་ཀ་བསྐྱར་ཚུགས་བྱས་པའི་ཁེ་ལས་དང་ལས་གནས་སྟེང་ཕྱིར་ལོག་པའི་མི་སྣར་ལྟ་ཞིབ་ཚད་ལེན་བྱས་པ་དང་། “དྲ་ཐོག”ནས་ལས་མི་བསྡུ་བར་རྩ་འཛུགས་བྱས་ནས་དྲ་ཐོག་ནས“རང་འདེམ་ཚོང་ཁང་”ཕྱེ་རུ་བཅུག དྲ་ཐོག་ནས་ཁེ་ལས་ཉེར་བདུན་གྱིས་ཐེངས་ལྔ་ལ་ལས་མི་བསྡུས་པ་དང་། ཁེ་ལས་ཀྱིས་ཆ་འཕྲིན་བརྒྱ་དང་ལྔ་ཁྱབ་སྒྲོག་བྱས་ཤིང་། ལས་བཟོ་བ་དཀོན་པའི་ལས་གནས་སུམ་བརྒྱ་དང་ལྔ་བཅུ་ཡོད་པ་རེད། མཐུན་སྦྱོར་རྩ་འཛུགས་བྱས་པའི་མི་ལྔ་བརྒྱ་དང་ཉེར་དགུ་སྔ་གཞུག་ཏུ་ལས་གནས་སྟེང་ལོག་ནས་ལས་ཀ་འགོ་བརྩམས། ཆི་ལིན་རྫོང་གིས་ཁྱད་ལྡན་ཐོན་ལས་ཀྱི་ཁྱད་སྟོབས་ལ་གཞི་བཅོལ་ནས། ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱ་དང་བཞི་བཅུ་གསར་སྤེལ་བྱས་པས། “སྒོ་ཁ”ནས་ལས་ཞུགས་བྱེད་ཐུབ་པ་མངོན་འགྱུར་བྱུང་། “རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ”དང་“དཔྱིད་རླུང་འགུལ་སྐྱོད”མཉམ་འཛིན་བྱེད་པའི་བྱ་བ་བཟང་པོར་སྒྲུབ་སྟེ། ལས་ཞུགས་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་སྤེལ་བ། རོགས་སྐྱོར་སྲིད་ཇུས་གསུམ་གྱི་བྱེད་ཐབས་དངོས་འབེབ་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་གསར་སྐྲུན་གྱི“སེམས་ཁྲལ”མེད་པར་བཏང་། མང་ཚོགས་ཀྱི་ལས་ཞུགས་གསར་སྐྲུན་གྱི་དགོས་མཁོ་ལ་དམིགས་ནས། “དྲ་ཐོག་དང་ཡུལ་དངོས”ནས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་བ་སྤེལ་ཏེ། ལས་ཐོན་བསྐྱར་ཚུགས་བྱེད་པར་མི་ཤུགས་ཐོན་ཁུངས་ཀྱི་སྟོབས་ལྡན་འགན་སྲུང་གྲ་སྒྲིག་བྱས།

“འཇོན་མི་དང་ལས་གཞི་ཞབས་ཞུ”ལ་ལས་ཐོན་བསྐྱར་ཚུགས་ལས་གཞིའི་འཛུགས་སྐྲུན་དུས་ལྟར་སྤེལ་ཐུབ་པར་བྱས། ཁྱོན་ཡོངས་ནས་ལས་གཞིའི་འཛུགས་སྐྲུན་གྱི“མྱུར་ཚད་ཇེ་མགྱོགས”སུ་གཏོང་བའི་བྱ་བ་སྤེལ་ནས། ཆི་ལིན་རྫོང་གི་དཔེ་མཛོད་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞི་དང་། པ་པོ་གྲོང་བརྡལ་གྱི“འཕུར་བསྐྱོད་གྲོང་བརྡལ་ཆུང་བའི”ལས་གཞི། ཞིང་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ར་བའི་ཁེ་ལས་ཆུང་བའི་གསར་སྐྲུན་རྟེན་གཞི་སོགས་ལས་གཞི་གཙོ་བོའི་ལས་ཐོན་བསྐྱར་ཚུགས་ཀྱི་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་བཟང་པོར་སྒྲུབ། 《དངུལ་གཏོང་ལས་གཞིའི་དྲ་ཐོག་གི་ཞིབ་བཤེར་ཆོག་མཆན་ལྟ་ཞིབ་དོ་དམ་སྟེགས་བུའི་དོ་དམ་བྱེད་ཐབས》དང་། དྲ་ཐོག་ཞིབ་བཤེར་ཆོག་མཆན་གྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། གཞི་གྲངས་དོ་དམ། བཀོལ་སྤྱོད་ཕྱོགས་སྟོན། ཞིབ་བཤེར་ཆོག་མཆན་མ་བྱས་པ་ལ་ཡང་བསྐྱར་ཆོག་མཆན་འགོད་པ་སོགས་ཀྱི་ལམ་ལུགས་ལྟར། “ཁྱིམ་ཚང་ལ་དོ་དམ་བྱེད་པའི་རྣམ་པ”དང་། “དྲ་ཐོག”ནས་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བའི་བྱེད་ཐབས་འདོན་སྤྲོད་བྱས་ཤིང་། ཞིབ་བཤེར་ཆོག་མཆན་སྡེ་ཁག་གིས་ལས་རིགས་རྐང་འཛིན་པ་དང་ཆེད་ལས་ལག་རྩལ་མི་སྣ་བཅུ་གཉིས་སྐོང་འཐེན་བྱས་ནས་གྲུབ་པའི་བྱ་བའི་ཆེད་སྦྱོང་འཛིན་གྲྭ་སྒྲུབ་པ་དང་། རྫོང་ཡོངས་ནས“འཁྱགས་གཏོར་ཞིབ་མཆན་འགོད་པའི”བཟོ་སྐྲུན་ལ་མ་དངུལ་གཏོང་བ་དང་དངུལ་གཏོང་ལས་གཞིར་དྲ་ཐོག་ནས་ཞིབ་མཆན་འགོད་པའི་ལྟ་ཞིབ་དོ་དམ་སྟེགས་བུ་བཀོལ་སྤྱོད་བྱེད་པའི་བྱ་བ་སྤེལ་བ་དང་། མིག་སྔའི་བར་དུ་དྲ་ཐོག་ནས་ལས་གཞི་གསུམ་ལ་ཞིབ་བཤེར་ཆོག་མཆན་བཀོད།

“འཇོན་མི་དང་སློབ་སྐྱོང་ཞབས་ཞུ”ཡིས་སློབ་འགོ་ཚུགས་པའི་བདེ་འཇགས་འགོག་སྲུང་ཇེ་བརྟན་དུ་བཏང་། ཚད་གཞི་མཐོ་བ་དང་། རེ་བ་ནན་མོའི་རིམས་ནད་འགོག་སྲུང་ཚོད་འཛིན་སྐབས་ཀྱི་སློབ་འགོ་བསྐྱར་ཚུགས་ཀྱི་བྱ་བ་ནན་ཏན་གྱིས་སྒྲུབ་སྟེ། བྱ་བའི་འགན་འཁྲི་ནན་ཏན་བྱེད་པ་དང་། བྱ་བའི་སྔོན་ཇུས་འཐུས་ཚང་དུ་གཏོང་བ། ནང་སྦྱོང་བྱས་ནས“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”བཟང་པོར་ཁྲིད་དགོས། ཁག་བགོས་ནས་སློབ་འགོ་རྩོམ་པའི་བྱ་བའི་རེ་བ་ལྟར་དུ། ཉེན་རྟོག་པ་དང་སློབ་གྲྭ་སོ་སོའི་རྐང་འཛིན་དགེ་རྒན་སུམ་ཅུ་སྐོང་འཐེན་བྱས་ནས“སློབ་མར་སྲུང་སྐྱོབ”བྱས་པ་དང་། སློབ་རའི་མཐའ་འཁོར་དང་ཁྱད་པར་དུ་སློབ་མ་སློབ་གྲྭར་འགྲོ་བ་དང་། སློབ་གྲྭ་གྲོལ་བའི་ལམ་ཁའི་བདེ་འཇགས་འགོག་སྲུང་ཚོད་འཛིན་ནུས་པ་དང་འགྲིམ་འགྲུལ་ལམ་སྟོན་བྱེད་པར་ཤུགས་བསྣན་ནས། སློབ་རའི་མཐའ་འཁོར་གྱི་བདེ་འཇགས་སྲུང་བ་དང་། འགྲིམ་འགྲུལ་སྒྲིག་ལམ་གོ་རིམ་ལྡན་པར་སྲུང་སྐྱོབ་བྱས། སློབ་མའི་སློབ་འགོ་ཚུགས་པའི་རྗེས་ཀྱི་སེམས་ཚེགས་དང་། འཇིགས་སྣང་། མི་འཚམ་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྨན་ཁང་གིས་དུས་གཏན་འཁེལ་གྱི་སྒོ་ནས་ཆེད་ལས་སྨན་བཅོས་མི་སྣ་མངགས་ནས“སེམས་ཁམས་ལ་ཁྲིད་སྟོན”བྱེད་དུ་བཅུག་པ་དང་། ལོ་ཆེ་ཆུང་མི་འདྲ་བ་དང་ལོ་ཆུང་དར་མའི་ནར་སོན་གྱི་ཆོས་ཉིད་གཞིར་བཟུང་ནས་སློབ་མའི་སེམས་ཁམས་བདེ་ཐང་གི་རྐྱེན་སྲོལ་ཞིག་བཙུགས་ཏེ། དུས་གཏན་འཁེལ་གྱི་སྒོ་ནས་སེམས་ཁམས་སློབ་ཁྲིད་བྱེད་པ་དང་། སེམས་ཁམས་ཁྲིད་སྟོན་གྱི་འགུལ་སྐྱོད་སྤེལ་ནས་ཁ་པར་ལས་བློ་འདྲི་བྱེད་པ་དང་། དྲ་རྒྱའི་སྟེང་སེམས་གཏམ་བརྗོད་པའི་སྟེགས་བུ་ཞིག་བསྐྲུན།

                                                                                                                            ལོ་ཙཱ། ཚེ་རིང་སྒྲོལ་མ།