གུང་ཧོ་རྫོང་གསེར་ཆབ་བོད་མིའི་ཁྲོམ་དུ་འདུ་འཛིའི་ཡོ་ལང་རྒྱས།
2020.04.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 94

རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོའི་བྱ་བ་དམ་འཛིན་བྱ་ཆེད།མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་དང་།རིམས་ནད་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་པའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དོན་འཁྱོལ་བྱས་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བཏང་སྟེ།གོ་རིམ་ཡོད་པའི་སྒོ་ནས་ལས་ཐོན་སླར་གསོའི་བྱ་བ་ཧུར་ཐག་སྒོས་སྤེལ།

མཚོ་ལྷོ་ཁུལ་གྱིས་ཀྱང་གོང་རིམ་གྱི་དགོངས་དོན་ལྟར།རིམས་ནད་སྐབས་ཀྱི་ལས་ཐོན་སླར་གསོའི་བྱ་བ་ཧུར་ཐག་གིས་སྤེལ་བཞིན་ཡོད་ལ།མིག་སྔར།ཁེ་ལས་དང་ཚོང་ལས། ཞིང་ཕྱུགས་ལས། འཛུགས་སྐྲུན་སོགས་ཀྱི་བྱ་བ་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་བཞིན་པའི་སྒང་ཡིན་ལ།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ཡང་རིམ་བཞིན་སླར་གསོ་འབྱུང་བཞིན་ཡོད།ང་ཚོ་གུང་ཧོ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་ཁུར་མི་སྣའི་འགྲོ་རོགས་འོགགུང་ཧོ་རྫོང་གསེར་ཆབ་བོད་མིའི་ཁྲོམ་དུ་བསྐྱོད་པ་དང་།གུང་ཧོ་རྫོང་གི་སྲང་ལམ་གྱི་འདུ་འཛི་དང་ཕར་འགྲོ་ཚུར་འོང་བྱེད་པའི་མི་ཚོགས་ཀྱིས་ས་འདིའི་ལས་ཐོན་སླར་གསོ་ཡོངས་སུ་བྱས་ཡིད་པ་ངང་གིསཤེས་ཐུབ།གསེར་ཆབ་བོད་མིའི་ཁྲོམ་ནི2018ལོའི་ཟླ་བཞི་བའི་ནང་བཙུགས་པ་ཡིན་ལ།མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས་འཛུགས་སྐྲུན་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ར་ཆེན་པོ་ཞིག་རེད།

གསེར་ཆབ་བོད་མིའི་ཁྲོམ་གྱི་ཚོགས་གཙོ་བཙུན་ཐར་རྒྱལ་གྱིས་ཚོང་ར་སྤྱིའི་གནས་ཚུལ་བཤད་བཞིན་པ།

2019ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་གསེར་ཆབ་བོད་མིའི་ཁྲོམ་དངོས་སུ་མཛད་སྒོ་ཕྱེས། དེའི་ནང་ཁྱིམ་ཚང་བརྒྱད་ཅུ་ལྷག་ཡོད། ཚོང་ལས་གཉེར་མཁན་བརྒྱ་ཆའི་གོ་དགུ་བོད་རིགས་རྐྱང་བ་རེད། ཚོང་གི་རྒྱུ་སྤུས་ཐད་ནས་བཤད་ན་རྒྱལ་ཁབ་ཕྱི་ནང་གི་ཚོང་རྫས་ནང་འདྲེན་བྱེད་བཞིན་ཡོད་པ་མ་ཟད། ཚོང་རྫས་ཡོད་ཚད་རྟགས་ཅན་ཡིན་ལ་རྒྱ་གར་གྱི་ཐེར་མ་སོགས་བལ་དག་མའི་སྐོར་དང་བལ་ཡུལ་གྱི་མཆོད་ཆས་སྐོར་ནང་འདྲེན་བྱས་ཡོད། དེ་ལས་གཞན་བོད་ལྭ་དང་མཆོད་རྫས་སྐོར་གྱི་གདུགས་དང་རྒྱལ་མཚན་སོགས་ས་གནས་ཀྱི་བཟོ་གྲྭ་རུ་ལས་བཞིན་ཡོད་པ་དང་། ཚོང་རྫས་ཉོ་མཁན་དག་གི་འདོད་བློ་ལྟར་མངག་ཉོ་བྱས་ཆོག བོད་ལྭའི་སྐོར་གྱི་ཕྲུག་མཐེབ་རྒྱ་རྟགས་ཅན་དང་ཨ་མའི་ལོ་ལོ་རྟགས་ཅན། གངས་ལྷ་མེ་ཏོག་རྟགས་ཅན་སོགས་རྟགས་མང་པོ་ཡོད་ལ། དེ་དག་གི་ཚོང་རྫས་ཀྱང་རྒྱལ་ཁབ་ཕྱི་ནང་ཀུན་དུ་ནང་འདྲེན་དང་ཕྱིར་འཚོང་བྱེད་བཞིན་ཡོད། 2020ལོར། ནད་ཡམས་ཀྱི་དབང་གིས་ང་ཚོའི་ཚོང་རྫས་སྐོར་ཞིག་ནང་འདྲེན་བྱེད་པར་དཀའ་ཁག་ཆེན་པོ་ཡོད་ལ། ཟླ་གཉིས་གསུམ་གྱི་ནང་དུ་ཚོང་རྫས་ནང་འདྲེན་བྱེད་ཐུབ་མེད། ད་ལྟ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག ཚོང་བ་བརྒྱ་ཆའི་བརྒྱ་ཡིས་ཡང་བསྐྱར་ཚོང་སྒོ་ཕྱེས་སྟེ་བདེ་འཇགས་སྒོས་ཚོང་ལས་གཉེར་བཞིན་ཡོད།

གསེར་ཆབ་བོད་མའི་ཁྲོམ་གྱི་སྦྱིན་བདག་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་ཁྱད་ཆོས་རྒྱུད་འཛིན་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པའི་འདུ་ཤེས་སྲུང་འཛིན་བྱས་ཏེ།མི་རིགས་ཀྱི་སྣ་མང་རིག་གནས་དང་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པ་དང་།སྲོལ་རྒྱུན་གྱི་མི་རིགས་ཐོན་རྫས་གྲགས་ཅན་ཧུར་ཐག་གིས་སྐྲུན་བཞིན་ཡོད།པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོགཚོང་རའི་སྒོ་དུས་ལྟར་ཕྱེ་མ་ཐུབ་པས་ཚོང་བ་རྣམས་དང་འཛད་སྤྱོད་པ་གང་ལའང་གནོད་པ་ཅུང་ཙམ་ཐེབས་ཡོད།འོན་ཀྱང་།ལས་ཐོན་སླར་གསོ་བྱས་རྗེས་ཚོང་རའི་སྒོ་ཡང་བསྐྱར་ཕྱེ་བ་དང་འཛད་སྤྱོད་པ་རྣམས་ཀྱང་ཚོང་རར་བསྐྱོད་དེ་ཚོང་རྒྱག་པ་སོགས་འདུ་འཛིའི་ཡོ་ལང་རྣམ་པར་རྒྱས།ཚོང་རའི་ནང་དུ་གསེར་དངུལ་གཡུ་བྱུར་དང་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས།བོད་ལྭ།མཆོད་ཆ་སོགས་བོད་རིགས་མང་ཚོགས་ལ་དགོས་མཁོ་ཆེ་ཞིང་རྒྱུ་སྤུས་བཟང་བ་དག་བཙོང་བཞིན་ཡོད།

གསེར་ཆབ་བོད་མིའི་ཁྲོམ་དུ་ཡོད་པའི་ཨ་མའི་ལོ་ལོ་རྟགས་ཅན་གྱི་བྱིས་པའི་གྱོན་ཆས་ཚོང་ཁང་གི་སྦྱིན་བདག་སྙིང་འབུམ་རྒྱལ་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ང་ནི་གསེར་ཆབ་བོད་མིའི་ཁྲོམ་གྱི་ཚོང་གཉེར་བ་ཞིག་ཡིན། ཚོང་ལས་གཙོ་བོ་བྱིས་པའི་ལྭ་བའི་ཚོང་རྟགས་ཐོག་མ་ཨ་མའི་ལོ་ལོ་ཞེས་པ་དེ་ཡིན། 2019ལོར་ཚོང་ལས་ཐད་ནས་ཧ་ཅང་བཟང་། ང་རང་ཉིད་ཀྱི་ཚོང་ལ་མཚོན་ནས་བཤད་ན་ས་གནས་དང་ནང་ལོག་གི་ཞིང་ཆེན་གཞན་པ། ཕྱི་རྒྱལ་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད། ད་ལོ་ལྟ་བུར་མཚོན་ན། རིམས་ནད་ཀྱི་དབང་གིས་ཟླ་གཉིས་ཀྱི་རིང་ལ་ཚོང་ར་དུས་ལྟར་སྒོ་འབྱེད་མ་ཐུབ། ད་ལྟ་ས་གནས་སྲིད་གཞུང་གི་རྒྱབ་སྐྱོབ་འོག ཚོང་ར་སླར་གསོ་བྱས་ཏེ་ཚོང་རྫས་ཕྱིར་འཚོང་སོགས་ཀྱི་ཐད་ཉིན་རེ་བཞིན་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

གསེར་ཆབ་བོད་མིའི་ཁྲོམ་གྱི་སྦྱིན་བདག་གཙོ་བོ་ཚེ་རིང་ཐར་གྱི་འདོད་བློ་ལྟར།ཚོང་བ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚོང་རྫས་དག་མ་ཡིན་པ་རྩ་དོན་དུ་བཟུང་བས།ཁྲོམ་རའི་ནང་གི་ཚོང་རྫས་ཡོད་ཚད་རྒྱུ་སྤུས་བཟང་ལ།རྒྱ་ཆེའི་འཛད་སྤྱོད་པ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་པ་དང་།མཚོ་ལྷོ་ས་ཁུལ་དུ་ཡང་མིང་གྲགས་ཆེན་པོ་ཡོད་པས་དཔལ་འབྱོར་ཕན་འབྲས་དང་ཚོང་རའི་ཕན་འབྲས་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད།

ཚོང་རའི་ནང་དུ་བོད་ལུགས་ཁྱིམ་ཆས་གཉེར་བཞིན་པའི་བྱམས་པ་ཡིས་ཚོང་གི་གནས་ཚུལ་བཤད་བཞིན་པ།

བྱམས་པ། བོད་མི་རིགས་སྲོལ་རྒྱུན་གྱི་ཁྱིམ་ཆས་འདི་གཉེར་ནས་ལོ་དྲུག་ནས་བདུན་ཙམ་འགོར་བྱུང་།

གསར་འགོད་པ། ཁྱེད་ཀྱི་ཁྱིམ་ཆས་འདི་དག་རང་གིས་ལས་བཞིན་ཡོད་དམ་ཡང་ན་ས་གཞན་ནས་ནང་འདྲེན་བྱེད་བཞིན་ཡོད།

བྱམས་པ། རང་ས་གནས་ཀྱི་ཞིང་ལས་དང་ཕྱུགས་ལས། ཐོག་ཁང་སོགས་མི་རང་རང་གི་འདོད་བློ་ལྟར་མངག་ཉོ་བྱས་རྗེས། ཁྲིན་ཏུའུ་གྲོང་ཁྱེར་ནས་ལས་སྣོན་བྱས་ཏེ་ཡར་བསྐུར་བཞིན་ཡོད།

གསར་འགོད་པ། ད་ལོར་མཚོན་ན། རིམས་ནད་ཀྱི་དབང་གིས་རྒྱལ་ཡོངས་དང་ས་གནས་སོ་སོ་རུ་ཚོང་ཁང་དུས་ལྟར་སྒོ་འབྱེད་མ་ཐུབ་པས། ཁྱོད་རང་ཉིད་ཀྱི་ཚོང་རྫས་ལ་ཤུགས་རྐྱེན་ཐེབས་ཚད་ཇི་འདྲ་རེད།

བྱམས་པ། རིམས་ནད་ཀྱི་དབང་གིས་ད་ལོར་མཚོན་ན་ཅུང་ཙམ་ཞན། ཟླ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལ་སྒོ་མ་ཕྱེས་པ་དང་། ན་ནིང་དང་བསྡུར་ན་བར་ཁྱད་ཆེན་པོ་ཡོད། ད་སྐབས་མཚོན་ན་ཚོང་ཡང་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ་གནས་བབ་ཅུང་བཟང་། སྲིད་གཞུང་ལ་དངོས་གནས་བཀའ་དྲིན་ཆེ་ཞུ།

ཉེ་བའི་ལོ་འགའི་རིང་ལ།འཛད་སྤྱོད་པའི་ཁེ་དབང་དང་ཚོང་རའི་འཛད་སྤྱོད་ཐད་གནས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་ཏེ།ཕྱོགས་མང་པོ་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་བས།ཚོང་ལས་རྣམ་པ་གསར་སྐྲུན་སོགས་ཀྱི་ཕྱོགས་བསྡུས་ནུས་པ་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཡོད།ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཚོང་ལས་ལ་ཤུགས་རྐྱེན་ཅུང་ཙམ་ཐེབས་ཡོད་རུང་།ལས་ཐོན་སླར་གསོའི་བྱ་བ་མགོ་བརྩམས་པ་ནས་བཟུང་།གསེར་ཆབ་བོད་མིའི་ཁྲོམ་གྱིས་ཀྱང་དུག་སེལ་སོགས་ཀྱི་བྱ་བ་ཞིབ་ཚགས་སྒོས་སྤེལ་ཏེ།ཁྲོམ་རའི་བདེ་ཐང་གཙིགས་སུ་བཟུང་ནས་ཡང་བསྐྱར་ཚོང་སྒོ་ཕྱེ་བས།ད་ལྟ་ཚོང་རའི་ཁ་ཕྱོགས་རྒྱུན་ལྡན་ཅན་དང་སྔར་ལས་ཇེ་བཟང་དུ་འགྱུར་བཞིན་ཡོད།

གསར་འགོད་པ། ཤ་བོ་རིན་མཚོ། དཔའ་བརྟན་རྒྱལ།

རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།